User:ངག་དབང་བསོད་ནམས།/འཐོར་ལ་ཉེ་བའི་འཇིག་རྟེན།

ཡོང་ཁུངས་Wikipedia

རྩོམ་ཡིག་གི་ཁུལ།

འཐོར་ལ་ཉེ་བའི་འཇིག་རྟེན།
སྐྱོ་བྲག་དགའ་དབང་།

ཆེས་མཛའ་བའི་གྲོགས་པོ་དཔའ་བརྟན་ལགས།དེང་སྐབས་ཁྱོད་རང་ཡོད་སའི་ས་གནས་ལ་གཞིག་པ་ཡིན་ན་མཚམས་མཚམས་ཛ་དྲག་པོའི་ལས་ཀ་ཁ་ཤས་ཙམ་ལས་རྒྱུན་ཆགས་པའི་ལས་ཀ་ཞིག་ནི་མེད་ལ།ཉེར་མཁོའི་མཐུན་

རྐྱེན་ནི་ཡག་ཐག་ཆོད་བྱས་ཏེ་བཞུགས་ཡོད་ལས་ཆེ་སྙམ་ནས་དོན་དག་ཡོད་ལ་མེད་ཀྱི་འཕྲིན་ཡིག་འདི་བསྐུར་འདོད་བྱུང་།གྲོགས་པོ་ལགས།ང་ཚོའི་རིག་གཞུང་རྣམས་སུ་ཆོས་ཐམས་ཅད་མེད་བཞིན་སྣང་བའི་རྫུན་སྣང་ཙམ་ལས་
བདེན་པ་བ་ཞིག་མེད་པར་བཤད་ལ།བཤད་པ་བཞིན་དོན་ལའང་གནས་པར་འཁུམས་ཏེ།ད་ལྟ་ང་ཚོ་རྒྱུ་སྐར་ཁྱིམ་རྒྱུད་ཀྱི་འཁོར་སྐར་ཞིག་གི་ཐོག་ཏུ་གནས་ཤིང་།འཁོར་སྐར་འདི་ནི་ལྒང་ཕུག་མཁའ་དབྱིངས་སུ་ལྡིང་བ་ལྟར་འཁོར་
བཞིན་རྒྱུ་བ་ལས་རྟེན་གཞི་མེད་པའི་ཕྱིར་ན།རི་གླིང་འཇིག་རྟེན་གྱི་བཀོད་པ་རྒྱ་ཆེ་ལ་ངོ་མཚར་བར་བཤད་པ་རྣམས་ཕྱོགས་སྟོར་བའི་མགྲོན་པོ་བཞིན་གྱུར་ཏེ་འདི་ཡིན་གྱི་ངོས་འཛིན་བྱ་ས་གང་ཡང་མེད་པ་མ་ཚད།སྟེང་འོག་ཕྱོགས་
མཚམས་ཀྱི་གཏད་སོ་དག་ཀྱང་ཞིག་ནས་ང་ཚོས་འགངས་ཆེན་དུ་བྱེད་པའི་བདེ་བ་ཅན་ལ་ཡང་ཁ་ཕྱོགས་གང་དུ་བསྐོར་ནས་སྨོན་འདུན་བྱེད་དགོས་པ་ཡིན་མི་ཤེས་པའི་གནས་སུ་གྱར་ཡོད།ང་ཚོས་བལྟས་ཚོད་ལ་འཁོར་སྐར་
འདི་སྲ་ཞིང་མཁྲེགས་པའི་རང་བཞིན་དུ་སྣང་ནའང་དོན་དུ་ཞིག་ཆོག་ཆོག་དང་འཐོར་ཆོག་ཆོག་ལས་མེད་པའི་ཕྱིར་ན་ས་ཡོམ་དང་ཆུ་ལོག་གིས་མཚོན་པའི་གོད་ཆག་མང་པོ་ཞིག་འཕྲད་ཀྱིན་ཡོད་ལ།ས་གཤིས་རིག་པ་བ་རྣམས་ཀྱིས་
ཀྱང་མ་བརྟགས་གཅིག་པུར་ཉམས་དགའ་བ་ཙམ་ལས་བརྟགས་ཤིང་དཔྱད་ན་ཕྱོགས་ག་བ་ནས་ག་དུས་འཐོར་ཡོང་སྙམ་པའི་དངངས་སྐྲག་གིས་སྡོད་བློ་བདེ་བ་ཞིག་མེད་པར་བཤད།སྤྱིར་སེམས་ཅན་གྱི་རིགས་རྣམས་འཕེལ་དྲགས་
ནའང་འཐོར་ཉེན་ཡོད་ཅིང་ལྷག་པར་འགྲོ་བ་མིའི་སྐྱེ་འཕེལ་ཐལ་དྲགས་པ་འདིས་རི་གླིང་རྒྱ་མཚོར་བཅས་པའི་ཁོར་ཡུག་འདི་ཉིད་ཡོད་མེད་གང་དུ་སྐྱེལ་ཆ་མི་འཚལ་བ་ཡིན་ཅིང་།འཇིག་རྟེན་འདིའི་རང་བྱུང་མིན་པའི་དངོས་པོ་
འཕྲུལ་ཆས་སོགས་གསར་བཟོའི་ངོ་མཚར་དུ་བསྙད་པ་མཐའ་དག་མིའི་འགྲོ་བས་བཟོ་བསྐྲུན་བྱས་པ་ཞིག་ཡིན་ཕྱིར་མི་ནི་རིག་པ་ཆེས་གྲུང་པའི་མཐོ་རིམ་སྲོག་ཆགས་སུ་བརྩི་བཞིན་ཡོད་ནའང་།མི་རྣམས་ཚུར་རོལ་མཐོང་བའི་གང་
ཟག་ལས་འདས་འོངས་ཤེས་པའི་མཁྱེན་ཅན་ཞིག་མིན་པ་དང་།འདོད་ཡོན་གྱི་སྣང་བ་ལ་ཤིན་ཏུ་ཞེན་པའི་འདོད་ཁམས་པ་ཡིན་སྟབས་འདོད་པ་ལ་ཚོད་འཛིན་མ་ཐུབ་པར་ས་བཅུད་དུ་གྱུར་པའི་གཏེར་ཁ་ཡོངས་རྫོགས་སྔོགས་འདོན་
བྱས་ཤིང་།སྐྱེ་དངོས་ཕལ་ཆེ་བ་རྩ་གཏོར་དུ་བཏང་ནས་ཉེར་མཁོའི་ཅ་དངོས་བཟོ་བསྐྲུན་བྱ་བར་བསྙད་པའི་བཟོ་གྲྭས་རི་ཐང་རྒྱ་མཚོར་བཅས་པ་ཁྱབ་པའི་དུ་རླངས་དང་ཚ་དྲོད།སྐྱེལ་འདྲེན་གྱི་ཆ་རྐྱེན་ཡག་ཤོས་སུ་མཐོང་བའི་རླངས་
འཁོར་དང་མེ་འཁོར་སོགས་འཕྲུལ་ཆས་ཀྱི་རིགས་རྣམས་མང་དྲགས་པའི་དུ་རླངས་དང་ཚ་དྲོད་སོགས་ཀྱིས་འཁོར་སྐར་འདིའི་ཕྱི་ལོགས་ནས་བཏུམ་པའི་རླུང་ཁམས་ཆེན་པོའི་ཆགས་རིམ་དང་བཅས་པར་འགྱུར་བ་ཐེབས་ཏེ་སྔར་གྱི་ལོ་
ངོ་ཁྲི་སྟོང་མང་པོར་བྱུང་མྱོང་མེད་པའི་གནམ་གཤིས་ཀྱི་ཚ་དྲོད་ཆེ་རུ་སོང་བ་དེས་ལྷོ་བྱང་གི་གླིང་སྣེ་གཉིས་ཀྱི་འཁྱག་ཀླུང་དང་ས་མཐོའི་སྲིད་པའི་གངས་རྒན་རྣམས་ཞུ་ཚད་ཧ་ཅང་མྱུར་བའི་ཆུ་རུད་དང་མཚོ་ཡོམ་གྱིས་སྐྱེ་བོ་ས་ཡ་
མང་པོའི་ཚེ་སྲོག་རྒྱུ་ནོར་ས་ཞིང་རྣམས་ཁྱུར་མིད་བྱས་ཤིང་།འཛམ་གླིང་ཤར་ནུབ་ཀྱི་ས་ཆ་གང་ས་ནས་མེ་རང་འབར་གྱིས་རི་ལུང་མང་པོ་ཞིག་འཚིགས་ནས་སྲོག་ཆགས་དང་རྩི་ཤིང་བགྲང་བ་ལས་འདས་པ་ཞིག་མི་མངོན་པའི་
དབྱིངས་སུ་བཏངས་ཡོད།ད་དུང་འདི་བཞིན་ཚ་དྲོད་རིམ་འཕེལ་དུ་སོང་ན་མ་འོངས་ལོ་འགའི་ནང་མཐའི་རྒྱ་མཚོའི་ཉེ་འཁྲིས་ཀྱི་རྒྱལ་ཁབ་དང་གྲོང་ཁྱེར་ཆེ་ཆུང་རྣམས་མཚོ་འོག་ཏུ་སོང་ནས་ཆུ་གནས་ཀྱི་སྲོག་ཆགས་འདྲ་མིན་
མང་པོ་བག་ཡངས་སུ་རྒྱུ་བའི་གླིང་ཁར་འགྱུར་བ་དང་།གནམ་གཤིས་འགྱུར་བ་ཐེབས་པའི་ཤུགས་རྐྱེན་ལ་བརྟེན་ནས་ཆར་ཆུ་མི་སྙོམས་པ་དང་རི་རྩེའི་ཁ་བ་རྣམས་ཞུ་བས་ཆུ་ཀླུང་དང་ཆུ་ཕྲན་དག་གི་འབབས་རྒྱུན་ཆད་དེ་འཐུང་
ཆུ་སོགས་ཀྱི་དཀའ་ངལ་རྒྱ་ཆེན་འཕྲད་པས་ཡུལ་གྲུ་དང་རྒྱལ་ཁབ་ཕན་ཚུན་བར་ཆེ་ཆུང་མ་ངེས་པའི་འཁྲུགས་རྩོད་ནར་མར་འབྱུང་བ་དང་།བོད་མཐོ་སྒང་གི་ས་ཞབས་སུ་ཆགས་པའི་ཆབ་རོམ་རྣམས་ཀྱང་ཞུ་ནས་ང་ཚོའི་འཚོ་
གནས་ཀྱི་གཞི་རྩར་གྱུར་པའི་ས་ཆ།ཡུལ་བཀོད་ཧ་ཅང་མཛེས་ཤིང་བལྟ་ན་སྡུག་པའི་རི་ལུང་དེ་དག་འཁོར་རྡིབ་ཀྱིས་འགུལ་ཤུགས་ཆེས་ཆེ་བའི་ས་ཡོམ་ཇི་བཞིན་གནམ་ས་བླ་འོག་བསྒྱུར་བའི་གོ་ཆག་འབྱུང་ཉེར་ཡོད་པའི་འཇིགས་སྣང་
གིས་ཕྱི་ལོགས་ཀྱི་གང་ཟག་མཐོ་དམན་མང་པོས་ཆོ་ངེ་འདེབས་ཀྱི་ཡོད་ནའང་ང་ཚོར་བརྟག་ཞིབ་བྱེད་མཁན་གྱི་ཤེས་ལྡན་མི་སྣ་གཅིག་ཀྱང་མེད་པས་ཅི་ཡང་མ་ཤེས་ནས་རྨོངས་ཁམས་ཆེན་པོའི་མུན་པར་བདེ་བོ་ཡིན་ཁུལ་གྱིས་ཉལ་ཡོད།གལ་ཏེ་འཁོར་སྐར་འདི་ཉིད་ལ་འཚོ་གནས་བྱས་པའི་གཞུང་དམངས་ཡོངས་རྫོགས་ཀྱི་ནུས་
ཤུགས་གོང་བུ་གཅིག་ཏུ་བསྒྲིལ་ནས་ལེགས་སྤེལ་ཉེས་འགོག་བྱས་ན་ད་ལྟར་ལེགས་བཅོས་གཏན་ནས་བྱར་མེད་པའི་གནས་བབས་སྐྱོ་ཤོས་སུ་བསླེབས་མེད་ཕྱིར་ད་དུང་སྣོད་བཅུད་གཉི་ག་གསོན་རེ་ཡོད་པ་ཞིག་ཡིན།གྲོགས་པོ་
ལགས།འདི་དག་ལས་ཀྱང་འཇིག་ཉེན་ཆེ་བ་གཞན་ཞིག་ཡོད་པ་ནི་རྡུལ་ཕྲན་མཚོན་ཆ་སྟེ།འདིའི་རིགས་ཁ་ཤས་ནི་མེའི་ཚ་ངད་ཀྱི་ནུས་པ་སྟེ་ཚ་ཤེད་ཆེ་ཐག་ཆོད་དེ་དངོས་སུ་ཐུག་མ་དགོས་པར་འོད་ཙམ་ཕོག་ནའང་སྐྱེ་དངོས་
རྣམས་ཐལ་བར་སྒྱུར་བ་དང་།ཁ་ཤས་ནི་མཁའ་དབུགས་འབུད་འཐེན་བྱེད་པའི་ནུས་པ་སྟེ་གང་དུ་བརྒྱབས་པའི་ཁོར་ཡུག་གི་མཁའ་དབུགས་ཡོངས་རྫོགས་འབུད་འཐེན་བྱས་པས་དབྱུང་རྔུབ་བྱ་བའི་མཁའ་རླུང་མེད་པར་གྱུར་ནས་
སེམས་ཅན་རྣམས་སྤྱོད་ལམ་གང་དུ་ཡོད་པ་དེ་གར་ཤི་བ་དང་།ཁ་ཤས་ནི་དུག་རླངས་ཀྱི་ནུས་པ་སྟེ་གང་དུ་འཐོར་གས་བྱུང་བའི་རླུང་ལམ་བརྒྱུད་དུག་རྫས་ཁྱབ་བརྡལ་དུ་ཕྱིན་པ་ཕོག་ཚད་ཀྱི་སེམས་ཅན་དག་གི་དོན་སྣོད་ཁ་ནས་
སྐྱུག་པ་དང་ཤུན་པགས་རུལ་བྱང་དུ་འགྱུར་བ་སོགས་ཐོས་པ་ཙམ་ནའང་རང་ཉིད་གསོན་པོ་ཡིན་པའི་ཚོར་སྣང་ཆེར་མི་འབྱུང་བའི་མཚོན་ཆའི་རིགས་ཤིག་ཡིན།སྔར་འཛམ་གླིང་འཁྲུགས་ཆེན་གཉིས་པའི་སྐབས་ཨ་མི་རི་ཀས་
ཉི་ཧོང་གི་ཐོག་དམག་འཁྲུགས་ལ་ཁ་གཡར་ནས་ཚོད་ལྟའི་ཆེད་གཡུག་པ་ན་དུས་ཚོད་སྐར་ཆ་ཁ་ཤས་ཤིག་གི་ནང་སྐྱེ་བོ་ས་ཡ་མང་པོའི་རུས་བུ་ཐལ་བར་བྱས་ཏེ་བར་དོའི་རྣམ་ཤེས་ཀྱི་གྲོང་ཁྱེར་འཇིགས་ཤིང་སྐྱི་གཡའ་བར་བསྒྱུར་
བ་མཐོང་ཐོས་བྱུང་བའི་འཛམ་གླིང་གི་སྐྱེ་བོ་རྣམས་ཧ་ལས་ཧོན་འཐོར་ཏེ།རྒྱལ་ཁབ་ཕལ་ཆེ་བས་ཚ་ཚ་འུར་འུར་ངང་དཔལ་འབྱོར་དང་ཤེས་ཡོན་མཐའ་དག་མཚོན་ཆ་གོང་འཕེལ་གྱི་ཆེད་དུ་ཁ་ཕྱོགས་བསྒྱུར་བས་བསམ་ཡུལ་
ལས་འདས་པའི་ཡར་རྒྱས་ཕྱིན་ཏེ་དེང་སྐབས་ནི་ནུས་ཤུགས་དང་འཕེན་ཆས་སོགས་གང་ཅིའི་ཐད་ནས་སྔར་གྱི་དེ་ལས་ཀྱང་ལྡབ་ཁྲི་འབུམ་མང་པོའི་འགྱུར་བ་ཐེབས་པས་དུས་ཡུན་ཐུང་ངུའི་ནང་འཁོར་སྐར་འདི་ཉིད་རྡུལ་ཕྲན་
སིལ་བུའི་ངོ་བོར་སྒྱུར་བ་ལ་དཀའ་ཚེགས་གང་ཡང་མེད།མཚོན་ཆ་གོང་འཕེལ་ལ་ངོ་རྒོལ་བྱེད་པའི་གང་ཟག་དག་གིས་འཁོར་སྐར་འདི་ཉིད་ཐེངས་བརྒྱ་ཐམ་པར་དམིགས་མེད་དུ་གཏོར་བཅོམ་བྱེད་པར་བེད་སྤྱོད་བཏང་ནའང་ད་
ཡོད་ཀྱི་མཚོན་ཆའི་བཞི་ཆ་གཅིག་ཀྱང་མི་རྫོགས་པའི་གྲངས་ཚད་ཡོད་པར་བཤད་པ་འདི་དག་ཁྲིམས་མཐུན་གྱི་བདག་ཉར་ཡག་པོ་མ་ཐུབ་པར་རང་སྣང་གང་ཤར་གྱི་དྲག་སྤྱོད་ལ་བརྟེན་ནས་འཛམ་གླིང་སྤྱི་ཡོངས་ལ་དཀའ་ངལ་
སྤྲོད་ཀྱིན་པའི་འཇིགས་སྐུལ་རིང་ལུགས་པ་ཚོའི་ལག་པར་ཐེབས་ན་དགྲ་གྲོགས་གང་ཡིན་གྱི་སྐད་ཆ་མེད་པར་ང་ཚོ་ཚང་མ་གཤིན་རྗེའི་གྲོང་ཁྱེར་དུ་མཉམ་པོར་བསླེབས་པའི་གོ་སྐབས་ཤིག་ཤར་ངེས་པ་ཡིན།གྲོགས་པོ་ལགས།སྤྱིར་
བཏང་མིའི་འབྱུང་ཕུང་འདི་ཕྱིའི་དངོས་པོ་ལས་ཀྱང་འཐོར་ཞིག་ཏུ་འགྲོ་ལས་སླ་བ་ཞིག་ཡིན་པ་སྨོས་མ་དགོས་ཤིང་།ལྷག་པར་འཚོ་འཆི་ཞེས་བྱ་བ་ནི་དབུགས་ངར་ངར་པོ་འདི་ཉིད་གཏོང་ལེན་ཡོད་མེད་ཙམ་ཡིན་པ་མ་ཚད་འདི་
འདྲའི་དུས་ཚོད་གཉན་འཕྲང་ལ་བསླེབས་པ་ཤེས་བཞིན་དུ།ངས་ནི་བསྟན་དོན་གྱི་འཆད་ཁྲིད་ཡིན་ཁུལ་གྱིས་ཤར་ནུབ་ཀྱི་གླིང་ཆེན་དག་ཏུ་རྒྱུ་ནས་སྐད་རང་བརྒྱབས།ཁྱོད་ཀྱིས་ནི་བསྟན་དོན་གྱི་རྟེན་བཞེངས་ཡིན་ཁུལ་གྱིས་རྒྱལ་
ཁབ་ཕྱི་ནང་མང་པོར་རྒྱུགས་ཏེ་དེབ་འདྲ་དཔར་ནས་བཞུགས་བསྡད་པ་ལ་ཆོ་ཅི་འདུག་གམ།དེ་ལས་མི་ཚེའི་ལྷག་མ་ཇི་ཡོད་འདི་ཆུད་ཟོས་སུ་མ་བཏང་བར་འཁྲུལ་གྲོལ་གྱི་འགག་རྩ་ཡིན་པའི་རང་གི་སེམས་ཉིད་ཀྱི་ངོ་བོ་ཕུ་ཐག་
གཅོད་པའི་ཐབས་ལམ་བླ་ན་མེད་པ་སྒྲུབ་བརྒྱུད་སྙིང་པོའི་གདམས་པ་རྣམས་ལ་ཅི་ནུས་ཀྱི་འབྲེལ་འཇོག་རེ་བྱས་ན་མི་བཟང་ངམ།གང་ཡིན་ཞེ་ན།ཕྱི་ལོགས་ཀྱི་དགེ་བར་ཇི་ལྟར་འབད་ཁུལ་བགྱིས་ནའང་འཕྲལ་སྣང་གི་བདེ་བ་
ཙམ་ལས་གཏན་གྱི་བདེ་ཆེན་འཐོབ་པའི་རེ་བ་མེད་ཅིང་།ནང་སེམས་ལ་གནད་དུ་བསྣུན་ན་རིང་པོར་མི་ཐོགས་པར་ཤིན་སྦྱང་གི་ཞི་བདེའི་ཁང་བཟང་ག་ལ་བ་དེར་ལུས་སེམས་ཁོར་མོ་ཡུག་ཏུ་གནས་ཏེ་ཕྱི་ནང་གི་དངོས་པོ་
མཐའ་དག་མེད་བཞིན་སྣང་བ་རྨི་ལམ་ལྟ་བུར་མཐོང་བས་གང་ལའང་ཆགས་ཞེན་མེད་པར།བྱ་བར་སྣང་དུ་རྒྱུ་བ་ལྟ་བུའི་བག་ཡངས་དང་རང་དབང་གི་སྤྱོད་པས་རང་གཞན་དང་འཕྲལ་ཕུག་གི་བདེ་དོན་གང་རེ་ཡིན་ནའང་
ལས་སླ་བོས་འགྲུབ་ཐུབ་ཀྱི་ཡོད་དོ།།སྨྲས་པ། རྣམ་ཤེས་བུ་ཆུང་འཁོར་བར་འཁྱམས་པ་ན།། མི་ལུས་རིན་ཆེན་ལན་ཅིག་ཐོབ་པ་འདི།། འདོད་ཡོན་སྒྱུ་མར་ཞེན་པའི་ཨ་འཐས་ཀྱིས།། སྟོང་ཟད་སོང་བ་སྐྱོ་བའི་གནས་མིན་ནམ།།