Jump to content

User:གངས་རི་ཕོ་རྒོད།

ཡོང་ཁུངས་Wikipedia

གྱེན་ལོག་ལ་རྒྱལ་ཁ་ཐོབ་པ་ཐེངས་གསུམ་པ།

དང་པོ། བཙན་པོའི་རྒྱལ་ཁབ་ཀྱིས་འཛམ་གླིང་གསུམ་ཆ་གཉིས་ཙམ་དབང་དུ་སྒྱུར་མྱོང་བའི་དཔའ་བོའི་ལོ་རྒྱུས་རྣམས་རྒྱ་བོད་གཉིས་ཀྱི་ཡིག་ཚང་ན། དུས་ད་ལྟ་ཡང་གསལ་ལྷང་མེ་བཞུགས་ཡོད། ཆབ་དཔལ་རིག་གསུམ་གང་གི་ཐོག་ནས་ཡུལ་ལུང་གཞན་ལ་ངོ་སྐྱེངས་མི་དགོས་པ་ཞིག་ཡོད་པ་ནི། ཆོས་རྒྱལ་མེ་དབོན་རྣམས་ཀྱིས་བཞག་པའི་གསེར་ལྷམ་གྱི་ཞབས་རྗེས་ངོ་མ་དེ་ཡིན། སྟོབས་འབྱོར་རྒྱས་པའི་བྷོ་ཊའི་རྒྱལ་ཁབ་དེ་ད་ལྟར་གཞན་ལག་ཏུ་ཤོར་ནས་ང་ཚོ་སྤྲང་ཕྲུག་བཞིན་དུ་མི་ཡུལ་དུ་ཇི་ལྟར་གྱར་དགོས་བྱུང་བ་རེད་ཅེས་འདྲི་ན། ངོ་ཚ་དགོས་པའི་ལན་འདེབས་ཤིག་ལས་གང་ཡང་མེད། བཙན་པོ་རྒྱལ་ཁབ་འདི་ཕྱི་དགྲ་བོས་བཅོམ་ཐུབ་མེད་ཀྱང་། ནང་གྱེན་ལོག་གི་ལམ་ལོག་ཏུ་ཤོར་ཏེ་རང་སྲོག་རང་གིས་བཅད་ཡོད། བཙན་པོ་དར་མས་སྲིད་དབང་ལམ་ལུགས་བཅོས་སྒྱུར་ལ་ཆོས་དད་པ་ཚོས་གྱེན་ལོག་བྱས། ལྷ་ལུང་དཔལ་རྡོར་གྱིས་དགེ་འདུན་པའི་ལྟོ་གོས་ཀྱི་ཆེད་དུ་ལྐོག་མདའ་བརྒྱབས་ཏེ་རྒྱལ་པོ་བཀྲོངས་པའི་རྒྱལ་ཁ་དེ་ཐོབ་པ་བསམ་ཡོད་ཀྱང་། བོད་ཁམས་འདི་ལོ་ངོ་བཞི་བརྒྱ་ལྷག་སིལ་བུ་འཐོར་བའི་ཕམ་ཁ་ཡི་འགོ་བཙུགས་སོང་བ་རེད། མཐའ་མ་བཙན་པོའི་རྒྱལ་ཁབ་ཀྱི་ས་དབང་ཡོངས་རྫོགས་སོག་པོའི་ལག་ནས་དབང་ཡོན་གྱི་ཚུལ་དུ་བཞེས་དགོས་ཁེལ་བ་ནི་ཅི་འདྲ་ངོ་ཚ་དགོས་པའི་གཏམ་རྒྱུད་ཅིག་མ་རེད་དམ།

གཉིས་པ། དེ་ནས་ས་སྐྱ་ཚང་། ཕག་གྲུ། རི་སྤུངས། སྡེ་སྲིད། དགེ་ལུགས་དེ་དག་གིས་ཆབ་སྲིད་བསྐྱངས་ཚུལ་ལ་གཅིག་གཟིགས་དང་། ནང་དམེ་དང་། གྱེན་ལོག ཁྱི་སྤྱང་ལག་སྦྲེལ་གྱི་ལོ་རྒྱུས་རྣ་བར་མི་ཤོང་བ་མང་དུ་ཡོད། སྟག་བྲག་གིས་རང་ཉིད་རྐུབ་སྟེགས་ཀྱི་ཆེད་དུ་དགེ་ཕྲུག་བཀྲོངས་ཏེ་རྒྱལ་ཁ་ཐོབ་པར་རློམས་ཡོད་ཀྱང་། བོད་ཁམས་ཡོངས་རྫོགས་རྒྱ་ལག་ཏུ་ཤོར་བའི་ཕམ་ཁ་ཡི་འགོ་བཙུགས་ཡོད། མདོར་ན་ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་བཀྲོངས་ཏེ་བོད་དེ་སིལ་བུ་འཐོར། སྟག་བྲག་གིས་དགེ་ཕྲུག་བཀྲོངས་ཏེ་མཐའ་མར་བོད་དེ་རང་བཙན་ཤོར། མིག་རྒྱང་ཐུང་བའི་གྱེན་ལོག་ལ་རྒྱལ་ཁ་ཐོབ་པ་ནི་མི་རིགས་དང་རྒྱལ་ཁབ་དེའི་ཕམ་ཁ་ཡི་གཞི་མ་ཡིན། གྱེན་ལོག་ལ་རྒྱལ་ཁ་ཐོབ་རྒྱུ་མང་དྲག་པས་ང་ཚོ་བཙན་བྱོལ་བ་ཆགས་པ་རེེད།

གསུམ་པ། བཙན་བྱོལ་དུ་གྱར་ཡང་༧སྐྱབས་མགོན་དོན་གྱི་བདག་པོས་སྲིད་དབང་ལམ་ལུགས་བཅོས་བསྒྱུར་གནང་སྟེ། མང་གཙོ་ཡང་དག་པའི་ལམ་དུ་བྱིས་པ་ལག་སྦྲེལ་ལྟར་བུ་ཁྲིད་ནས་འཛམ་གླིང་ན་དམིགས་དཔེ་གསར་པ་ཞིག་སྟོན་ཡོད། མང་མོས་ཀྱིས་བདམས་པའི་སྲིད་སྐྱོང་བློ་བཟང་སེངྒེ་ལ་༧རྒྱལ་བ་རིན་པོ་ཆེས་ཆེ་བསྟོད་དང་། མཐུན་ཕྱོགས་རྒྱལ་ཁབ་ཚོས་ཆེ་མཐོང་། གཞིས་བཞུགས་སྤུན་ཟླ་ཚོས་བསྟོད་གཞས་སྣ་མང་ཕུལ་ཡོད། སྲིད་སྐྱོངམཆོག་ས་ཕྱོགས་གང་དུ་ཕེབས་ཀྱང་མང་ཚོགས་ཀྱིས་དགའ་གུས་ཡི་རམས་ཀྱི་སྣེ་ལེན་ཟབ་རྒྱས་གནང་ཡོད། སྙན་གྲགས་ཆེ་བའི་གསར་ཁང་དང་། ཆེ་མཐོང་ལྡན་པའི་གྲོས་རྭ་མང་པོ་ནང་མཉམ་བཞུགས་གནང་སྟེ། བོད་དོན་གྱི་གཏམ་གླེང་གང་སར་སྤེལ་ཡོད། འོན་ཀྱང་སྲིད་སྐྱོང་འོས་བསྡུ་གཉིས་པའི་སྐབས་ནས་བཟུང་སྟེ་སླར་ཡང་ལྷ་ལུང་དཔལ་རྡོར་དང་སྟག་བྲག་གཉིས་དྲན་དགོས་པ་ཞིག་སྤེན་པ་ཚེ་རིང་དང་དར་ནག་གྱེན་ལོག་ཚོགས་པས་བཟོས་སོང་། སྤེན་པ་ཚེ་རིང་མི་སྒེར་གཅིག་དཀར་དོད་ཡོང་བའི་ཕྱིར་༧སྐྱབས་མགོན་རིན་པོ་ཆེས་གནང་བའི་མང་གཙོ་ལམ་ལུགས་དེ་བེད་སྤྱོད་ལོག་པར་བཏང་སོང་། བོད་རྒྱལ་པོ་རིང་ལུགས་ཀྱི་སྲིད་དབང་རྩིས་སྤྲོད་གནང་ས་དང་། མང་མོས་ཀྱིས་སྐུ་དབང་ཕུལ་ས་བཀའ་ཤག་དེ་ཁྲིམས་ཁང་ལ་སྐྱེལ་སོང་། ཀ་བ་གསུམ་གྱི་བར་ན་ནང་འཁྲུགས་ཆེན་པོ་སླངས་ཏེ་མང་གཙོ་སྒྲིག་འཛུགས་འདི་གཏོར་རྒྱུ་གྲ་སྒྲིག་ཨང་གསར་བྱས་སོང་། འདི་འདྲ་ཞིག་དགྲ་བོ་རྒྱ་གཞུང་གིས་བྱས་ཐུབ་མེད་ལ་བསྟན་དགྲ་ཤུགས་ལྡན་ཚོགས་པས་ཀྱང་བྱས་ཐུབ་མེད། འོན་ཀྱང་སྲིད་སྐྱོང་བློ་བཟང་སེང་གེ་ནི་ཁོག་རྒྱ་ཆེ་བའི་སྐྱེ་ཕོ་རབས་དང་། རྣམ་དཔྱོད་ཡངས་པའི་མཁས་འཛམས་གཉིས་ལྡན་ཞིག་ཡིན་སྟབས་མདའ་ཤོང་མདུང་ཤོང་བྱས་ཏེ། ༧རྒྱལ་དབང་མཆོག་གི་མཚན་སྙན་དང་བོད་མི་སྒྲིག་འཛུགས་འདི་ཐོར་ཞིག་མི་འགྲོ་བའི་ཆེད་དུ་ཕམ་ཁ་རང་གིས་འཁུར་སོང་། རྒྱལ་ཁ་སྤེན་ཚེ་དར་ནག་ཚོགས་པ་ལ་སྤྲད་སོང་། འོན་ཀྱང་འདི་མང་གཙོ་ལམ་དུ་རྒྱུ་བའི་མི་རིགས་ཤིག་གི་ཕམ་ཁའི་འགོ་མ་ཡིན་པར་བཤད་མི་དགོས། རྒྱུ་མཚན་འདས་པའི་ལོ་ཤས་ནང་སྤེན་ཚེ་དར་ནག་ཚོགས་པས་གཅིག་སྒྲིལ་གྱི་གོང་བུ་ལ་སྒེར་དོན་གྱི་ཐོ་བ་ཞུས་རྒྱུ་མང་དྲག་པས། ༧གོང་ས་མཆོག་གི་དགོངས་དོན་ལྟར་ཆོལ་གསུམ་གཅིག་སྒྲིལ་གྱིས་ཡང་དག་པའི་མང་གཙོའི་ལམ་དུ་འགྲོ་མི་ཐུབ་པའི་ཁར། དགྲ་བོའི་རྒྱ་གཞུང་གིས་མདེའུ་རྐང་གཅིག་མི་དགོས་པ་བཙན་བྱོལ་སྒྲིག་འཛུགས་འདི་རང་ས་ནས་དམིགས་མེད་དུ་འགྲོ་ངེས་རེད། དེ་དུས་སྤེན་ཚེ་དར་ནག་ཚོགས་པ་ལ་རྒྱལ་ཁ་དང་བོད་མི་མང་ལ་གྱོང་གུད་རེད།

རིག་པའི་རལ་གྲི་མཁའ་ལ་མ་འཕྱར་བར། །

ལྟར་སྣང་བློ་ཡི་མདུད་པ་གྲོལ་ཐབས་དཀའ། །

བདེན་པའི་ཚིག་གི་འབྲུག་སྒྲ་མ་སྒྲོག་པར། །

ཁྱི་སྐད་རྒྱ་བོའི་མུ་ཅོར་ག་ལ་རྫོགས། །