User:ཀ་རིང་དཀོན་ལོ

ཡོང་ཁུངས་Wikipedia
 མན་ཇུ་གོང་མའི་སྟོབས་འབྱོར་ཉམས་རྒུད་དུ་གྱུར་རྗེས་ཀྲུང་གོ་ནང་ལོག་ནས་འོས་ལངས་ཀྱི་བྱ་འགུལ་མང་པོ་བྱུང་། དེ་བཞིན་བོད་ཚོ་ལྔའི་སྐེད་དུའང་མི་མཐུན་མི་འོས་པའི་ནང་འཁྲུག་ཆེ་ཆུང་གི་དོན་རྐྱེན་མང་པོ་བྱུང་ནས་ཡུལ་འདིའི་མི་མངས་སྡུག་ལ་མང་པོ་སྦྱར། ༡༩༡༠ལོར་སྐུ་ཞབས་སོན་ཀྲང་ཧྲན་གྱིས་འགོ་འཛིན་བྱེད་པའི་ཀྲུང་ཧྭ་མིན་གོ་བཙུགས།  མྭ་པུའུ་ཧྥང་ཁྱིམ་རྒྱུད་ཀྱིས་མཚོ་སྔོན་ཞིང་ཁུལ་ལ་དངོས་སུ་དབང་བསྒྱུར་འགོ་བརྩམས། མྭ་ཇག་དཔུང་དམག་གིས་འདྲེ་ལག་རོང་བོ་ཡར་ནང་མར་ནང་ལ་བསྲིང་།  “དེ་དང་མཉམ་དུ་མྭ་ཆིས་དམག་དཔུང་ལས་ཞོན་ཧྭ་བཅའ་སྡོད་རུ་དམག་གིས་ཀ་རིང་བོད་མངས་ཀྱི་དྲག་ཤུགས་ཀྱི་ངོ་རྒོལ་ལ་གཉའ་མནོན་བྱེད་ཆེད། མ་ཆིས་ཀྱིས་ཀན་སུའུ་དཔོན་པོ་ཀྲང་ཀོང་ཅན་ལ་སྙན་ཞུ་བྱེད་དེ་པེ་དབྱང་སྲིད་གཞུང་གིས་དམག་དཔུང་མངགས་ཏེ་ཀ་རིང་བོད་རིགས་ཀྱི་དྲག་པའི་ངོ་རྒོལ་ལ་གཉའ་མནོན་བྱེད་རྒྱུ་མཆོག་མཆན་ཐོབ་ནས་དམག་དྲངས།”  ༡༩༡༣ལོའི་དགུན་ཁར་མ་ཇག་གི་དམག་དཔུང་ཁྲིག་ཚིག་ཤར་སྣ་དང་། བོན་ཚང་མ་དང་བིས་ཐང་ཕྱོགས་གསུམ་གྱི་དམག་སྒར་བཏབ། ཀ་རིང་ལ་འགོ་འདོགས་དགོས་པའི་ཐ་ཚིག་བསྒྲགས།  ས་ཀ་རིང་ཆགས་ནས་བཟུང་རྒྱ་དམག་ཞིག་གིས་བརྒྱབ་མ་མྱོང་། རྒྱག་རྒྱུ་ཟེར་ན་དགོད་བྲོ་ནི་ཅིག་འདུག་ཟེར་ནས་རང་རློམ་དང་བྱིས་བློའི་ང་རྒྱལ་བཅངས་ནས་འགོ་བོ་མ་བཏགས།  “སྔོན་ན་མོ་ནས་ཀུག་ཨ་དཔོན་གྱིས་བྱང་གི་དགོན་ཆེན་བཞི་བོ་རྒྱག་དུས་ང་ཀ་རིང་རྒྱག་མ་ཐུབ། ད་ཧྥུའུ་ཡེ་ཁྱོད་འདྲ་འདྲའི་ཞིག་གིས་ཀ་རིང་རྒྱག་རྒྱུ་ཟེར་ན་དགོད་བྲོ་བོ་འདུག ལུང་ཁོག་གི་ཁྱིམ་ཚང་གཉུག་ན་མི་ཆོག་སྲོག་དམར་རོ་མིན་ནས་མི་དགོ་ཟེར་ནས་ཁྱིམ་ཚང་གི་རྒྱུ་ནོར་མ་སྤས་པར་ཁྱིམ་ནས་བསྐྱུར། མ་ཅི་ཀ་ལོ་དང་ཐོན་ཞོན་ ངོ་དམར་ཟེར་ནས་དམག་དཔོན་བོད་ལ་འཐུག་ན་ངན་པ་གཉིས་ཡོད་ཟེར། ཐོན་ཞོན་ངོ་དམར་དེ་བད་མ་བཀའ་ཐང་ཡང་བློ་ལ་ཆུད་པ་ཞིག་ཡིན་འདུག རྗེས་ནས་བླ་བྲང་ཕྱོགས་ན་གླ་བྱེད་ནས་བསྡད་འདུག་ཟེར།” ཤིང་ཕོ་སྟག་གི་ལོའི་(སྤྱི་ལོ༡༩༡༤)རྒྱ་ལོ་ཚེས་པ་དྲུག་གི་ཉིན་ཕྱོགས་གསུམ་གྱི་དམག་ཐོན་ནས་འཐབ་འཁྲུག་བརྒྱབ།  ཚེས་ལྔའི་དགོང་མོར་བིས་ཐང་གི་མི་འགའ་ནང་མ་བྱེད་དེ་བ་ལུང་སྡེ་བར་འཇབ་རྒོལ་བྱེད་དེ་ཕོ་གསར་ཚང་མ་བཟུང་།  “བ་ལུང་གི་སྤོ་བོ་ལྷ་འབྲུག་གིས་རྒྱ་དམག་བ་ལོང་ན་ཡོད་པས་དགོང་མོར་ཁ་རོག་གེར་བ་ལོང་སྡེ་བ་མེར་བསྲེགས་ན་དམག་རོགས་སུ་འགྲོ་ཟེར། ཀ་རིང་གིས་ལོ་ལོན་ཚོས་རང་གི་ཡུལ་རང་གིས་མེར་གཏོང་ཉན་རྒྱུ་མ་རེད་ཟེར་ནས་མ་བཏང་།” ཀ་རིང་དམག་མང་གིས་སྟོད་སྨད་ཀྱི་ཕྱོགས་གསུམ་ནས་སོ་བསྐོར་གསུམ་པོས་རང་ཉིད་ཀྱི་འགན་འཁུར་བཞིན་འགོག་སྲུང་བྱོས། སོ་བསྐོར་གཅིག་གིས་གོང་ཀེའུ་ཉག་ག་དང་སྤང་སེར་སྒང་། ཡ་སྐེད་ཉག་ག་དང་ལུ་དབང་ཉག་ག་ནས་འགོག་སྲུང་ནན་མོ་བྱེད། ཡ་སྐེད་ཉག་ག་ནས་ཡ་ཀའི་བོང་ཕྲུག་ཐར་གྱིས་རུ་དཔོན་ཞིག་གི་ཐོད་པ་མེ་མདའ་བརྒྱབ་ནས་མྭ་ཇག་དམག་དཔུང་ཕྱིར་བཟློག  “ང་ཡ་ཀའི་བོང་ཕྲུག་ཐར་འཆུག་རྒྱུ་མེད།”ཞེས་པའི་གཏམ་དཔེ་ཡོད།  སྨད་པའི་ཕྱོགས་གཉིས་ནས་མྭ་ཇག་གི་དམག་དཔུང་མ་ཁོག་པར་ཀ་རིང་སྒར་པའི་ཚོགས་ཆེན་འདུ་ཁང་སོགས་མེར་བསྲེགས། དམག་མངས་ཡོད་ཚད་ནགས་སུ་བྲོས་ནས་བཞའ་།  ཤུལ་དུ་ཁང་ཁྱིམ་འགའ་ལུས་པ་མ་གཏོགས་ལུང་ཁོག་གི་ཁང་ཁྱིམ་ཚང་མ་མེར་བསྲེགས། ལོ་ངོ་སྟོང་ཕྲག་ལྷག་ལ་བྱུང་མ་མྱོང་པའི་འཐབ་འཁྲུག་གི་འཇིག་པ་ཆེན་པོ་ཐོན། མི་མང་པོ་དམར་གསོད་བཏང་། “ལོ་དེར་ཀ་རིང་སྟོད་པ་རུ་བུ་སྟག་ལོ་ཅན་བཅུ་གསུམ་སྐྱེས། དེའི་སྔོན་ལ་ཀ་རིང་བིས་ཐང་འོས་མིན་གྱི་གྱོད་ལ་འཐུག་ནས་ཀ་ཅུ་འབག་ཅི་ཨ་དཔོན་ཚང་གི་བུ་ཆེ་བ་ད་ཧྥུའུ་ཡེ་གཏུག་ནས་གྱོད་ལོ་བ་རུ་བཤད་དུ་ཡོང་། ཀ་རིང་གི་ཁ་མ་ཉན་པར་གཟུ་མ་འགྲིག བོད་ལོ་ནང་དུ་དམག་བོན་ཚང་མ་དང་ཁྲིག་ཙིག བིས་ཐང་གསུམ་ལ་བབས། འགོ་ཐོགས་ཟེར་རུང་ཁར་མ་ཉན། རྒྱ་ལོ་ཚེས་པ་དྲུག་ཉིན་དམག་འཁྲུག་ལངས། བོན་ཚང་མ་དང་ཁྲིག་ཙིག་ཕྱོགས་ཀྱི་ཐོན་པའི་དམག་མ་ཁོག་པར་དགོན་པ་མེར་བསྲེགས། ཚང་མ་ནགས་སུ་བྲོས། ཤུལ་ཏུ་ཁང་བ་ཚང་མ་མེར་བཏང་། དགོན་པའི་འདུ་ཁང་དང་ལྷ་ཁང་དམར་པོ། ཨ་ལགས་འཇིགས་མེད་བསམ་གཏན་གྱི་སྐུ་གདུང་ལྷ་ཁང་སོགས་མེར་བཏང་། དམག་གི་ཕན་ཆད་གྲྭ་བ་དང་ལོ་ལོན་འགའ་ཡང་བསད། ཨ་ལགས་རོང་བོ་ཟེར་པའི་གྲུབ་ཐོབ་པ་དེ་མ་བྲོས་པར་དམག་གིས་མེ་མདས་མ་ཕོག  མེ་མདའ་རྒྱག་མཁན་གྱི་དམག་མི་དེ་ཡ་མཚར་ནས་དད་པ་སྐྱེས། རྒྱ་དམག་དེའི་ཉིན་གང་བོར་ཁོ་སྲུང་ནས་དམག་དགོང་མོ་ལྡོག་རག་ཏུ་བསྡད་པས་སྲོག་ཐར། དེའི་ཨ་ལགས་རོང་བོས་རྗེས་ནས་བཤད་ན་ང་སྐྲག་ན་ད་སྲོག་རེད་མོད་ཅིག་བཞའ་ནི་ཡིན་རྒྱུ་རེད་པ་ཟེར། སྐབས་དེར་ཀ་རིང་གི་དམག་མང་པོར་ཤི། ཡ་ཀའི་བོང་ཕྲུག་ཐར་གྱིས་ཐབས་ལ་བརྟེན་ནས་ནུས་ལོང་ཉག་ག་ནས་མོ་ནུས་ཀུག་ཨ་དཔོན་ཟེར་པའི་རུ་དཔོན་མདའ་རྒྱག་མཁན་དེ་བསད་པས་དམག་ཕྱིར་ལྡོག་བྱེད། རྒྱའི་མྭ་ཇག་ལག་གི་དམག་དུང་ཡང་འཕྲོག དེ་དུས་ངའི་སྤོ་བོ་ཡོད་པས་དེ་ལྟར་བཤད། ཉིན་དཀར་ཁྱིམ་ཚང་རེ་རེའི་རྒྱུ་ནོར་འཁྱེར། དགོང་མོ་དམག་ཕྱིར་ལོག ཡང་ཕྱི་ཉིན་ཕྱིར་ཡོང་ནས་མུ་མཐུད་དུ་འཕྲོག་བཅོམ་བྱེད། དགོན་པ་དང་ཁྱིམ་ཚང་གི་རྒྱུ་ནོར་ཚང་མ་འཕྲོག་ནས་འཁྱེར། དགོན་པའི་ནང་རྟེན་མང་པོ་མེར་བསྲེགས། གྲུབ་དབང་ཚང་གི་སྐུ་གདུང་དང་སྐྱ་མང་སྒར་བའི་ནང་རྟེན་མ་གཏོགས་ཚང་མ་རྐྱེན་ལག་ཏུ་ཤོར། དེའི་རྗེས་ནས་ཞིང་ཁྲལ་བསྡུ། དེ་ནས་ཅུང་མ་འགོར་བར་རྟ་ཁྲལ་དང་དམག་ཁྲལ་བསྡུ། དེ་དུས་འགོ་བ་རྒན་གསུམ་གྱི་ལས་ཀ་གཙོ་བོ་ཁྲལ་བསྡུ་རོགས་བྱེད་རྒྱུ་དེ་ཡིན་པ་འདྲ།”   མི་ཁྲལ། རྟ་ཁྲལ། དམག་ཁྲལ། ཟོག་ཁྲལ་སོགས་འདོད་སྟངས་བཞིན་བཙན་བསྡུ་བྱེད། བུ་མོ་ཡག་མ་སྐྱེས་ན་ཁྱིམ་ནས་སྦས་དགོས་པའི་དུས་ལ་ཐོན། “ཐོག་མར་རྒྱ་ཚྭ་རྡོ་རེ་དང་འབར་ཞུན་སྒམ་བཀང་རེ་བྱིན་ནས་ངོ་ལངས། དེ་ནས་ཅུང་མ་འགོར་བར་རྟ་ཁྲལ་དམག་ཁྲལ་གྱིས་མ་ཐུབ། སྐྱ་མང་གི་ཁྱིམ་ཚང་ཚང་མ་མེད་པོ་གྱུར། དེ་བས་སྐྱ་མང་གི་རྒད་པོ་འགའ་རྒན་གྱའི་ཕར་ཆད་གྱི་ས་ཞོན་མ་ཡོན་ལ་ལྟ་རུ་སོང་། ཞིང་ལས་ཆོག་པས་གནས་དེར་འགྲོ་རྒྱུ་གྲ་སྒྲིག་བྱེད། དེ་ནས་ལོ་ཅུང་མ་འགོར་བར་གོང་མ་འདི་བ་ཚང་ཐོན་ནས་འགྲོ་མ་ཐུབ།” ཡུལ་འདིའི་དཔལ་འབྱོར་སོགས་ལ་གནོད་པ་ཆེན་པོ་ཐེབས་པས་ཕ་ཡུལ་བསྐྱུར་ནས་འཚོ་གནས་ཡུལ་གཞན་ལ་སྤོ་དགོས་པའི་དུས་ཐོན། “གྲོང་ལ་དམག་ཁྲལ་དང་དགོན་པས་རྟ་ཁྲལ་མཇལ་དགོས།” ཀ་མདོ་ཐང་གི་མྭ་པུའུ་ཧྥང་གིས་སྒར་ཁ་ལས་དུས་ཙག་ངྷི་རི་ངོས་ཀྱི་ནགས་བཅད་ནས་ཚར་སོང་། “ཙག་ངྷི་ནགས་དེ་མོ་ཀུག་གི་ཨ་མ་གནས་ཡོང་དུས་ལུག་རྒྱབ་ཡོད་པ་དང་མཚུངས། ཚང་མ་ཡུས་ཏོ་ཡི་དཀར་དཀར་རེད་ཟེར།” གཡེར་ལུས་དང་ཐར་བ་གླིང་ངོས་ཀྱི་ནགས་ཚང་མ་བཅད་ནས་ཡ་རྫིའི་རྒྱ་ཕྱུག་བསྐོར་ཞིག་དང་ལ་མ་ཡིབ་བརྒྱུད་ཀྱི་རྨ་ཆུ་ཟམ་པ་བཟོ་བྱེད་དུ་བཙན་གྱིས་འཁྱེར། རྨོག་རི་ངོས་ཀྱི་ནགས་ཚང་མ་བཅད་ནས་ཚར། “མྭ་པུའུ་ཧྥང་གིས་རྨ་ཆུ་ཟག་བརྒྱག་དུས་ཤིང་སྡོང་ཚང་མ་ཐར་བ་གླིང་གཡས་གཡོན་ནས་འཁྱེར།” དེའི་རྗེས་སུ་མར་ནང་རྡོ་རྗེ་འཆང་འཇིགས་མེད་དམ་ཆོས་རྒྱ་མཚོས་བསླབ་བྱ་དང་ལུང་ཁོག་ཁྱུ་བདག་གི་ནུས་བར་བཅས་ལ་བརྟེན་ནས་སྔར་ལས་རྒྱས་པར་བྱིན། “ཐང་ཕྲུག་གཅིག་བཅད་ན་བན་ཕྲུག་ཞིག་བསད་པའི་ཉེས་པ་ཡོད།”ཞེས་པའི་འཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དེ་ནས་བྱུང་།  རིམ་གྱི་ཞང་ཀྲང་། པོ་ཀྲང་། ཅ་ཀྲང་སོགས་ཀྱི་སྲིད་འཛིན་འགྲོ་ལུགས་བཅོས་ནས་ཁྲལ་སོགས་བསྡུ་བ་མ་གཏོགས་མང་ཚོགས་ལ་ཕན་པའི་ལས་ཅི་ཡང་མ་སྒྲུབ། དེ་བས་ལུང་ཁོག་གི་བྱ་བ་ཆེ་ཆུང་ཅི་ཞིག་ཡིན་རུང་འགོ་བ་དང་ཁྱུ་བདག་ལ་མ་ཐུག་པའི་ལས་ཅི་ཡང་སྒྲུབ་མི་ཐུག  “ལུང་ཁོག་གིས་སེམས་སུ་འགོ་བ་མ་གཏོགས་གཞན་པ་ཁས་ལེན་གྱི་མི་འདུག”   མྭ་ལས་ལག་ཏུ་མྭ་པུའུ་ཧྥང་གིས་དབང་རྩོད་ཀྱི་རྒྱལ་ཁ་བླངས་རྗེས་ཟི་ལིང་ཀྲུའུ་ཞིའི་འགན་དབང་འཁུར། སྡུག་རྩུབ་ཀྱི་དབང་གིས་ཨ་མདོ་བོད་ཁུལ་དུ་བྱུང་མ་མྱོང་པའི་འཇིག་པ་ཆེན་པོ་ཐོན། བོད་མི་མང་པོ་བཙན་གྱིས་ཁ་ཆེ་ཆོས་ལུགས་སུ་བསྒྱུར་པ་མ་ཟད། ཀ་མདོ་དང་བ་ཡན་ཁོག་གི་བོད་མི་མང་པོ་གཞན་ཡུལ་མི་འགྲིམ་ཐབས་མེད་བྱུང་། འཕྲང་ཡར་མར་ལ་བཙན་འཇུལ་གྱི་ལས་སྦྱར། མར་ནང་ཀ་རིང་དང་ལྷ་སྡེ་སྡེ་བ་བཞི་ལ་དམག་གིས་རྒྱབ། རྫོང་བྲན་སྡེ་བ་གཉིས་པོ་རུ་སོང་ནས་ལོ་འགར་ཡུལ་མ་ཡོང་མ་ཐུབ། “སྐབས་དེར་སྤྱི་ཚོགས་མུན་ནག་གི་རུབ་ཅིང་། ཆབ་སྲིད་རྙོག་དྲ་ཆེ་བ། སྲིད་ཁྲིམས་རིམ་པ་དང་ཉེན་རྟོག་སྡེ་ཁག་སོགས་དོན་ངོ་མར་ཁོའི་སྒེར་སྤྱོད་ཀྱི་ལག་ཆ་གྱུར་ཡོད།” དེ་བཞིན་དཔལ་འབྱོར་ཕྱོགས་ཀྱི་འཕྲོག་བཅོམ་ཡང་རྒྱུན་མ་ཆད། “མྭ་ཁྱིམ་རྒྱུད་ཀྱི་དབང་བསྒྱུར་མ་འཇིག་པའི་ཡར་སྔོན་དུ། མི་མངས་ཀྱི་དཔལ་འབྱོར་ལ་འཕྲོག་བཅོམ་དང་། དམག་ཁྲལ་ལས་ཁྲལ་གྱི་ཚད་ཐིག་མི་མངས་ཀྱི་ནུས་པ་ལས་བརྒལ་ཏེ་རྩེར་སོན་ཡོད།” འཇར་འགོག་དམག་འཁྲུག་དང་གོ་གུང་དམག་འཁྲུག་སོགས་ཀྱི་གོ་སྐབས་དང་བསྟུན་ནས་གང་འདོད་དུ་དམག་ཁྲལ་དང་། རྟ་ཁྲལ། མི་ཁྲལ་སོགས་ཇེ་ལྗིད་དུ་བཏང་ནས་བསྡུ། 

མྭ་ཇག་གིས་སྡུག་ལ་ཅི་ལྟར་སྦྱར་རུང་ལུང་ཁོག་འདིའི་ཞུམ་མེད་ཀྱི་དཔའ་བོའི་འདུན་པ་དང་ནང་པའི་རིག་གནས་ལ་དད་པའི་སྤོབས་པ་སུས་ཀྱང་འགོག་མ་ཐུབ། དགོན་པ་ཕྱིར་སླར་བཞེངས་བྱེད། མཚན་སྒྲོགས་ཡབ་སྲས་ཀྱི་སྐུ་གདུང་ལྷ་ཁང་བཞེངས། དགོན་པོའི་གྲྭ་རྒྱུན་བརྒྱ་ལྷག་ལ་བུད། “ང་བན་དེ་བཅའ་དུས་སྒར་ན་བ་ལོང་དགེ་སློང་ཟེར་ནས་ཨ་ཁུ་དགེ་སློང་ཨ་ལགས་འདྲ་ཞིག་བཞུགས།” ངང་རོང་སྐུ་ཕྲེང་གསུམ་པ་བློ་བཟང་ཆོས་གྲགས་མཁན་ཆེན་སྟོད་པ་མ་ཀ་སྡེ་བ་ཆོ་བ་རྒྱ་ཚོ་བའི་ནང་ལ་འཁྲུངས། སྐབས་དེར་མདོ་སྨད་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྐྱབས་རྗེ་བླ་ཁོ་རིན་པོ་ཆེ་སྟོད་པ་མ་ཀ་ཀྲུའུ་ཚོ་བ་ནས་འཁྲུངས། ཤིང་ལས་མཁར་དགོན་ནས་དུས་འཁོར་དབང་ཆེན་གནང་། པཎ་ཆེན་སྐུ་ཕྲེང་བཅུ་བ་སོགས་སྐྱེས་ཆེན་མང་པོས་རྩ་བའི་བླ་མར་གྱུར། གཤེགས་ཡུལ་དུ་མཆོད་རྟེན་བཞེངས། རྗེ་རིན་པོ་ཆེའི་སྤྲུལ་བ་གྲགས། སྟག་གེ་བསྐལ་བཟང་ཆོས་གྲགས་རྒྱ་མཚོ་ཡ་ཀ་རུ་ཚང་ཁ་བར་འཁྲུངས། བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་མཛད་དེ་གཞུང་བཀའ་པོད་ལྔ་ཐུགས་སུ་ཆུད། ང་བརྒྱད་དང་རིག་གསར་སྐབས་སུ་ཡུལ་འདིར་སྐུ་དྲིན་ཤིན་ཏུ་ཆེ། དུས་འཁོར་དཔོན་སློབ་ངག་དབང་བཀྲ་ཤིས་སྟོད་པ་འགོ་བསྐོར་ནང་རུ་ཚང་ཁ་བར་འཁྲུངས་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་མཛད་དེ་དུས་འཁོར་གྲྭ་ཚང་གི་རྡོ་རྗེ་འཛིན་པ་བཞུགས། འཁྲུངས་གཞི་ཆོ་བ་རྒྱ་ཚོ་བ་ལ་སྤང་སེར་རི་ངོས་ལ་ལབ་ཙེའི་གཏེར་ཁ་བཟུང་། ཤིང་ལས་མཁར་དགོན་གྱི་ཁྲི་བ་བཞུགས། གྲྭ་རྒྱུན་ཉུང་པར་བསམ་ནས་དུས་རིག་དུ་དགོན་ས་སྤར(ང་བརྒྱད་ལོར་འཇིག)། མཚན་སྒྲོག་སྤྲུལ་སྐུ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་སྟོད་པ་རུ་ཚང་ཁ་བའི་ཚོ་བར་འཁྲུངས། བསོད་གྲགས་བསྐལ་བཟང་རྒྱ་མཚོ་སྟོད་པ་གཡུང་ཚོ་བར་འཁྲུངས། འཁྲུངས་གཞིའི་རྒྱབ་རི་ངོས་སུ་བྱིས་པའི་ལབ་ཙེ་གཏེར་ཁ་བཟུང་བས་རིགས་རྒྱུད་གང་འདོད་དུ་སྐྱེས། རྗེ་བཙུན་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོ་ཚང་འཁྲུངས། ཤར་སྐྱབས་མགོན་བདུན་པ་དང་ཁོང་རྡོ་རྗེ་འཆང་གིས་ཐག་གིས་བཅད། སྐྱེས་ཆེན་དེ་དག་ལས་མདོ་སྔགས་རིག་གནས་ཀུན་ལ་སབྱངས་བ་མཐར་ཕྱིན་མཛད་དེ་ཤར་སྐྱབས་མགོན་གྱི་རྒྱལ་ཚབ་བཞུགས། རིག་གསར་གྱི་རྗེས་སུ་ཆོས་སྒོ་འབྱེད་པར་སྐུ་དྲིན་ཤིན་ཏུ་ཆེ། སྐྱབས་རྗེ་བླ་ཁོ་རིན་པོ་ཆེའི་འཁྲུངས་གཞིའི་མཆོད་རྟེན་པཎ་ཆེན་རིན་པོ་ཆེའི་ཐུགས་བཀོད་ལྟར་ཕྱིར་བཞེངས་ཀྱི་འགན་ཡོངས་སུ་བླངས། ཁོང་རྡོ་རྗེ་འཆང་འཇིགས་མེད་དམ་ཆོས་རྒྱ་མཚོ་ཆུང་དུས་ནས་སྐུ་གོང་མའི་གདན་ས་ཀ་རིང་དུ་གདན་ས་བཀོད། སྐུ་གོང་མས་བཞེངས་པའི་ཚེ་དཔག་མེད་ཀྱི་ལྷ་ཁང་གི་ཤུལ་ཏུ་ཀ་རིང་རྗེ་སྐུ་ཆེན་མོ་དང་སྒོ་ཆེན་གསུམ་ཅན་གྱི་རྗེ་ལྷ་ཁང་བཞེངས། ལུང་གཡོན་ཐང་དུ་གནམ་མཆོངས་ཤོད་ཀྱི་ཀུན་དགའ་རྭ་བ་ཨེ་ཝཾ་དགའ་ཚལ་བཏབ། ནང་ཆེན་གྱི་མཆོད་ཁང་ལ་གནས་བརྟན་བཅུ་དྲུག་གི་ལྷ་ཁང་བཞེངས། ལུང་ཁོག་གིས་དགོན་པར་བཞེངས་པར་སྡུག་མྱོང་པས་ཡིད་བཞིན་ནོར་བུ་ཅིག་ཡོད་པ་གཟུངས་སུ་འབུལ། “ཉིན་དེར་ལུང་ཁོག་མང་ཚོགས་ཡོད་ས་ནས་ཁོང་གི་ཕྱག་ལ་བསྣམས་ནས་ཡིད་བཞིན་ནོར་བུ་ཟེར་བ་འདི་རེད། ཁྱེད་རྣམས་པས་གོ་ནས་མ་གཏོགས་རིག་ནི་མེད་པ་ཟེར།” སྐུ་མཁོར་རྣམ་པ་བརྒྱད་པོ་བཞུགས། སྟོད་པ་གདུགས་དཀར་བཟློག་ཆེན་དང་གདུགས་དཀར་ཚེས་བཅུ། གདུགས་དཀར་ཁྲི་འདོན་སོགས་བཙུགས། དབྱར་གནས་ཚུགས། “བརྒྱད་པའི་ཚེས་གཅིག་ལ་ཁོང་རྡོ་རྗེ་འཆང་དབྱར་སྟོན་གྱི་སྦྱིན་བདག་མཛད། ཉིན་དེའི་ཕྱི་དྲོ་ཉི་མ་ཚ་ནས་ས་རུབ།” དགོན་པའི་སེར་སྒྲུབ་བཙུགས། ཛམ་ནག་གི་སྐུ་བཞེངས་ནས་གཏེར་སྒྲུབ་མཛད། སྒོ་ཆེན་གསུམ་ཅན་གྱི་རྗེ་ལྷ་ཁང་ཆེན་མོ་བཞེངས། བིས་མདོ་དཔོན་ཚང་གི་ཨ་མཆོད་བསྟེན། ཀ་རིང་བིས་ཐང་གཉིས་ཀྱི་གྱོད་གཞི་འགྲིག་པར་མཛད་ནས་ཆོས་འབྲེལ་བཞག མར་ནང་རྡོ་རྗེ་འཆང་སངས་རྒྱས་རློན་པ་ཞེས་སྙན་པའི་གྲགས་པ་ཁྱབ། ༡༩༤༩ལོར་ཀྲུང་གོ་གསར་བ་བཙུགས་རྗེས་ཡུལ་འདི་མི་མངས་ལོ་འགར་ཞི་བདེ་ངང་ནས་ལ་བདེ་སྐྱིད་ཀྱི་འཚོ་བར་རོལ། “མི་ཚང་མ་སྐྲག་ནས་འགྲོ་ཐུབ་ཀྱི་མེད། ལོ་ལོན་ཚོ་དང་ང་ཨ་ཁུ་དགེ་བསྐོས་ཀྱི་ལག་རོགས་དུ་ཡ་རྫི་ལ་མགོ་འདོགས་དུ་སོང་བ་ཡིན། ལག་སྐྱེས་སུ་རྟ་ཞིག་འཁྱེར་ནས་སོང་། དམག་དཔོན་ཆེན་པོ་དེ་ཡིས་ང་ཚོ་ཚང་མ་གསལ་བོ་བལྟས་རྗེས་བཤད་དོན་མི་མངས་ཀྱི་སྡུག་བསམ་ནས་ང་ཚོ་མདང་དགོང་ཐོན་པ་ཡིན། ཁྱེད་ཚོ་ལ་སྟེར་རྒྱུ་དང་ཟ་རྒྱུ་མེད་ཟེར་ནས་ང་ཚོ་ཚང་མ་མཐོ་ས་ནས་སྒྲིག་རྗེས་ཁོས་ཞོལ་ནས་ང་ཚོ་ལ་དམག་གི་གུས་འདུད་ཞིག་བྱེད།” ༡༩༥༢ལོར་ཀ་རིང་དང་བིས་མདོ། རྡོ་སྦིས། རྐང་ཚ་གསུམ་མ་གཏོགས་ས་ཞིང་བཅོས་བསྒྱུར་བྱེད། ༡༩༥༤ལོར་ཞོན་ཧ་ཟ་ལར་རིགས་རང་སྐྱོང་རྫོང་བཙུགས། ཡ་ཀའི་སྤྱི་ཁང་ཤུལ་ཏུ་ཀ་རིང་ལྟེ་བའི་སློབ་གྲྭ་བཙུགས། ༡༩༥༦ལོར་ཀ་རིང་ས་ཁུལ་དུ་ཞིང་ལས་ཁང་བཙུགས། ༡༩༥༧ལོའི་སྟོན་ཁར་ལྟས་ངན་པ་རིམ་བཞིན་བྱུང་། སྡེ་བ་སོ་སོའི་བུ་རྒོད་པོ་ཚང་མ་བཟུང་། འགའ་རེ་དབུས་གཙང་ཕྱོགས་སུ་སོང་། ༡༩༥༨ལོའི་དཔྱིད་ཀར་ཟིང་ཟིང་གི་དུས་རྐྱེན་ངན་པ་ཆེན་པོ་དེ་བྱུང་། སྤྱི་ཟླ༤པའི་ཚེས་པ༢༤ཉིན་མི་མངས་གཞན་གྱི་ཁར་རྒྱུགས་ནས་ཡ་རྫི་མཁར་ལེན་རྒྱུ་ཟེར་ནས་ཧོལ་རྒྱུགས་བྱེད། རྒྱ་དང་ཟ་ལར། ཁ་ཆེ་སོགས་མི་བཞི་སྟོང་ལྷག་གིས་ཡ་རྫི་མཁར་བསྐོར། ཀ་རིང་གི་ལ་མ་ཡིབ་བརྒྱུད་ཀྱི་གྲུ་ཁ་བསྲུང་དགོ་ཟེར་ནས་སོང་། སྒར་བའི་ཨ་ཁུ་ཚོས་གཞུང་གི་ཚོང་ཁང་མི་མང་གིས་བཅོམ་པར་འདོད་ནས་བསྲུང་། ཚོང་དངོས་མང་པོ་སྒར་བ་བསྐྱལ། རྗེས་སུ་བཟང་དེ་མི་ངན་པས་ཁར་བརྒྱབ་ནས་སྐྱོན་དུ་གྱུར། གྲྭ་བ་མང་པོ་བཟུང་། དགོང་མོར་དམག་གིས་བསྐོར། ཕྱི་ཉིན་མེ་མདའ་ཁ་ནས་སྲོག་མ་ཤོར་བ་ཚང་མ་ཕྱིར་བྲོས་ནས་ཐོན། དེ་ནས་སྡེ་བའི་ནང་གི་སྐྱོན་ཡོད་མེད་ཀྱི་ཕོ་གསར་ཐམས་ཅད་པོ་བཟུང་། དགོན་པའི་གཞུང་གི་འགན་འཁུར་པ་ཚང་མ་བཟུང་། འགོ་བ་ལ་ལས་རང་སྐྱོན་གསང་ཆེད་མི་མང་པོའི་མགོ་ལ་གསར་བརྗེ་ངོ་ལོག་པའི་ཞྭ་བསྐོན་ནས་ཏང་དང་མི་མངས་ལ་བློ་དཀར་པོའི་མི་མང་པོ་ཞིག་བཙོན་ནས་ཤི། “ང་དེ་ལོའི་དགོན་པའི་གཉེར་བ་ཡིན། དགོན་པའི་གཉེར་བ་ནི་གྲྭ་བ་ཚང་མ་རིམ་པ་བཞིན་འགྲོ་དགོས། བཙོན་ཁང་ལ་འགྲོ་དུས་སྐྱོན་ཅི་ཡང་མེད། སྤོ་བོ་འགོ་བ་དང་ཨ་ཁུ་སངས་རྒྱས་ངེད་ཚོ་ཉིན་གཅིག་ལ་འཁྲིད། བཟུང་ཐེངས་དེར་མི་སུམ་ཅུ་ལྷག་འདུག ང་ལོ་ཉི་ཤུར་ཐག་གིས་བཅད། རྗེས་ནས་བཤད་ན་གཉེར་བ་ཡིན་པས་རྐྱེན་ཡིན་འདུག མཚོ་སྔོན་པོ་ཕྱོགས་ནས་ལོ་གསུམ་ལྷག་ལ་བསྡད་རྗེས་བོ་ཙེ་ཧྲི་ཧྥང་ཟེར་ནས་བཏང་།” དོན་ངོ་མར་དེ་ནི་མི་མངས་ཞིང་ཕྱུགས་མཉམ་ལས་ཁང་ལ་མ་འཐད་པའི་དོན་རྐྱེན་བྱུང་བ་ཡིན། ཞིང་ཕྱུགས་མཉམ་ལས་འཛུགས་དུས་སྒེར་གྱི་རྒྱུ་ནོར་ཐམས་ཅད་སྐྱིན་ཚབ་དང་མ་རྐང་གི་རིན་ཅི་ཡང་མེད་པར་གཞུང་ལ་བླངས་ཏེ་མ་རྩ་བཅོས་བས་མི་མངས་པོ་མི་འཐད་པའི་གནས་ཚུལ་བྱུང་། རྗེས་སུ་གཙོ་འཛིན་ཏུན་ཞའོ་ཕིན་གྱིས་ཡང་བསྐྱར་ཕྱིར་བགོ་བྱ་བྱེད་པ་ཡང་དེར་འཐུག དེ་ནས་ཅུང་མ་འགོར་བར་རྒྱལ་ཡོངས་སུ་མི་མཐུན་པའི་ལས་མང་པོ་བྱུང་པས་ཡུལ་འདི་ལའང་སྡུག་གི་མུན་པ་རིམ་བཞིན་འཐིབས། ཟ་མ་དཀའ་ངན་གྱི་དུས་ཐོན། བྱིས་པ་མང་པོ་ཤི། རྩྭ་བཟའ་དགོས་པའི་དུས་སུ་ཐོན། མི་ལོ་སྟོང་ཕྲག་ལ་བྱུང་མ་མྱོང་པའི་ལྟོག་སྡུག་མྱོང་། དེ་ནས་གཙང་མ་བཞིའི་ལས་འགུལ་ཆེན་པོ་བྱུང་དེ་མི་མངས་ཚང་མ་ཟང་ཟིང་དུས་བྱུང་། ཕ་བུ་གཉིས་ཀའི་གྲལ་རིམ་གྱི་ཕན་ཚུན་དགྲ་བོར་གྱུར། མི་ལ་གྲལ་རིམ་ཡོད་པ་ལས་བཟང་ངན་མི་འབྱེད་པའི་དུས་སུ་ཐོན། ཉིན་རྒྱུན་ཕན་ཚུན་གཅེར་རྡུང་གི་ལས་བྱེད་ནས་དུས་འདས། མི་བཞི་ཚོགས་ཁག་གིས་ལས་ངན་པ་མང་པོ་བསགས། དེ་ནས་བོད་ཁམས་སུ་བྱུང་མ་མྱོང་པའི་རིག་གནས་གསར་བརྗེ་ཆེན་པོ་དེ་རྒྱལ་ཡོངས་སུ་མུན་པ་བཞིན་འཐིབས། མི་ལོ་སྟོང་ཕྲག་དུ་མ་བརྒྱུད་པའི་བོད་ཀྱི་རིག་གནས་ལ་ཆགསའཇིག་ཆེན་པོ་བྱུང་། ལུང་ཁོག་འདིའི་ཁྱིམ་ཚང་ཚང་མ་བློག་ནས་རྒྱུ་ནོམ་པ་ཡོད་ཚད་ལྷ་འདྲེ་གདོན་བགེགས་ཟེར་ནས་གཞུང་བཞེས་བཏང་། ཁོང་རྡོ་རྗེ་འཆང་ཡབ་སྲས་ཀྱི་སྐུ་གདུང་དང་དཔེ་ཆ་དུམ་པུ་སུམ་རྒྱ་ལྷག་མ་གཏོགས་དགོན་པའི་ནོམ་པ་ཚང་མ་མེད་པར་བཏང་།“ད་ལྟ་སྐུ་གདུང་གི་འགྲམ་གཉིས་སུ་ཡོད་པའི་པོ་ཏུ་སུམ་རྒྱ་ལྷག་ལུས་པ་ངེད་ཚང་གི་བད་མ་ཚེ་བརྟན་གྱིས་རིག་གསར་སྐབས་སུ་སྦས་བ་ཡིན། ཁོང་གི་སྐུ་གདུང་ཨ་ཁུ་རྡོ་རེ་དང་ཐར་བ་གླིང་གི་སྣ་ཧུར། དགོན་པའི་ཨ་ཁུ་ལྐག་རྒྱག་སོགས་མི་སྣ་འགས་སྦས་པ་ཡིན་ཟེར།” ཡ་རབས་ཀྱི་ཆོས་ལ་འཇུག་པ་དང་ཕྱུག་པོ་རྒྱུད་བཟང་ཚང་མའི་མགོ་ལ་ཞྭ་སྐོན་ནས་འཐབ་རྩོད་བྱེད། གྲྭ་བ་ན་གཞོན་མང་པོ་བཙན་གྱི་སྐྱ་ས་བབབ་དུ་བཅུག སློབ་གྲྭའི་དགེ་རྒན་ཚང་མ་སློབ་མ་ཚོས་འཐབ་རྩོད་ཀྱི་འབེན་དུ་གྱུར། སྡེ་འགོ་ཚོ་འགོ་ཚོད་པའི་མི་མང་པོ་གྲལ་རིམ་གྱི་འགྲ་བོར་བཟུང་དེ་མགོ་འགྱོག་སའི་གནས་མེད་པར་བཏང་། སྲིད་གཞུང་གི་འགོ་ཁྲིད་དགའ་བོ་དག་ལ་ཞྭ་བསྐོན། ཅང་ལ་མི་ཉན་པའི་མི་མང་པོར་སྔོན་འགྲོ་བའི་གྲས་སུ་ཞུགས་ནས་ཡུལ་འདིར་སྡུག་གིས་བསྐོར། ཆགས་འཇིག་རིམ་པར་བྱུང་པས་ཐ་ན་ཡུལ་འདིའི་རྒྱ་སྐད་ཤེས་མཁན་ཚོ་ཡང་མེད་སོང་། “དེ་དུས་འུ་ཚོ་ཡོང་པའི་བོད་ཀྱི་ལས་བྱེད་པ་ཁ་ཚང་བོ་རྡོ་སྦིས་ནས་མ་གཏོགས་ས་གཞན་གྱི་ཕལ་ཆེར་མེད་འདུག” ཐ་ན་ཡུལ་འདིའི་རྒྱན་གོས་དང་འདོགས་ཆ་ཚང་མ་གཞུང་བཞེས་བཏང་བ་སོགས་གཏོར་རླགས་ཆེན་པོ་བཏང་ནས་མི་ལོ་བཅུ་ལྷག་ལ་སྡུག་གི་འཁོར་ལོ་བསྐོར།