Talk:བརྡ་སྤྲོད་པའི་གནས་བརྒྱད་ཀྱི་སྐོར།

Page contents not supported in other languages.
ཡོང་ཁུངས་Wikipedia

བྱེད་པའི་གནས། བསྡུ་བའི་གནས། བསྒྱུར་བའི་གནས། དྲང་བའི་གནས། འཇུག་པའི་གནས། རྣམ་པར་དབྱེ་བའི་གནས། ཕྱོགས་ཀྱི་གནས། དངོས་པོའི་གནས་དང་བརྒྱད་དོ། ༄༅། །གནས་བརྒྱད་རྩ་འགྲེལ་སྦྱར་མ་བཞུགས་སོ།།

༄༅། །རྒྱ་གར་སྐད་དུ། ཤབྡ་ཤཱསྟྲ། བོད་སྐད་དུ། སྒྲའི་བསྟན་བཅོས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། བྱཱ་ཀ་ར་ཎའི་སྐད་ནི་གནས་བརྒྱད་དེ། བྱཱ་ཀ་རཎ་ཞེས་པ་ནི་སྤྱིར་གང་ཡིན་པ་ལུང་དུ་སྟོན་པ་ཡིན་ཡང། འདི་སྐད་ཀུན་གསལ་བར་བྱེད་པ་ཡིན་ཏེ། དེའི་གཞིའམ་གནས་ལ་བསླབ་པའམ། ཚིག་གམ་དོན་གྱི་གནས་སུ་གྱུར་པའོ།། བརྒྱད་ནི་བྱེད་པའི་གནས་ལ་སོགས་པའོ།།

བྱེད་པའི་གནས་དང་། བསྡུ་བའི་གནས་དང་། བསྒྱུར་བའི་གནས་དང་། དྲང་བའི་གནས་དང་། འཇུག་པའི་གནས་དང་། རྣམ་པར་དབྱེ་བའི་གནས་དང་། ཕྱོགས་ཀྱི་གནས་དང་། དངོས་པོའི་གནས་སོ།། དེ་ལ་བྱེད་པའི་གནས་ནི་བྱ་བ་གཅིག་སྒྲུབ་པར་བྱེད་པའི་གནས་སོ།། བསྡུ་བའི་གནས་ནི་ཚིག་དོན་དང་ལྡན་པའི་ཚིག་སྡུད་པའི་སྒྲའི་གནས་སོ།། བསྒྱུར་བའི་གནས་ནི་སྐད་ཀྱི་དབྱིངས་དང་ཉེ་བར་བསྒྱུར་བའི་སྒྲའི་གནས་སོ།། དྲང་བའི་གནས་ནི་གཞན་གཅོད་ཅིང་བྱེ་བྲག་པའི་སྒྲའི་གནས་སོ།། འཇུག་པའི་གནས་ནི་ཡི་གེ་འཇུག་པའི་གཞི་དང་བརྡ་དང་ཐ་སྙད་སྟོན་པའི་སྒྲའི་གནས་སོ།། རྣམ་པར་དབྱེ་བའི་གནས་ནི་སྒྲ་གཅིག་སྒྲ་ཀུན་དུ་བསྒྱུར་ཏུ་བཏུབ་པ་དང། སྒྲ་གཅིག་དོན་ཐམས་ཅད་ལ་འཇུག་ཏུ་རུང་བའི་ཕྱིར་སྟོན་པའི་སྒྲའི་གནས་སོ།། ཕྱོགས་ཀྱི་གནས་ནི་སྐྱེས་བུའི་ནུས་པ་སྟོན་པའི་སྒྲའི་གནས་སོ།། དངོས་པོའི་གནས་ནི་དོན་གྱི་ངོ་བོ་ཉིད་དམ་གཙོ་བོ་སྟོན་པའི་སྒྲའི་གནས་སོ།།

དེ་ལ་བྱེད་པའི་གནས་ཀྱི་དབྱེ་བ་དང་ངོ་བོ་བསྟན་པའི་ཕྱིར། དེ་ལ་བྱེད་པའི་གནས་ནི། བྱེད་པའི་ཚིག་བརྒྱད་ཀྱི་ལུགས་དང་། ཚིག་དྲུག་གི་ལུགས་དང་། ཚིག་བཞིའི་ལུགས་སོ།། ཞེས་བྱ་བ་སྨོས་ཏེ། བྱེ་པའི་ཚིག་བརྒྱད་ཀྱིས་བྱ་བ་གཅིག་སྒྲུབ་པ་སྟོན་པ་ནི་བྱེད་པའི་ཚིག་བརྒྱད་ཀྱི་ལུགས་ཡིན་ནོ།། དེ་བཞིན་དུ་བྱེད་པའི་ཚིག་དྲུག་དང་བཞིས་བྱ་བ་རེ་རེ་སྟོན་པ་ཡང་བྱེད་པའི་ཚིག་དྲུག་གི་ལུགས་དང་བཞིའི་ལུགས་ཡིན་ནོ།།

དེ་ལ་ཚིག་བརྒྱད་ནི། གང་བྱེད། གང་ལ་བྱེད། གང་གིས་བྱེད། གང་གི་ཕྱིར་བྱེད། གང་ལས་བྱེད། གང་གི་བྱེད། གང་ན་བྱེད། གང་ཞེས་བྱ་བ་བྱེད་ཅེས་པོའོ།། དེ་ལས་དང་པོ་ནི་ངོ་བོའི་ཚིག། གཉིས་པ་དམིགས་འཛིན་པའི་ཚིག གསུམ་པ་བྱེད་པའི་ཚིག བཞི་པ་ཆེད་དུ་བྱ་བའི་ཚིག ལྔ་པ་འབྱུང་གནས་ཀྱི་ཚིག དྲུག་པ་འབྲེལ་བའི་ཚིག བདུན་པ་གནས་གཞིའི་ཚིག བརྒྱད་པ་གདགས་པའི་ཚིག་གོ།། ཞེས་བྱ་བ་སྟེ། དེ་ལ་༡གང་བྱེད་ཅེས་པ་ནི་དང་པོའི་བྱེད་པའི་དངོས་པོའམ་དོན་ཙམ་གྱི་ཚིག་ཡིན་ཏེ། འདི་ལྟར་འབྲས་ཆན་འཚེད་པའི་བྱེད་པ་པོ་ལྷ་སྦྱིན་ཡིན་པ་དང་འདྲ་བར་ཉོན་མོངས་སྐྱེད་པའི་བྱེད་པ་པོ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་པ་དང། ལམ་སྐྱེ་བའི་བྱེད་པ་པོ་ཆོས་རྒྱུ་འབྲས་ལ་ཡིད་ལྟ་བ་དང། རྣམ་པར་ཤེས་པ་སྐྱེ་བའི་བྱེད་པ་པོ་འདུ་བྱེད་སེམས་པ་ཡིན་པ་ལྟ་བུ་ནི་དངོས་པོ་ངོ་བོའི་ཚིག་ཅེས་བྱའོ།། ཡང་ན་གང་འཚེད་པར་བྱེད་ན་འབྲས་ཆན་འཚེད་པར་བྱེད་པ་དང་འདྲ་བར་གང་སྐྱེད་པར་བྱེད་ན་ཉོན་མོངས་པ་དང་ལམ་རྣམ་པར་ཤེས་པ་སྐྱེད་པར་བྱེད་ཅེས་དོན་གྱི་ངོ་བོ་ཙམ་སྟོན་པར་བྱེད་པ་ནི་དང་པོ་ཚིག་ཅེས་བྱའོ།། ༢གང་གིས་ཞེས་བྱ་བ་ནི་དཔེར་ན་ལྷ་སྦྱིན་ནི་འབྲས་ཆན་འཚེད་པར་བྱེད་པ་པོ་དམིགས་འཛིན་པའམ། ཡང་ན་གང་ཞིག་ལ་འཚེད་པར་བྱེད་ན་འབྲས་ཆན་ལ་འཚེད་པར་བྱེད་ཅེས་ལས་ཀྱི་དམིགས་འཛིན་པར་བྱེད་པ་བཞིན་དུ་ཚུལ་བཞིན་མ་ཡིན་པ་ནི་ཉོན་མོངས་པ་སྐྱེ་པར་བྱེད་པ་ལ་སོགས་པའམ། ཉོན་མོངས་ལ་བྱེད་ཅེས་པ་ལ་སོགས་པ་ནི་གཉིས་པ་དམིགས་འཛིན་པའི་ཚིག་ཅེས་བྱའོ།། ༣གང་གིས་བྱེད་ཅེས་པ་ནི་དཔེར་ན་མེས་འཚེད་པར་བྱེད་པ་དང་འདྲ་བས་མ་རིག་པས་ཉོན་མོངས་པ་དང་དད་པས་ལས་དང་རྐྱེན་གྱིས་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ལྟ་བུ་ནི་གསུམ་པ་བྱེད་པའི་ཚིག་ཅེས་པའོ།། ༤གང་གི་ཕྱིར་བྱེད་ཅེས་པ་ནི། དཔེར་ན་ཆོས་སྟོན་བྱ་བའི་ཕྱིར་འབྲས་འཚེད་པ་དང་འདྲ་བར་ཕུང་པོའི་ཕྱིར་ཉོན་མོངས་པ་དང། ཡོན་ཏན་གྱི་ཕྱིར་ལས་དང་ཡུལ་ལ་དམིགས་པར་བྱ་བའི་ཕྱིར་རྣམ་པར་ཤེས་པ་འབྱུང་བར་བྱེད་ཅེས་པ་ལྟ་བུ་ནི་བཞི་པ་ཆེད་དུ་བྱ་བའི་ཚིག་ཅེས་བྱའོ།། ༥གང་ལས་ཅེས་པ་ནི། དཔེར་ན་འབྲས་ལས་འབྲས་ཆན་བྱེད་པ་དང་འདྲ་བར་ཡུལ་ལ་གཡེང་བ་ལས་ཉོན་མོངས་པ་དང་། ཤེས་རབ་རྣམ་གསུམ་ལས་ལམ་དང། རྒྱུ་མཐུན་པའི་བག་ཆགས་ལས་རྣམ་པར་ཤེས་པ་འབྱུང་ཞེས་པ་ལྟ་བུ་ནི་ལྔ་པ་འབྱུང་གནས་ཀྱི་ཚིག་ཅེས་བྱའོ།། ༦གང་གི་བྱེད་ཅེས་པ་ནི། དཔེར་ན་མཆོད་སྦྱིན་གྱི་འཚེད་པར་བྱེད་པ་དང་འདྲ་བར་འཁོར་བའི་ཉོན་མོངས་པ་དང། འཕགས་པའི་ལམ་དང། མིག་ལ་སོགས་པའི་རྣམ་པར་ཤེས་པར་བྱེད། ཅེས་པ་ལྟ་བུ་ནི་དྲུག་པ་འབྲེལ་པའི་ཚིག་ཅེས་བྱའོ།། ༧གང་ན་བྱེད་ཅེས་པ་ནི། དཔེར་ན་ཚང་མང་ན་འཚེད་པར་བྱེད་པ་དང་འདྲ་བར་ཉོན་མོངས་པ་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོ་ལ་གནས་ཏེ་སྐྱེ་བ་དང། ལམ་ནི་ཟག་པ་མེད་པའི་ཕུང་པོ་ལ་གནས་ཏེ་སྐྱེ་བ་ལྟ་བུ་ནི་བདུན་པ་གནས་གཞིའི་ཚིག་ཅེས་བྱའོ།། ༨གང་ཞེས་བྱ་བ་བྱེད་ཅེས་པ་ནི། དཔེར་ན་འབྲས་ཆན་ནི་དོན་གྱི་གཞི་ལ་ཐ་སྙད་འབྲས་ཆན་ཞེས་མིང་དུ་བཏགས་པ་དང་འདྲ་བར་ཆོས་རྣམས་ཀྱི་དོན་གྱི་དངོས་གཞི་ལ་ཉོན་མོངས་པ་དང། རྣམ་པར་ཤེས་པ་དང་ལམ་ལ་སོགས་པ་མིང་གདགས་པ་ཐམས་ཅད་ནི་བརྒྱད་པ་གདགས་པའི་ཚིག་ཅེས་བྱའོ།།

ཚིག་དྲུག་གི་ལུགས་ནི། གང་བྱེད། གང་ལ་བྱེད། གང་གིས་བྱེད། གང་གི་ཕྱིར་བྱེད། གང་ལས་བྱེད། གང་ལ་བྱེད་ཅེས་པའོ།། དང་པོ་ནི་ངོ་བོའི་ཚིག། གཉིས་པ་ལས་ཀྱི་ཚིག གསུམ་པ་བྱེད་པའི་ཚིག བཞི་པ་ཆེད་དུ་བྱ་བའི་ཚིག ལྔ་པ་རྒྱུའི་ཚིག དྲུག་པ་གནས་གཞིའི་ཚིག་གོ།། བྱེད་པའི་ཚིག་དྲུག་གི་ལུགས་ནི། ༡ལྷ་སྦྱིན་འབྲས་ཆན་འཚེད་པ་དང། མཆོད་སྦྱིན་ཤིང་གཅོད་པ་ལ་སོགས་པ་དང་པོ་བྱེད་པ་བསྒྱུར་བའང་ངོ་བོ་ཙམ་སྟོན་པའི་ཚིག་གོ། ༢གང་ལ་བྱེད་ཅེས་པ་ནི་གཉིས་པ་ལས་ཀྱི་ཚིག་སྟེ། ལས་སུ་བྱ་བ་གང་ཞིག་ལས་བྱེད་པ་གཞན་ཞིག་ཡུལ་དུ་བྱས་པ་ཡིན་ཏེ། ཤིང་ལ་བྱེད་ཅེས་པ་ལྟ་བུའོ།། ༣གང་གིས་བྱེད་ཅེས་པ་ལྟ་པ་ལྟ་བུ་ནི་གསུམ་པ་བྱེད་པའི་ཚིག་ཡིན་ཏེ་སྟ་རེས་བྱེད་ཅེས་པ་ལྟ་བུའོ།། ༤གང་གི་ཕྱེད་དུ་བྱེད་ཅེས་པ་ནི་བཞི་པ་དགོས་ཆེད་ཀྱི་ཚིག་ཡིན་ཏེ་ཀ་བའི་ཕྱིར་བྱེད་ཅེས་པ་ལྟ་བུའོ།། ༥གང་ལས་བྱེད་པ་ནི་ལྔ་པ་རྒྱུའི་ཚིག་ཡིན་ཏེ་ཤིང་ལས་བྱེད་པ་ལྟ་བུའོ།། དེ་དག་ཀྱང་བྱེད་པའི་དུས་ན་ལས་ཡིན་ལ། བྱ་བ་དང་སྦྱར་ན་རྒྱུ་ཡིན། བྱས་པ་ནི་དགོས་ཆེད་ཡིན་ནོ།། ༦་༧གང་ན་བྱེད་ཅེས་པ་ནི། དྲུག་པ་གནས་གཞིའི་ཚིག་ཡིན་ཏེ། ཡུལ་དབུས་ན་བྱེད་ཅེས་པ་ལྟ་བུའོ།།

ཚིག་བཞིའི་ལུགས་ནི། གང་བྱེད། གང་ལ་བྱེད། གང་གིས་བྱེད། གང་ན་བྱེད་ཅེས་པའོ།། དང་པོ་ནི་ངོ་བོའི་ཚིག། གཉིས་པ་ལས་ཀྱི་ཚིག གསུམ་པ་བྱེད་པའི་ཚིག བཞི་པ་གཞིའི་ཚིག་གོ། བྱེད་པའི་ཚིག་བཞིའི་ལུགས་ནི། ༡གང་བྱེད་ཅེས་པ་ནི་བྱེད་པ་པོའམ་དོན་ཙམ་གྱི་ཚིག་གོ། ༢གང་ལ་བྱེད་ཅེས་པ་ནི་གཉིས་པ་ལས་ཀྱི་ཚིག་གོ། ༣གང་གིས་བྱེད་ཅེས་པ་ནི་གསུམ་པ་བྱེད་པ་པོའི་ཚིག་གོ། ༧གང་ན་བྱེད་ཅེས་པ་ནི་བཞི་པ་གཞིའི་ཚིག་སྟེ། དེ་དག་ཀྱང་ངོ་བོ་བརྒྱད་པ་དང་མཐུན་ཏེ་གྲངས་ཀྱིས་ཕྱེ་བའི་ཐ་དད་པའི་ལུགས་ཡིན་ནོ།།

དེ་དག་ནི་བྱེད་པའི་གནས་ཞེས་བྱ་སྟེ། སྐད་ཀྱི་དབྱིངས་ལ་བསྒྱུར་བའི་ལུགས་ཡིན་པས། ལུགས་རེ་རེས་བྱས་པ་གཅིག་ལ་སྦྱོར་བ་ཡིན་གྱི། བི་བྷཀྟ་ལྟ་བུ་མིང་ངོ་ཅོག་གི་སྒྲ་ལ་སྦྱོར་བ་མ་ཡིན་ནོ།། ཞེས་བྱ་བ་ནི། ཏི་ངནྟའི་ལུགས་ཡིན་ཏེ། བྱ་བ་གཅིག་ལ་ཚང་བར་སྦྱོར་གྱི། ངོ་བོ་གཅིག་གི་སྒྲ་ལ་མི་སྦྱོར་བས་བི་བྷཀྟ་ལྟ་བུ་མ་ཡིན་ཏེ། བི་བྷཀྟ་འོག་ནས་འཆད་པ་ལྟ་བུ་ཡིན་ནོ།། ཅིའི་ཕྱིར་བྱེད་པའི་གནས་ཞེས་བྱ་ཞེ་ན། བྱ་བ་ཤིན་ཏུ་སྒྲུབ་པར་བྱེད་པ་ཁོ་ནར་དྲང་བའི་ཡན་ལག་ཡིན་ནོ།།

བསྡུ་བའི་གནས་ཀྱི་དབྱེ་བ་དང་ངོ་བོ་བསྟན་པའི་ཕྱིར། གཉིས་པ་བསྡུ་བའི་གནས་ནི་བརྒྱད་དེ། ༡འབྲུ་མང་པོ་བའི་བསྡུ་བ་དང་། ༢མདོར་བསྡུ་བ་དང་། ༣བྱེ་བྲག་བསྡུ་བ་དང་། ༤ཡན་ལག་བསྡུ་བ་དང་། ༥གཞི་བསྡུ་བ་དང་། ༦གཞི་གཅིག་ཏུ་བསྡུ་བ་དང་། ༧སྐྱེས་བུའི་བསྡུ་བ་དང་། ༨ཟླས་བསྡུ་བའོ།། ཞེས་བྱ་བ་ལ་སོགས་པ་སྨོས་སོ།།

༼༡༽ དེ་ལ་འབྲུ་མང་པོ་པ་ནི་དབྱེ་བའི་གནས་སོ།། དེ་ལ་ཚིག་འབྲུ་གཉིས་དོན་གཞན་ལ་འཇུག་པ་དང་། ཚིག་མང་པོ་དོན་གཞན་ལ་འཇུག་པའོ།། དང་པོ་ལ་གསུམ་སྟེ། རང་གི་མིང་དང་ལྡན་པ་དང་། གཞན་གྱི་མིང་དང་ལྡན་པ་དང་། ཕྱོགས་ཀྱི་མིང་དང་ལྡན་པའོ།།

ཚིག་སྡུད་ཀྱི་མིང་། དབྱེ་བ། ནང་གསེས་ཀྱི་དབྱེ་བ། ནང་གསེས་དབྱེ་བའི་དཔེར་བརྗོད།


༼༡༽ འབྲུ་མང་པོ་པ། ༡རང་གི་མིང་དང་ལྡན་པ། སྐྱེས་བུ་རྟ་ཅན། ༡ཚིག་འབྲུ་གཉིས་དོན་གཞན་ལ་འཇུག་པ། བ་ཁྲ་མོ་ཅན། ༢གཞན་གྱི་མིང་དང་ལྡན་པ། མདའ་གཞུ་ཅན། ༣ཕྱོགས་ཀྱི་མིང་དང་ལྡན་པ། ཤར་ལྷོ།

༡གྲངས་ཙམ་དང་ལྡན་པ། ཉེ་བར་བཅུ་པ། ༢ཚིག་མང་པོ་དོན་གཞན་ལ་འཇུག་པ། ༢གྲངས་མ་ཡིན་པ་དང་ལྡན་པ། པདྨ་མང་པོ་ཅན། ༣གཅིག་ལ་བརྟེན་པས་འགྲུབ་པ། སྦྱིན་སྟོབས་འགྱེད་པ་ཅན།

དེ་ལ་འབྲུ་མང་པོ་པ་ནི་དབྱེ་བའི་གནས་སོ།། དེ་ལ་ཚིག་འབྲུ་གཉིས་དོན་གཞན་ལ་འཇུག་པ་ཞེས་བྱ་བ་ནི་དཔེར་ན་བ་ཁྲ་མོ་ཅན་ལྟ་བུའོ།། དེའི་དབྱེ་བ་ནི་གསུམ་སྟེ། ༡དེ་ལ་རང་གི་མིང་དང་ལྡན་པ་ནི། སྐྱེས་བུ་རྟ་ཅན་ལྟ་བུ་རང་གི་མིང་སྐྱེས་བུ་དང་རྟ་གཉིས་ཀྱི་དོན་མིང་ཅན་གྱི་བདག་པོ་ཡིན་པ་ལྟ་བུ༼དང་། ཤིང་འབྲས་བུ་ཅན། བ་འོ་མ་ཅན། སྐྱེས་བུ་ནོར་ལྡན། ཞར་བ་པ་སངས་ལྟ་བུ་ཁྱད་ཆོས་དེ་ཉིད་ཁྱད་གཞི་གང་ལ་ལྡན་པའི་ཁྱད་གཞི་དང་བཅས་པ་སྟོན་པ་ལྟ་བུ༽ འོ།། ༢གཞན་གྱི་མིང་དང་ལྡན་པ་ནི་མདའ་གཞུ་ཅན་ལྟ་བུ། ༼གསེར་མིག་ཅན། འབྱོར་ལྡན། པདྨ་ཅན། ལ་སོགས་པ་ལྟ་བུ་ཁྱད་ཆོས་དེ་ཉིད་གང་ལ་ལྡན་པའི་ཁྱད་གཞི་མ་བཤད་པ་ལྟ་བུའོ།།༽ ༣ཕྱོགས་ཀྱི་མིང་དང་ལྡ་པ་ནི། ཤར་དང་ལྷོའི་བར་ལ་ཤར་ལྷོ། ༼ནུབ་བྱང་། ལ་སོགས་པ་ལྟ་བུ་དང་། དེའི་ཞོར་དུ་ར་མ་ལུག རྟ་མ་གླང་སོགས་པ་༽ ལྟ་བུའོ།།

གཉིས་པ་ལ་ཡང་གསུམ་སྟེ། གྲངས་ཙམ་དང་ལྡན་པ་དང་། གྲངས་མ་ཡིན་པ་དང་ལྡན་པ་དང་། གཅིག་ལ་བརྟེན་པས་འགྲུབ་པའོ།། ཚིག་མང་པོ་དོན་གཞན་ལ་འཇུག་པ་ནི་གསུམ་སྟེ། ༤དེ་ལ་གྲངས་ཙམ་དང་ལྡན་པ་ནི། བཅུ་དང་ཉེ་བ་ནི་ཉེ་བར་བཅུ་པ་ཞེས་པའམ། ཡང་ན་བརྒྱ་རྩ་བརྒྱད། ༼དགུ་གཉིས་བསྡོམས་པའི་བཅོ་བརྒྱད། བླ་མ་བརྒྱ། སྐུ་ཚེ་ཁྲི། ལ་སོགས་པའི་གྲངས་གནས་དེ་དག་གྲངས་གང་ཡིན་པ་དེ་ཏག་ཏག་གོ་མི་དགོས་པར་གྲངས་མང་བའི་དོན་ལ་འཇུག་པ༽ ལྟ་བུའོ།། ༥གྲངས་མ་ཡིན་པ་དང་ལྡན་པ་ནི། ཕྱོགས་གང་ན་མེ་ཏོག་པདྨ་མང་པོ་ཡོད་པ་དེ་ནི་མེ་ཏོག་པདྨ་མང་པོ་ཅན་ནམ། སྐྱེས་བུ་གང་ལ་ལེགས་པའི་ཡོན་ཏན་མང་པོ་ཡོད་པ་ནི་ཡོན་ཏན་ཕུན་སུམ་ཚོགས་པ་ཅན་ཞེས་པ་ལྟ་བུ་༼དང་། གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་ཞེས་པ་ལྟ་བུ༽ འོ།། ༦གཅིག་ལ་བརྟེན་པས་འགྲུབ་པ་ནི། གང་དང་གང་དག་ལ་གཅིག་ལ་གཅིག་ཕན་ཚུན་གནོད་པ་སྒྲུབ་པ་སྟེ། དཔེར་ན་ལྷ་སྦྱིན་དང་སྟོབས་འགྱེད་པ་ཅན་ཞེས་མཚུངས་པ་ཐོབ་པ་ལྟ་བུ་ཡིན་ནོ།།

སྦྱོར་བའི་བྱེ་བྲག་གིས་ཕྱེ་བས་དྲུག་ཡིན་ཏེ། བྱེད་པའི་ཚིག་དྲུག་༼བདུན་གྱིས༽གིས་བསྒྱུར་ན་(6×7=42×4=168) བཞི་བཅུ་རྩ་གཉིས་སུ་འགྱུར་རོ།། དྲང་བའི་བའི་གནས་ཀྱི་མུ་བཞི་ཕྱེ་ན་བརྒྱ་དྲུག་ཅུ་རྩ་བརྒྱད་ཡིན་ནོ།། མུ་བཞི་ནི་གཞི་མཐུན་པ་གཉིས། གཞི་ཐ་དད་གཉིས་སོ།། དེ་ལ་གཞི་མཐུན་པ་ནི་ལྷ་སྦྱིན་རྣ་བ་འཕྱང་བ་ཅན་ནམ། སྐྱེས་བུ་ལུས་ལེགས་པ་ཅན་ལྟ་བུ་ཐམས་ཅད་མཐུན་པའམ། སྐྱེས་བུ་རྐང་ལག་ཅན་ལྟ་བུ་ཚིག་དོན་རྐང་པ་དང་ལག་པ་ནི་ཐ་དད་པ་ཡིས་བསྟན་པའི་ལྡན་པས་ནི་མི་མཐུན་པ་གཉིས་སོ།། གཉིས་ཐ་དད་པ་ནི་མདའ་གཞུ་དང་སྐྱེས་བུ་ཐ་དད་པ་དང་། བ་ཁྲ་མོ་ཅན་ལྟ་བུ་བ་དང་ཁྲ་མོ་གཉིས་ངོ་བོ་མཐུན་ལ་ལྡན་པ་དང་ཐ་དད་པ་གཉིས་སོ།། དེས་ཀུན་མཐུན་པ་དང་ཀུན་མི་མཐུན་པ་དང་འབྲུ་མང་པོ་བ་མཐུན་པ་དང་མི་མཐུན་པ་དང་། འབྲུ་མང་པོ་ཐ་དད་པ་དང་། མཐུན་པའི་གཞི་ཡིན་ནོ།། བྱེད་ཚིག་དྲུག་གི་ལས་དང་། བྱེད་པ་དང་། ཆེད་དང་། རྒྱུ་དང་། འབྲེལ་པ་དང་། གཞིའི་ཚིག་གོ།། དེ་ནམས་ནི་ཚིག་འབྲུ་གཞན་གྱིས་དོན་གཞན་སྟོན་པའི་སྦྱོར་བ་ཡིན་ནོ།། ཞེས་བྱ་བ་ནི། རང་གི་ཚིག་གི་དོན་གྱིས་བསྟན་པར་བྱ་བ་གཞན་སྟོན་པས་རང་གི་ཚིག་གི་དོན་གཙོ་བོ་མ་ཡིན་ནོ།། ཞེས་བྱ་བ་སྟོན་ཏོ།།

༼༢༽ མདོར་བསྡུ་བ་ནི་ལྔ་སྟེ། གཉིས་ཀྱིས་མདོར་བསྡུ་བ་དང་། རྣམ་གྲངས་ཀྱིས་མདོར་བསྡུ་བ། གཞན་གྱི་དོན་བསྡུ་བ། བྱེད་པའི་ཚིག་གིས་བསྡུ་བ་དང་། ཁྱད་པར་གྱིས་བསྡུ་བའོ།། ཞེས༌བྱ༌བ༌ནི༌ཚིག༌བསྡུ༌བ༌ལྔ༌ཡིན༌ནོ།།






༼༢༽ མདོར་བསྡུ་བ། ༡གཉིས་ཀྱིས་བསྡུ་བ། ཕ་མ། ༢རྣམ་གྲངས་ཀྱིས་བསྡུ་བ། ས་ཆུ་མེ་རླུང་། ༣གཞན་གྱི་དོན་བསྡུ་བ། རྟ་ཁྲ་ཅན།


༤བྱེད་པའི་ཚིག་དྲུག་གིས་བསྡུ་བ། ༡རྣམ་དབྱེ་གཉིས་པ་བསྡུ་བ། ཆོས་ལ་སྤྱོད་པས་ཆོས་སྤྱོད། ༢རྣམ་དབྱེ་གསུམ་པ་བསྡུ་བ། ཡོན་ཏན་གྱིས་འཐོབ་པས་ན་ཡོནྟན་འཐོབ། ༣རྣམ་དབྱེ་བཞི་པ་བསྡུ་བ། མཆོད་པའི་ཆེད་དུ་བཙུགས་པས་ན་མཆོད་སྡོང་། ༤རྣམ་དབྱེ་ལྔ་པ་བསྡུ་བ། ཤིང་ལས་བྱུང་བའི་འབྲས་བུ་ལ་ཤིང་འབྲས། ༥རྣམ་དབྱེ་དྲུག་པ་བསྡུ་བ། ཟད་ཀྱི་བཅུད་ལ་ཟས་བཅུད། ༦རྣམ་དབྱེ་བདུན་པ་བསྡུ་བ། དཀའ་བ་ལ་གནས་པ་ནི་དཀའ་གནས། ༥ཁྱད་པར་གྱི་བསྡུ་བ། ཨུཏྤལ་སྔོན་པོ།

དེ༌ལ༌༡གཉིས༌ཀྱིས༌མདོར༌བསྡུ༌བ༌ནི༌ཕ༌དང༌མ༌ཞེས༌ཟླས༌དབྱེ༌བའི༌ཚིག༌སྡུད༌པ༌ལྟ༌བུའོ།། ༢རྣམ༌གྲངས༌ཀྱིས་མདོར་བསྡུ་བ་ནི་ས་དང་ཆུ་དང་མེ་དང་རླུང་ནི། ས་ཆུ་མེ་རླུང་ཞེས་ཟླས་དབྱེ་བའི་ཚིག་སྡུད་པ་ལྟ་བུའོ།། ༣གཞན་གྱི་དོན་བསྡུས་པ་ནི། རྟ་ཁྲ་བོ་དང་ལྡ་པ་ནི་རྟ་ཁྲ་ཅན་ཞེས་གཞན་གྱི་ཚིག་གི་དོན་བསྡུ་བ་ལྟ་བུའོ།། ༤བྱེད་པའི་ཚིག་དྲུག་གིས་མདོར་བསྡུས་པ་ནི་ལས་ལ་སོགས་པའི་ཚིག་བསྡུས་པ་སྟེ། ཆོས་ལ་སྤྱད་པ་ནི་ཆོས་སྤྱོད་ཅེས་ལས་ཀྱི་ཚིག་བསྡུས་པ་དང། ཡོན་ཏན་གྱིས་འཐོབ་པ་ནི་ཡོན་ཏན་འཐོབ་ཅེས་བྱེད་པའི་ཚིག་བསྡུས་པ་དང། མཆོད་པའི་ཆེད་དུ་བཙུགས་པའི་སྡོང་པོ་ནི་མཆོད་སྡོང་ཞེས་ཆེད་ཀྱི་ཚིག་བསྡུད་པདང་། ཤིང་ལས་བྱུང་བའི་འབྲས་བུ་ནི་ཤིང་འབྲས་ཞེས་རྒྱུའི་ཚིག་བསྡུས་པ་དང། ཟས་ཀྱི་བཅུད་ནི་ཟས་བཅུད་ཅེས་འབྲེལ་པའི་ཚིག་བསྡུས་པ་དང། དཀའ་བ་ལ་གནས་པ་ནི་དཀའ་གནས་ཞེས་གཞིའི་ཚིག་བསྡུས་པའོ།། ༥ཁྱད་པར་གྱིས་མདོར་བསྡུས་པ་ནི་སྔོན་པོ་ཡང་དེ་ཉིད་ཨུཏྤལ་ཡང་དེ་ཉིད་ཡིན་པ་ནི་ཨུཏྤལ་སྔོན་པོ་གཞན་སྤོང་བའི་ཚིག་མདོར་བསྡུས་པའོ།། དེ་རྣམས་ནི་མདོར་བསྡུས་པ་ཙམ་གྱིས་སྦྱོར་བ་ཡིན།། ཞེས་བྱ་བ་ནི་ཚིག་གི་དོན་གྱིས་བསྡུས་པ་གཞན་ལས་ཀྱང་ཕྱོགས་མཐུན་ནོ་ཞེས་པའི་དོན་ཏོ།།


༼༣༽ བྱེ་བྲག་བསྡུ་བ་ནི་གཉིས་ཏེ། དེ་ལ་ཚིག་སྔ་མ་བྱེ་བྲག་ཏུ་སྦྱོར་བ་དང་། ཚིག་ཕྱི་མ་བྱེ་བྲག་ཏུ་སྦྱོར་བའོ།།

༼༣༽ བྱེད་བྲག་གིས་བསྡུ་བ། ༡ཚིག་སྔ་མ་བྱེ་བྲག་ཏུ་སྦྱོར་བ། སྔོན་པོ་ཉིད་ཨུཏྤལ། ༢ཚིག་ཕྱི་མ་བྱེ་བྲག་ཏུ་སྦྱོར་བ། ཨུཏྤལ་ཉིད་སྔོན་པོ།

བྱེ་བྲག་བསྡུ་བ་ནི་གཉིས་ཏེ། དེ་ལ་༡ཚིག་སྔ་མ་བྱེ་བྲག་ཏུ་སྦྱོར་བ་ནི། སྔོན་པོ་ཉིད་ཨུཏྤལ་ཞེས་པ་སྔ་མའི་ཚིག་གི་དོན་བྱེ་བྲག་ཏུ་སྟོན་པ་ཡིན་ནོ།། ༢ཚིག་ཕྱི་མ་བྱེ་བྲག་ཏུ་སྦྱོར་བ་ནི། ཨུཏྤལ་ཉིད་སྔོན་པོ་ཞེས་པ་ལྟ་བུ་ཕྱི་མའི་ཚིག་གི་དོན་བྱེ་བྲག་ཏུ་སྟོན་པ་ཡིན་ནོ།། དེ་དག་ནི་དངོས་པོ་ཀུན་སྤྱི་དང་བྱེ་བྲག་དང་ལྡན་པའི་ཕྱིར་བྱེ་བྲག་བསྡུ་བ་ཡིན་ནོ།། ཞེས་པ་ནི། སྤྱི་ཙམ་གྱི་ཁོང་དུ་ཆུད་ལ། བྱེ་བྲག་ནི་ཁོང་དུ་མ་ཆུད་པ་དག་ལ་སྤྱིར་བྱེ་བྲག་བསྡུས་པས། བྱེ་བྲག་ལ་ཐེ་ཚོམ་ཟ་བ་སེལ་བར་ནུས་པ་ཡིན་ནོ།།

༼༤༽ ཡན་ལག་བསྡུ་བ་ནི་བཞི་སྟེ། འབྲེལ་བའི་ཡན་ལག་བསྡུ་བ་དང་། གོ་རིམས་ཀྱི་ཡན་ལག་བསྡུ་བ་དང་། དོན་གྱི་ཡན་ལག་བསྡུ་བ་དང་། གྲགས་པའི་ཡན་ལག་བསྡུ་བའོ།། དེ་ལ་གཉིས་ཏེ། འཇིག་རྟེན་པ་དང་། བསྟན་བཅོས་ལ་གྲགས་པའོ།།


༼༤༽ ཡན་ལག་བསྡུ་བ། ༡འབྲེལ་བའི་ཡན་ལག་བསྡུ་བ། ལུས་ལ་སོགས་པའི་དབང་པོ་ལྔ། ༢གོ་རིམ་གྱི་ཡན་ལག་བསྡུ་བ། མིག་ལ་སོགས་པའི་དབང་པོ། ༣དོན་གྱི་ཡན་ལག་བསྡུ་བ། ཤེས་རབ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ། ༤གྲགས་པའི་ཡན་ལག་བསྡུ་བ། འཇིག་རྟེན་ལ་གྲགས་པའི་ཡན་ལག་བསྡུ་བ། ཀ་བ་དང་བུམ་པ་ལ་སོགས་པ། བསྟན་བཅོས་ལ་གྲགས་པའི་ཡན་ལག་བསྡུ་བ། ལས་ལ་སོགས་པ་བྱེད་པའི་ཚིག

ཡན་ལག་བསྡུ་བ་ནི་བཞི་སྟེ། དེ་ལ་༡འབྲེལ་པའི་ཡན་ལག་བསྡུ་བ་ནི་གཙོ་བོ་ལ་འབྲེལ་པའི་ཡན་ལག་བསྡུ་སྟེ། ལུས་ལ་སོགས་པའི་དབང་པོ་ལྔ༌ལ༌ཞེས༌པ༌ལྟ༌བུའོ།། ༢གོ་རིམ་གྱི་ཡན་ལག་བསྡུ་བ་ནི། མི་ལ་སོགས་པའི་དབང་པོ་ཞེས་པའམ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ལྟ་བུའོ།། ༣དོན་གྱི་ཡན་ལག་བསྡུ་བ་ནི། དོན་གྱི་དབང་གིས་གཙོ་བོའམ། སྐབས་ཀྱི་དབང་གིས་གཙོ་བོ་ཡིན་པའི་ཡན་ལག་བསྡུ་བ་སྟེ། ཤེས་རབ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྟ་བུའམ། འཁོར་ལོ་ལ་སོགས་པའི་རིན་པོ་ཆེ་ཞེས་པ་ལྟ་བུའོ།། ༤གྲགས་པའི་ཡན་ལག་བསྡུ་བ་ནི། འཇིག་རྟེན་པ་དང་བསྟན་བཅོས་ལ་གྲགས་པ་གཉིས་ཏེ། དེ་ལ་འཇིག་རྟེན་ལ་གྲགས་པ་ནི། ཀ་བ་དང་བུམ་པ་ལ་སོགས་པའི་ཐ་སྙད་ཅེས་པ་ལྟ་བུ་གྲགས་པ་ཙམ་གྱིས་གཙོ་བོ་ཡིན་པས་སོ།། བསྟན་བཅོས་ལ་གྲགས་པ་ནི། ལས་ལ་སོགས་པའི་བྱེད་པའི་ཚིག་ཅེས་པ་ལ་སོགས་པ་གྲགས་པ་ཙམ་གྱིས་གཙོ་བོ་ཡིན་པས་ཡན་ལག་བསྡུ་བ་ཡིན་ནོ།། དེ་རྣམས་དངོས་པོ་ཀུན་གཙོ་བོ་དང་ཡན་ལག་དང་ལྡན་པའི་བསྡུ་བའོ།། ཞེས་བྱ་བ་ནི། རྣམ་པ་བཞིའི་སྒོ་ནས་གཙོ་བོ་དང་ཡན་ལག་ལྡན་པས་སོ།། གཙོ་བོ་ལ་སོགས་པས་ཞེས་པ་ནི་གཙོ་བོའི་རྗེས་སུ་སོགས་པའི་ཚིག་གིས་ཡན་ལག་ཇི་ལྟར་རིགས་པར་སྡུད་པ་ཡིན་ནོ།།

༼༥༽ གཞི་བསྡུ་བ་ནི་གཉིས་ཏེ། རིགས་བསལ་བའི་བསྡུ་བ་དང་། རིགས་མ་བསལ་བའི་བསྡུ་བའོ།།

༼༥༽ གཞི་བསྡུ་བ། རིགས་བསལ་བའི་བསྡུ་བ། ཆོས་ཐ་དག ཆོས་ཐམས་ཅད། ཟད་པར། རིགས་མ་བསལ་བའི་བསྡུ་བ། ཐམས་ཅད། ཀུན་ལ། ཟད་པར།

གཞི་བསྡུ་བ་ནི་གཉིས་ཏེ། དེ་ལ་༡རིགས་བསལ་བའི་བསྡུ་བ་ནི། རིགས་མི་མཐུན་པ་ཙམ་སེལ་བའི་རྗེས་སུ་ཀུན་སྡུད་པའི་ཚིག་སྨོས་པ་སྟེ། ཆོས་ཐམས་ཅད་དང་ཆོས་མཐའ་དག་དང་ཟད་པར་ལ་སོགས་པའོ།། ༢རིགས་མ་བསལ་བའི་བསྡུ་བ་ནི་མ་ལུས་པ་ལ་སྙེགས་པའི་ཚིག་སྟེ། ཐམས་ཅད་ཟད་པར་ཀུན་ལ་སོགས་པའོ།། དེ་དག་ནི་དེ་གཉིས་ཀྱི་སྒོ་ནས་ཀུན་སྡུད་པ་ཙམ་བྱེད་པའི་སྦྱོར་བ་ཡིན་ནོ།། ཞེས་པ་ནི་ཆོས་ཐམས་ཅད་ཀྱི་དངོས་པོ་དེ་སྒྲ་གཉིས་ཀྱི་སྒོ་ནས་ཀུན་སྡུད་པའི་ཚིག་ཡིན་ནོ།།

༼༦༽ གཞི་གཅིག་ཏུ་བསྡུ་བའི་སྦྱོར་བ་ནི་གཉིས་ཏེ། ཕྱོགས་གཅིག་ཏུ་བྱེད་པའི་བསྡུ་བ་དང་། སོ་སོ་ཕྱོགས་གཅིག་ཏུ་བྱེད་པའི་བསྡུ་བའོ།།

༼༦༽ གཞི་གཅིག་ཏུ་བསྡུ་བ། ཕྱོགས་གཅིག་ཏུ་བྱེད་པའི་བསྡུ་བ། འདུས་བྱས་ཐམས་ཅད་མི་རྟག སོ་སོ་ཕྱོགས་གཅིག་ཏུ་བསྡུ་བ། འདུས་བྱས་དང་འདུས་མ་བྱས་ནི་བདག་མེད་པའོ།།

གཞི་གཅིག་ཏུ་བསྡུ་བ་ནི་གཉིས་ཏེ། དེ་༡ཕྱོགས་གཅིག་ཏུ་བྱེད་པའི་བསྡུ་བ་ནི། འདུས་བྱས་ཐམས་ཅད་མི་རྟག་པར་ཕྱོགས་གཅིག་ཏུ་བྱེད་པ་ལྟ་བུའོ།། ༢སོ་སོ་ཕྱོགས་གཅིག་ཏུ་བྱེད་པ་ནི་འདུས་བྱས་དང་འདུས་མ་བྱས་ནི་བདག་མེད་པར་ཕྱོགས་གཅིག་ཏུ་བྱེད་པ་ལྟ་བུའོ།། དེ་དག་ནི་གཞི་བསྡུ་བའི་སྦྱོར་བ་ཕྱོགས་སུ་བྱས་པ་ལས་མཚན་ཉིད་གཅིག་ཏུ་བསྡུས་པའི་སྦྱོར་བ་ཡིན་ནོ།། དེ་དག་ནི་གཞི་བསྡུ་བའི་ཕྱོགས་སུ་བྱས་པ་ལས།། ཞེས་པ་ནི་འདུས་མ་བྱས་ཐམས་ཅད་ཅེས་གཞི་བསྡུ་བའི་ཕྱོགས་སུ་བྱས་པ་ལས་མི་རྟག་གོ་ཞེས་མཚན་ཉིད་གཅིག་ཏུ་བསྡུས་པའི་སྦྱོར་བ་ཡིན་ནོ་ཞེས་པའོ།།

༼༧༽ སྐྱེས་བུའི་བསྡུ་བ་ནི་གསུམ་སྟེ། ལས་འཛིན་པའི་བསྡུ་བ་དང་། བ་གཉིས་པའི་བསྡུ་བ་དང་། བྱེད་པའི་ཚིག་གི་བསྡུ་བ་འོ།།


༼༧༽ སྐྱེས་བུའི་བསྡུ་བ། ༡ལས་འཛིན་གྱི་བསྡུ་བ། ཨུཏྤལ་སྔོན་པོ། ༢བ་གཉིས་པའི་བསྡུ་བ། ཕུང་པོ་ལྔ། ༣བྱེད་པའི་ཚིག་གི་བསྡུ་བ། ༡དབྱེ་བའི་ཚིག་དང། ཤིང་རྒྱས་པ། ༢ཆེད་ཀྱི་ཚིག་དང། མཆོད་པའི་ཆེད་དུ་བཙུགས་པས་ན་མཆོད་སྡོང་། ༣རྒྱུའི་ཚིག་དང། ཤིང་ལས་བྱུང་བའི་འབྲས་བུ་ལ་ཤིང་འབྲས། ༤འབྲེལ་པའི་ཚིག་དང། ཟད་ཀྱི་བཅུད་ལ་ཟས་བཅུད། ༥གཞིའི་ཚིག་དང། དཀའ་བ་ལ་གནས་པ་ནི་དཀའ་གནས། ༦དགག་པའི་ཚིག་གོ། ༡མེད་དགག རྒྱལ་པོ་མེད། ༢མ་ཡིན་དགག ཉིན་པར་ཟས་མི་ཟ།

སྐྱེས་བུའི་བསྡུ་བ་ནི་གསུམ་མོ། དེ་ལ་༡ལས་འཛིན་པའི་བསྡུ་བ་ནི། ཆོས་རྣམས་ཀྱི་ངོ་བོ་འགའ་ལ་ཁྱད་པར་གྱི་གཞི་དང་ཁྱད་པར་གྱི་ཡུལ་དུ་ཡང་འགྱུར་བ་སྟེ་ཨུཏྤལ་ཡང་དེ་སྔོན་པོ་ཡང་དེ་ཡིན་པས་ཨུཏྤལ་སྔོན་པོ་ཞེས་པ་ལྟ་བུ་སྟེ། འདི་ནི་ཁྱད་པར་གྱི་གཞི་ལ་ཐེ་ཚོམ་ཟ་བ་སེལ་བ་ཡིན་ཏེ། འདི་ལྟར་གྱི་ཁྱད་པར་གྱི་ཆོས་ནི་ཁོང་དུ་ཆུད་ལ་ཁྱད་པར་གྱི་གཞི་གང་ལ་ཡོད་པ་ཁོང་དུ་མ་ཆུད་པ་ལ་སྦྱོར་བར་བྱེད་པ་ཡིན་ནོ།། ལས་ཉིད་ནི་འདི་གཞི་ཡིན་ལ། དེ་འཛིན་པ་ནི་གཙོ་བོ་ཡིན་ནོ།། ལས་དང་གཙོ་བོ་གཉིས་ཀྱི་དབང་དུ་བྱས་པས་ཡན་ལག་གཙོ་བོའི་ཕྱིར་རོ།། ངོ་བོ་ཐ་མི་དད་ཀྱང་དེའི་སྐྱེས་བུ་ཡིན་ནོ།། ༢བ་གཉིས་པའི་བསྡུ་བ་ནི། མཚམས་སྦྱོར་བ་ལ་བསྡུས་པའི་དོན་དང། རྣམ་གྲངས་ཡོད་པ་སྟེ། ཕུང་པོ་ཞེས་བྱ་བའི་དོན་དང་ལྔ་ཞེས་བྱ་བ་གྲངས་ཡོད་པའི་ཚིག་ལ་ཕུང་པོ་ལྔ་ཞེས་ཚིག་གཉིས་བསྡུ་བའི་སྦྱོར་བ་ཡིན་ནོ།། ༣བྱེད་པའི་ཚིག་གི་བསྡུ་བ་ནི། དོན་ཙམ་གྱི་ཚིག་དང། དབྱེ་བའི་ཚིག་དང། ཆེད་ཀྱི་ཚིག་དང། རྒྱུའི་ཚིག་དང། འབྲེལ་པའི་ཚིག་དང། གཞིའི་ཚིག་དང། དགག་པའི་ཚིག་གོ། དེ་ལ་དང་པོ་བསྡུ་བ་ནི། དཔེར་ན་ཤིང་ཡན་ལག་རྒྱས་པ་ནི་ཤིང་རྒྱས་པ་ཞེས་པ་ལྟ་བུའོ།། ལས་ལ་སོགས་པ་བསྡུ་བ་ནི་བྱེད་པའི་ཚིག་དྲུག་བསྡུ་བ་ལྟ་བུར་རིག་པར་བྱའོ།། དགག་པ་ཞེས་བྱ་བ་ནི། འགེགས་པའི་ཚིག་སྟེ་མེད་པ་དང་མ་ཡིན་པར་རོ།། དེ་ལ་མེད་པའི་དགག་པ་ནི། དཔེར་ན་རྒྱལ་པོ་མེད་ཅེས་པའི་ཚིག་དོན་རྒྱལ་པོ་མེད་པ་ཉིད་དོན་ཡིན་པ་སྟེ། ཚིག་གི་གཞན་ཞིག་ཡོད་པ་ནི་དོན་མ་ཡིན་ནོ།། མེད་པར་ཡང་གཏན་མེད་པ་དང། ཞིག་ནས་མེད་པ་ཉིད་ཁོ་ན་ཡིན་གྱི་གཏན་མ་ཡིན་ནོ།། མ་ཡིན་པར་དགག་པ་ནི་ཚིག་གི་དོན་ཡོད་པ་ཞིག་སྟེ་དོན་ཡང་དགག་པ་ཡིན་པར་སྟོན་པ་དང། ཞིག་ནས་མེད་པ་ཉིད་ཁོ་ན་ཡིན་པར་སྟོན་པ་དང། ཆུང་བ་ལ་སོགས་པ་དང་བྲལ་བ་དང་། མི་འདྲ་བ་དང་དམན་པ་དག་ཏུ་སྟོན་པར་བྱེད་པ་ཡིན་ནོ།། དེ་རྣམས་ནི་ཡན་ལག་གཙོ་བོར་སྟོན་པའི་སྦྱོར་བ་ཡིན་ནོ།། དེ་དག་ཀུན་ཡན་ལག་གཙོ་བོར་སྟོན་པས་དེའི་སྐྱེས་བུ་ཡིན་ནོ།།


༼༨༽ ཟླས་བསྡུ་བ་ནི་གཉིས་ཏེ། མཐུན་པ་བསྡུ་བ་དང་། མི་མཐུན་པ་བསྡུ་བའོ།། ༼༨༽ ཟླ་བསྡུ་བ། མཐུན་པར་བསྡུ་བ། མི་རྟག་ལ་སོགས། མི་མཐུན་པར་བསྡུ་བ། མི་རྟག་པ་བྲལ་བ།

ཟླས་བསྡུ་བ་ནི་གཉིས་སོ།། དེ་ལ་༡མཐུན་པར་བསྡུ་བ་ནི། མི་རྟག་པའི་ཟླས་སྡུག་བསྔལ་བསྡུ་བའོ།། ༢མི་མཐུན་པའི་བསྡུ་བ་ནི། མི་རྟག་པའི་ཟླས་རྟག་པ་བསྡུ་བ་ལྟ་བུའོ།། དེ་དག་ནི་གཅིག་གི་ཟླས་གཅིག་ཤེས་པའི་སྦྱོར་བ་ཡིན་ནོ།། དེ་དག་གི་ནི་གཅིག་གི་ཟླས་གཅིག་ཤེས་པའི་སྦྱོར་བ་ཡིན་ཏེ། ཁ་ཅིག་ཏུ་ཟླ་ཉིད་སྡུད། ཁ་ཅིག་ཏུ་སྦྱོར་བའི་ཚིག་སྡུད་དོ།། དེ་དག་གི་ཚིག་དང་དོན་སྡུད་པའི་ཕྱིར་བསྡུ་བའི་གནས་ཡིན་ནོ།།


གསུམ་པ་བསྒྱུར་བའི་གནས་ནི་བཞི་སྟེ། ༡བརྒྱུད་དེ་བསྒྱུར་བ་དང་། ༢ཡན་ལག་བསྒྱུར་བ་དང་། ༣རྣམ་གྲངས་བསྒྱུར་བ་དང་། ༤དྲང་ཐད་དུ་བསྒྱུར་བ་འོ།། དེ་ལ་༡བརྒྱུད་དེ་བསྒྱུར་བ་ནི། སྒྲ་གཅིག་གི་ཟུར་ལས་བརྒྱུད་པས་དོན་རྫོགས་པར་སྟོན་ནུས་པས་སྒྲ་གོ་སྟེ། ཇི་ལྟར་གུ་ལུ་ཞེས་བྱ་ལས་བརྒྱུད་པས། འཛམ་བུའི་འབྲས་བུ་སྨིན་པ་ནི། །དྲི་མ་མེད་པའི་ཆུ་ལ་ལྷུང་། །ཉ་ཡིས་བཟའ་བའི་ཆེད་དུ་ནི། །གུ་ལུ་གུ་ལུ་ཞེས་སུ་སྨྲ།། ཞེས་ཟེར་རོ།། ཞེས་བྱ་བ་ལ་སོགས་པ་ལྟ་བུའོ།། ༢ཡན་ལག་བསྒྱུར་བ་ནི། ཚིག་གཅིག་གི་སྒྲའི་ཡན་ལག་ཕྲལ་ཏེ། ཇི་ལྟར། ཨཔྲཤིཁ། ཞེས་བྱ་བ་སོ་སོར་ཕྲལ་བ་ལ། རིམ་བཞིན་བསྒྱུར་ན། ཨནེནདྷིཇམིཏྲེ། པྲབིཥྛཧཾབནྡྷརེ། ཤིརམཱཀྲམྱབཱདེནི། ཁགཾནེནམུཎྜོཔཆིཏྱ། ཞེས་བ་ལྟ་བུའོ།། ༣ རྣམ་གྲངས་བསྒྱུར་བ་ནི། སྒྲ་གཅིག་གི་རྣམ་གྲངས་དུ་མར་བསྒྱུར་བ་སྟེ། ཇི་ལྟར། རི་འོད་ས་དང་རྡོ་རྗེ་དང་། །མཐོ་རི་བ་ལང་ཕྱོགས་རྣམས་སུ། །མཁས་པས་གཽ་སྒྲ་ཤེས་པར་བྱ།། ཞེས་པ་ལྟ་བུའམ། སྐྱེ་དང་བདེན་དང་དེ་བཞིན་ཡོད། །སེམས་ཅན་འདས་དང་མི་མ་ཡིན། །ཅུང་ཟད་ལུས་དང་ས་ལ་སོགས། །འབྱུང་བའི་སྒྲ་ནི་མཁས་པས་བརྗོད།། ཅེས་བྱ་བ་ལ་སོགས་པ་ལྟ་བུའོ།། ༤ དྲང་ཐད་དུ་བསྒྱུར་བ་ནི། ཉེ་བར་བསྒྱུར་བ་ཉི་ཚེའི་དབང་དུ་བྱས་པ་སྟེ། ཇི་ལྟར་བཅོམ་པ་དང་ལྡན་པའི་དོན་ནི་བཅོམ་ལྡན་འདས། ཞེས་བྱ་བ་ལ་སོགས་པ་ལྟ་བུ་ཐམས་ཅད་དོ།། དེ་དག་ནི་གོ་སླའོ།།

བཞི་པ་དྲང་བའི་གནས་ནི་མུ་བཞི་སྟེ། ཡིན་པ་དང་། མ་ཡིན་པ་དང་། གཉི་ག་ཡིན་པ་དང་། གཉི་ག་མ་ཡིན་པའོ།། དེ་དག་ལ་ཡང་དངོས་པོ་གཅིག་ལ་མུ་བཞི་དྲང་བ་དང་། མུ་བཞི་ལས་དངོས་པོ་གཅིག་ཏུ་དྲང་བའོ།། དེ་ལ་གཅིག་ལ་མུ་བཞིར་དྲང་བ་ལ་ནི་ཆོས་གཅིག་བསྒྲུབ་པའི་སྒོ་ནས་ནི་ཡིན་པ་བསྒྲུབ་པའོ།། དྲང་བའི་གནས་ནི་མུ་བཞི་སྟེ། ཡིན་པ་དང་། མ་ཡིན་པ་དང། གཉི་ག་ཡིན་པ་དང་། གཉི་ག་མ་ཡིན་པ་དག་གོ།། ༡དངོས་པོ་གཅིག་ལ་མུ་བཞིར་དྲང་བ་ལ། ཆོས་གཅིག་སྒྲུབ་པའི་སྒོ་ནས་ཡིན་པ་གྲུབ་བོ།། ཞེས་བྱ་བ་ནི། དཔེར་ན་མི་ལ་བདེ་བའི་ཆོས་སྒྲུབ་པའི་སྒོ་ནས་བདེ་བ་ཡིན་པར་འགྲུབ་པའོ།། ཤིན་ཏུ་བདེ་བའི་ཆོས་དགག་པའི་སྒོ་ནས་ནི་སྡུག་བསྔལ་བདེ་བ་མང་བ་མ་ཡིན་པ་ལ་འགྲུབ་བོ།། དེ་གཉི་གའི་སྒོ་ནས་ནི་གཉི་ག་ཡིན་པ་འགྲུབ་པ་སྟེ་བདེ་བ་ཡོད་པའི་སྒོ་ནས་ནི་བདེ་བ་ཡང་ཡིན་ལ། མི་བདེ་བ་ཡོད་པའི་སྒོ་ནས་མི་བདེ་བ་ཡང་ཡིན་ནོ།།

མུ་བཞི་ལས་གཅིག་ཏུ་དྲང་བ་ལ་ནི་གཉིས་ཏེ། ངོ་བོ་ཉིད་ཀྱི་ཚིག་དང་། ཁྱད་པར་གྱི་ཚིག་དང་ལྡན་པའོ།། དེ་ལ་ངོ་བོ་ཉིད་ལ་ནི་ངོ་བོ་སྒྲུབ་པའི་ཚུལ་གྱིས་ཡིན་པ་འགྲུབ་པའོ།། ངོ་བོ་དགག་པའི་ཚུལ་གྱིས་མ་ཡིན་པ་འགྲུབ་བོ།། ཚུལ་གཞན་གྱི་སྒོ་ནས་ནི་གཉི་ག་ཡིན་པ་འགྲུབ་བོ།། ཚུལ་གཞན་གཅིག་གི་སྒོ་ནས་ནི་གཉི་ག་མ་ཡིན་པ་འགྲུབ་བོ།། མུ་བཞི་ལས་གཅིག་ཏུ་དྲང་བ་ནི་གཉིས་སོ།། དེ་ལ་ངོ་བོ་ཉིད་ཀྱི་ཚིག་དང་ལྡན་པ་ནི་མ་ཡིན་ཞེས་པ་དང། མི་མ་ཡིན་ཞེས་ངོ་བོ་སྒྲུབ་པ་དང་དགག་པ་ཡིན་པས་སྔ་མ་ནི་ཁྱད་པར་སྒྲུབ་པ་དང་དགག་པ་ཡིན་པས་ངོ་བོ་གཅིག་ལ་ལྡན་ནོ།།

ཁྱད་པར་གྱི་ཚིག་དང་ལྡན་པ་ལ་ནི། ཁྱད་པར་གྱི་གཞི་ཡིན་ལ་ཁྱད་པ་མ་ཡིན་པ་དང་། ཁྱད་པར་ཡིན་ལ་ཁྱད་པར་གྱི་གཞི་མ་ཡིན་པ་དང་། གཉི་ག་ཡིན་པ་དང་། གཉི་ག་མ་ཡིན་པའོ།། ཁྱད་པར་གྱི་ཚིག་དང་ལྡན་པ་ནི་མིའི་སྐྱེས་བུ་ལྟ་བུའམ་ཨུཏྤལ་སྔོན་པོ་ལྟ་བུ་ལ། ཁྱད་པར་གཞི་ཨུཏྤལ་ཡིན་ལ། ཁྱད་པར་སྔོན་པོ་མ་ཡིན་པ་དང། ཁྱད་པར་སྔོན་པོ་ཡིན་ལ། ཁྱད་པར་གྱི་གཞི་ཨུཏྤལ་མ་ཡིན་པ་དང། གཉི་ག་སྟེ་ཨུཏྤལ་ཡང་ཡིན་ལ། ཁྱད་པར་སྔོན་པོ་ཡང་ཡིན་པ་ལྟ་བུ་དང། དེ་གཉི་ག་མ་ཡིན་པ་བཞི་ལས་གཅིག་ཡིན་པའོ།། མུ་གསུམ་པ་ལ་ནི་ཁྱད་པར་ཡིན་ལ་ཁྱད་པར་གྱི་གཞི་མ་ཡིན་པ་མེད་དོ།། མུ་གཉིས་ལ་ནི་ཁྱད་པར་གྱི་གཞི་ཡིན་པའང་མེད་དོ།། མུ་གསུམ་པ་ལ་ནི་ཁྱད་པར་ཡིན་ལ། ཁྱད་པར་གྱི་གཞི་མ་ཡིན་པ་མེད་དོ་ཞེས་བྱ་བ་ནི་དཀར་པོ་ཡིན་ལ་ཁ་དོག་མ་ཡིན་པ་མེད་དོ་ཞེས་པ་ལྟ་བུའོ།། མུ་གཉིས་པ་ལ་ནི་ཁྱད་པར་གྱི་གཞི་ཡིན་ལ་ཁྱད་པར་མ་ཡིན་པ་ཡང་མེད་དོ་ཞེས་པ་ནི། ཡང་གི་བརྗོད་པ་ནི་སྔ་མ་སྡུད་པ་ཡིན་ཏེ། བར་མཚམས་ཤེས་པ་ལྟ་བུ་སྟེ། བར་ཡིན་ལ་མཚམས་མ་ཡིན་པ་ཡང་མེད་ལ་མཚམས་ཡིན་ལ་བར་མ་ཡིན་པ་ཡང་མེད་དོ།།

བྱེད་པའི་གནས་དང་། བསྡུ་བའི་གནས་དང་། བསྒྱུར་བའི་གནས་དང་། དྲང་བའི་གནས་དང་། འཇུག་པའི་གནས་དང་། རྣམ་པར་དབྱེ་བའི་གནས་དང་། ཕྱོགས་ཀྱི་གནས་དང་། དངོས་པོའི་གནས་སོ།།

ལྔ་པ་ཡི་གེ་འཇུག་པའི་གནས་ནི་བརྒྱད་དེ། ༡སྒྲ་དང་། ༢སྐད་དང་། ༣མིང་དང་། ༤མཚན་མ་དང་། ༥བརྡ་དང་། ༦ཐ་སྙད་དང་། ༧ཚིག་དང་། ༨དོན་ནོ།། ཡི་གེ་འཇུག་པའི་གནས་ནི་བརྒྱད་དེ། སྒྲ་དང་སྐད་ལ་སོགས་པ་ལྟ་བུའོ།།

༡དེ་ལ་སྒྲ་ནི་ཤེས་པས་ཟིན་པ་ལས་བྱུང་བ་དང་། མ་ཟིན་པ་དང་། གཉིས་ག་ལས་བྱུང་བ་ལ་སེམས་ཅན་དུ་སྟོན་པ་དང་། མི་སྟོན་པར་ཕྱེ་བ་དང་། ལུང་དུ་སྟོན་པ་དང་། མི་སྟོན་པ་དག་གོ། ༢སྐད་ནི་བཞི་སྟེ། རང་བཞིན་དང་། འདུས་བྱས་དང་། ༼ལེགས་སྦྱར༽ ཟུར་བཅག་པ། ༼ཟུར་ཆག༽ དང་། ཤ་ཟའིའོ།། ༣མིང་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དྭགས་ཏེ་ཡི་གེ་འདུས་པའི་བདག་ཉིད་དོ།། ༤མཚན་མ་ནི་འདིས་མཚོན་པར་བྱེད་པས་མཚན་མ་སྟེ་སྣང་བར་ནུས་པའོ།། དེ་དག་གོ་སླའོ།།

༥བརྡ་ནི་མིང་དང་མིང་ཅན་འབྲེལ་བར་བྱེད་པ་སྟེ། ཞེས་བྱ་བ་ལ། མིང་གི་ཀ་བ་ལ་སོགས་པ་ནི་སྒྲ་རང་གི་མཚན་ཉིད་དོ།། དེ་འབྲེལ་པར་བྱེད་པའི་སྒྲ་དང། དོན་གྱི་སྤྱིའི་རྣམ་པ་ན་བརྡ་བྱེད་པའི་དུས་ན་དོན་ལ་དམིགས་ཤིང་སྒྲ་ལས་བྱུང་བའི་ཤེས་པ་ལ་འདིའི་མིང་འདི་སྐད་ཡིན་ནོ་ཞེས་ཞེན་པའི་དབང་གིས་ཤེས་པ་གཅིག་ལ་མཐོང་བ་ལ་སོགས་པའི་དོན་གྱི་རྣམ་པ་དང་། ཀ་བ་ཞེས་པ་ལ་སོགས་པའི་སྒྲའི་རྣམ་པ་གཉིས་ཡོད་པ་ཡིན་ཏེ། དེ་གཞན་ལ་གོ་བར་བྱེད་ན་འབྲེལ་པར་བྱས་པ་ནི་དགོས་ཆེད་ཡིན་ནོ།།

འདིར་འབྲེལ་པ་དང་འབྲེལ་པའི་ཡུལ་ངེས་པ་ཅན་གང་ཞིག་གཟུང་བར་བྱ་ཞེ་ན། ༡དོན་ལ་དམིགས་ཤིང་༢སྒྲ་ལས་བྱུང་བའི་ཤེས་པ་༣མངོན་པར་ཞེན་པའི་རྟོག་པ་ལ་འབྲེལ་པ་ངེས་པ་ཡོད་དེ། འབྲེལ་པའི་ཡུལ་དོན་སྤྱིའི་རྣམ་པ་ལ་འབྲེལ་པའི་སྒྲ་སྤྱི་ལ་རག་ལས་པའི་ཕྱིར་རོ།། གཞན་དུ་ནི་སྒྲ་ལས་བྱུང་ཡང་སྒྲ་ཉིད་ལ་དམིགས་པ་ཡོད་དོ།། གནོད་སྦྱིན་གྱི་བརྗོད་པ་ཐོས་པ་ལས་བྱུང་པའི་ཤེས་པ་ལ་དོན་གྱི་སྤྱི་ལ་རག་མ་ལས་ཀྱི་སྒྲ་ཐོས་པ་ཙམ་ཡེལ་དུ་བྱས་ནས། སྒྲའི་རྣམ་པའི་རྟོག་པ་དང། ངེས་འབྱུང་བའི་སྒྲའི་རང་གི་མཚན་ཉིད་ཀྱང་གཞན་ཐོས་པ་ཙམ་དུ་བྱེད་ནུས་ཏེ། དེ་ནི་སྔོན་དོན་ལ་དམིགས་ཏེ་མ་སྐྱེས་པས་མིང་དང་མིང་ཅན་འབྲེལ་པར་བྱེད་པའི་ནུས་པ་ཡང་མེད་ལ། འབྲེལ་པའི་ཡུལ་ལ་མ་བརྟེན་པས་འབྲེལ་པ་ཉིད་ཀྱང་མ་ཡིན་ནོ།། དེའི་ཕྱིར་དོན་ལ་དམིགས་པ་སྨོས་དགོས་སོ།། ཁ་ཅིག་ནི་དོན་ལ་དམིགས་པ་ལས་སྐྱེས་ཀྱང་བརྡ་ལ་མ་བྱང་བ་དག་སྒྲའི་རྣམ་པ་མེད་པ་ཡང་ཡོད་དེ། དེའི་ཕྱིར་སྒྲ་ལས་བྱུང་བ་སྨོས་སོ།། ཁ་ཅིག་ནི་སྔོན་དོན་ལ་དམིགས་ཤིང་སྒྲ་ལས་བྱུང་བའི་ཤེས་པ་སྐྱེས་ཀྱང་མ་ཞེན་པའི་དབང་གིས་ད་ལྟར་བརྗོད་པ་དང་འདྲེས་པའི་རྟོག་པ་མེད་པ་སྟེ། དེའི་ཕྱིར་མངོན་པར་ཞེན་པ་སྨོས་སོ།།

གནོད་སྦྱིན་གྱི་བརྗོད་པ་ཐོས་པ་ལས་སྐྱེས་པའི་གནོད་སྦྱིན་གྱི་སྒྲ་ཙམ་ཡུལ་དུ་བྱས་པ་ལ་ཡང་རྣམ་པར་རྟོག་པ་ཡོད་དེ། སྒྲ་ཉིད་ཡུལ་དུ་བྱས་པའི་རྟོག་པ་དང། རང་གིས་ཀུན་བརྟགས་པའི་རྟོག་པ་གཞན་ཞིག་དང་ཡུལ་དུ་འགྱུར་རོ་ཞེ་ན། དེ་ལྟ་བུའི་རྟོག་པ་ཡོད་ཀྱང་བརྗོད་པ་འདྲིས་པའི་དོན་གྱི་སྤྱི་མ་ཡིན་ཏེ། དོན་དང་སྤྱིའི་ཤེས་པ་ལ་ནི་བརྡ་བྱེད་པའི་དུས་ན་ཤེས་པ་གཞན་ལས་ཁྱད་པར་དུ་བྱེད་པའི་ཆོས་ལྔ་དང་ལྡན་དགོས་ཏེ། དེ་ལ་ཡན་ལག་གཅིག་ཉམས་ཀྱང་མི་འགྲུབ་པའོ།། ལྔ་གང་ཞེ་ན། དོན་ལ་དམིགས་པ་དང། སྒྲ་ལས་བྱུང་བ་དང། མཐུན་པར་སྣང་བ་དང། ཐུན་མོང་དུ་གྲགས་པ་དང། མངོན་པར་ཞེན་པའོ།། དེ་ལ་དོན་ལ་དམིགས་པ་ནི། ཡུལ་གྱི་བྱེ་བྲག་ཏུ་བྱས་པ་ཡིན་ཏེ་སྒྲ་ཉིད་ལ་དམིགས་ཏེ་བྱུང་བ་མ་ཡིན་ནོ།། སྒྲ་ལས་བྱུང་བ་ནི། རྒྱུའི་སྒོ་ནས་བྱེ་བྲག་ཏུ་བྱས་པ་ཡིན་ཏེ། དོན་ཉིད་ལ་དམིགས་ཏེ་བྱུང་བ་མ་ཡིན་ནོ།། མཐུན་པར་སྣང་བ་ནི་དོན་རྣམ་པའི་སྒོ་ནས་བྱེ་བྲག་ཏུ་བྱས་པ་ཡིན་ཏེ། བརྡ་སྟོན་པ་པོ་ཐ་དད་པར་སྣང་བ་ནི་མ་ཡིན་ནོ།། ཐུན་མོང་དུ་གྲགས་པ་ནི་སྒྲའི་རྣམ་པའི་སྒོ་ནས་བྱེ་བྲག་ཏུ་བྱས་པ་ཡིན་ཏེ། བརྡ་སྟོན་པ་པོ་དང་གཞན་དག་ཏུ་ཐ་དད་པར་གྲགས་པའི་རྣམ་པ་ནི་མ་ཡིན་ནོ།། མངོན་པར་ཞེན་པ་ནི་ཞེན་པའི་སྒོ་ནས་བྱེ་བྲག་ཏུ་བྱས་པ་ཡིན་ཏེ་མ་ཞེན་པས་ནི་མ་ཡིན་ནོ།། ཞེན་པའང་བཞི་སྟེ། དེའང་ཁ་ཅིག་ཏུ་ཚང་བར་འབྱུང་། ཁ་ཅིག་ཏུ་མ་ཚང་བར་འབྱུང་སྟེ་འོག་ནས་རིག་པར་བྱའོ།། ༡དེ་ལྟར་གནོད་སྦྱིན་གྱི་བརྗོད་པ་ཐོས་པ་ལས་སྐྱེས་པའི་ཤེས་པ་ནི། སྒྲ་ཙམ་ལས་བྱུང་བའི་ཕྱིར་ཡན་ལག་བཞི་ཉམས་པས་སྒྲའི་སྤྱིའི་རྣམ་པར་བརྗོད་པར་བྱ་བ་དང་འདྲེར་རུང་བ་ཡང་དོན་གྱི་སྤྱི་རྣམ་དང་འབྲེལ་པའང་མེད་དེ། རག་ལས་པ་མེད་པས་འབྲེལ་བའི་ཡུལ་ཡིན་ཞེས་བྱའོ།། སྒྲ་ལས་བྱུང་བའི་ཡན་ལག་མ་ཆད་པ་ལ་སྒྲའི་སྤྱི་མེད་པའི་ཡང་དེ་བཞིན་ནོ།། དེ་དག་གི་ཡན་ལག་དེ་དག་གི་དགར་བའི་ས་ཡོན་ནོ།། དེ་དག་གི་རང་རང་གི་ནུས་པ་ནི། དོན་ལ་དམིགས་པས་ནི་དོན་གྱི་རྣམ་པར་སྐྱེད་པར་བྱེད་དོ།། སྒྲ་ལས་བྱུང་བས་ནི་སྒྲ་སྤྱིའི་རྣམ་པར་སྐྱེད་པར་བྱེད་དོ།། མཐུན་པར་སྣང་བ་དང་ཐུན་མོང་དུ་གྲགས་པས་ནི་ཞེན་པ་སྐྱེ་ཞིང་གཞན་ལ་གོ་བར་ནུས་སོ།། མངོན་པར་ཞེན་པས་ནི་མིང་དང་མིང་ཅན་འབྲེལ་པར་བྱེད་དོ།། དེ་དག་མ་ཚང་ན་ནི་དེ་ལས་བཟློག་པར་འགྱུར་རོ།། སྐྱེ་བའི་རིམ་པ་ཡང་བརྡ་བྱེད་པའི་དུས་ན་ནི། ཕལ་ཆེར་ནི་དང་པོའི་དོན་མཐོང་ནས་དེའི་རྣམ་པར་སྐྱེ་བ་ན། འདི་ནི་མིང་ཅི་ཡིན་ཞེས་ཐ་སྙད་འདོགས་པའི་བློ་སྐྱེ་བ་ན། སྨྲ་བ་པོ་གཞན་གྱིས་འདི་ཀ་བ་ཡིན་ནོ་ཞེས་སྒྲ་ཐོས་པ་ལས། འདི་ཀ་བ་ཡིན་སྙམ་པའི་སྒྲའི་སྤྱི་རྣམ་པར་སྐྱེའོ།། དེ་ནས་ཀ་བ་ཞེས་པའི་སྒྲ་རྗོད་པར་བྱེད་དོ།། ཁ་ཅིག་ནི་དང་པོ་མིང་གི་སྒྲ་ཙམ་ཐོས་པ་སྟེ། སྒྲ་ཙམ་ལས་བྱུང་བའི་སྒྲའི་རྣམ་པ་ཅན་གྱི་ཤེས་པ་སྐྱེས་ནས། དེ་གང་གི་མིང་ཡིན་པར་ཚོལ་བའི་བློ་སྐྱེ་ན། སྨྲ་བ་པོ་གཞན་གྱིས་ཀ་བ་འདི་ཡིན་ནོ་ཞེས་དོན་བསྟན་པ་ན་མིང་ཅན་དང་འབྲེལ་པའི་ཤེས་པ་སྐྱེའོ།། ༢མངོན་པར་ཞེན་པ་ནི་དང་པོ་མངོན་སུམ་དུ་གྱུར་ནས། དེ་ནས་ཕྱིས་དོན་དང་འདྲ་བའི་མིང་ཅན་གྱི་ཤེས་པ་སྐྱེ་བ་ན། རྣམ་པ་ཉིད་ལ་དོན་དེ་ཉིད་དུ་མངོན་པར་ཞེན་པ་སྐྱེའོ།། དེ་ནས་མིང་གི་ཐ་སྙད་བཏགས་པ་ནི་སྒྲའི་རྣམ་པ་ཡི་གེའི་རྣམ་པའི་བདག་ལ་དོན་གྱི་རྣམ་པ་ཉིད་དུ་མངོན་པར་ཞེན་པ་སྐྱེའོ།། དེ་ནས་སྒྲ་རང་གི་མཚན་ཉིད་བརྗོད་པ་ན། རང་གི་མཚན་ཉིད་ལ་རྣམ་པ་ཉིད་དུ་མངོན་པར་ཞེན་པ་སྐྱེ་སྟེ། དེ་ལྟར་ཞེན་པའི་དབང་གིས་མིང་དང་མིང་ཅན་འབྲེལ་པར་བྱེད་དོ།། ༢ཞེན་པ་གསུམ་པ་འདི་ཤིན་ཏུ་ཞེན་པས་ནི། སྨྲ་བ་པོ་ཉིད་དོན་སྟོན་པ་ལ་སྨྲ་བར་བྱེད་པའང་ཡིན་ལ་ཉན་པ་པོ་བརྡ་ལ་བྱང་བ་དག་སྒྲ་དོན་ཁོང་དུ་ཆུད་པའང་ཡིན་ནོ།། ཞེན་པ་བཞི་པ་ནི། གང་ཟག་བླུན་པོ་བསྟན་བཅོས་ལ་བློ་མ་བྱང་པར་སློབ་པར་ཞུགས་པ་དག་ཡིན་ཏེ། ཡི་གེ་སྟོན་པའི་གཟུགས་ལ་ཡི་གེ་ཉིད་དུ་འཛིན་ཏེ། དེའི་དབང་གིས་ཡི་གེའི་རྣམ་པ་རྣམ་པར་རྟོག་པ་དང་བཅས་པའི་རྣམ་པར་ཤེས་པ་ལ་མི་གསལ་བ་ལ་གནས་པའིསྒྲ་སྤྱིའི་རྣམ་པའང་ཡི་གེའི་གཟུགས་ཀྱི་རྣམ་པར་མིང་ལ་བྱེད་པར་འགྱུར་ཏེ། དེ་ནི་སྨྲ་བ་ཀུན་ལ་འབྱུང་བ་མ་ཡིན་ནོ།། གཟུགས་ལ་ཡི་གེ་ཉིད་དུ་ཞེན་པས་ནི། གླེགས་བམ་དུ་བྲིས་པ་ལ་བརྗོད་པའི་ཡུལ་བྱེད་པ་ཡིན་ནོ།། བརྡ་ལ་བློ་བྱང་བ་དག་སྨྲ་བ་པོ་སྒྲ་བརྗོད་པ་དང་ཉན་པ་པོ་དག་ལ་སྒྲ་ལས་བྱུང་བའི་ཤེས་པ་སྐྱེ་བའི་ཚུལ་ནི་འདི་ཡིན་ཏེ། དེ་ལ་སྨྲ་བ་པོ་དག་སྒྲ་བརྗོད་པ་ན། སྔོན་བརྡ་བྱེད་པའི་དུས་ཡན་ལག་ལྔའི་ཚུལ་ཤིན་ཏུ་འདྲིས་པས། ད་ལྟ་རྗོད་པར་བྱེད་པའི་དུས་ན། ཚུལ་དེ་བཞིན་དུ་འབྱུང་བ་འབད་པ་མེད་པར་འབྱུང་སྟེ། འདི་ལྟར་དོན་གྱི་དངོས་པོ་ཉིད་ཉེ་ཡང་རུང་སྟེ་རྣམ་པ་གཉིས་མངོན་དུ་བྱས་སྟེ། སྒྲ་རང་གི་མཚན་ཉིད་ཀྱི་རྐྱེན་གཞན་དག་ལའང་བརྟེན་ནས་སྒྲ་རྗོད་པར་བྱེད་དོ།། ཉན་པོ་དག་ཀྱང་སྔོན་བརྡའི་དུས་ན་གོམས་པས། ད་ལྟ་སྒྲ་ཐོས་པ་ན་སྒྲའི་མཐུས་སྒྲ་ཉིད་ཀྱི་རྣམ་པ་ཙམ་སྐྱེད་པ་ལས་སྔོན་སྒྲ་རྣམ་པ་ལ་དོན་གྱི་རྣམ་པར་ཞེན་པས་དེའི་དབང་གིས་འདི་ཡིན་ནོ་སྙམ་དུ་སྔོན་བརྡའི་དུས་དང་གཅིག་ཏུ་བསྲེས་པས་དོན་གྱི་རྣམ་པ་རྟོག་གོ། རྣམ་པ་ཡང་དོན་དང་འདྲ་བ་དང། དོན་ཉིད་དུ་ཞེན་པ་ཡིན་པས་དོན་ཁོང་དུ་ཆུད་པར་བྱེད་དོ།། དེས་ན་སྔོན་གྱི་ཡུལ་ལ་དམིགས་པ་དང། ད་ལྟར་གྱི་ཡུལ་ལ་དམིགས་པ་གཉིས་རྟོག་བཅས་ཀྱི་ཤེས་པ་གཅིག་ཏུ་བསྲེ་དགོས་པའི་ཕྱིར། མཐུན་པར་སྣང་བའི་ཡན་ལག་དགོས་སོ།། སྔོན་གྱི་སྒྲའི་རྣམ་པའང་དེ་བཞིན་དུ་བསྲེ་དགོས་པས་ཐུན་མོང་དུ་གྲགས་པའི་ཡན་ལག་དགོས་སོ།། འོ་ན་བསྲེས་པས་ཅི་ཞིག་བྱེད་ཅེ་ན། མ་བསྲེས་ན་སྔོན་གྱི་དོན་ཡང་གཞན་ལ། ད་ལྟར་གྱི་དོན་ཡང་གཞན་ཡིན་པས། སྔོན་གྱི་དོན་ལ་བརྗོད་པའི་སྒྲས་ད་ལྟར་གྱི་དོན་ལ་འཇུག་མི་ནུས་པས་སྟེ། དེའི་ཕྱིར་གཅིག་ཏུ་བསྲེས་པའི་སྒྲས་དོན་གོ་བར་བྱེད་པའི་ནུས་པ་ཡོད་པ་ཡིན་ནོ།།

ད་ནི་ཡན་ལག་དེ་དག་གི་ངོ་བོ་བསྟན་པར་བྱ་སྟེ། ༡དེ་ལ་དོན་ལ་དམིགས་པ་ནི། སྔར་དབང་པོ་ཤེས་པ་དང་དོན་དུ་ཕྲད་པ་ན་དོན་མཐོང་བ་དང། ཕྱིས་དེའི་རྣམ་པ་སྣང་བ་ལ་ཞེན་པའི་སྒོ་ནས་དོན་དེ་ཉིད་ལ་དམིགས་པ་འཆའ་བ་ཡིན་ཏེ། སྒྲ་ཐོས་ན་དམིགས་པ་དོན་ལ་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། ༢མཐུན་པར་སྣང་བ་ནི། ཁ་དོག་དང་དབྱིབས་དང་བྱ་བ་བྱེད་པའི་ནུས་པ་དག་བརྡ་སློབ་པའི་ཤེས་པ་ལ་ཇི་ལྟར་སྣང་བ་དེ་ལྟར་བརྡ་སྟོན་པ་པོ་དང། གཞན་དག་ལ་ཡང་ད་ལྟར་སྣང་བ་ཡིན་ཏེ། འདིས་དམིགས་པ་མཐུན་པར་སྣང་བ་ཡིན་ནོ།། ༣ཐུན་མོང་དུ་གྲགས་པ་ནི་བརྡ་སྟོན་པའི་སྒྲ་གཞན་དག་དང་ཐུན་མོང་དུ་གྲགས་པ་སྟེ། སྒྲ་སྤྱིའི་རྣམ་པ་ཡང་དེ་ཉིད་ཡིན་ནོ།། ༤སྒྲ་ལས་བྱུང་བ་ནི་ཐུན་མོང་དུ་གྲགས་པའིསྒྲ་ལས་བྱུང་བ་སྟེ། ཐུན་མོང་དུ་མ་གྲགས་པའི་སྒྲ་ལས་བྱུང་བ་ནི་ཡན་ལག་ཉམས་པར་གྱུར་པའི་རྒྱུ་ཡིན་ནོ།། མངོན་པར་ཞེན་པ་ནི་གོང་དུ་བསྟན་པ་ཉིད་དོ།།

སྒྲ་དང་དོན་གྱི་སྤྱིའི་རྣམ་པ་གཞན་ལ་སྨྲ་བར་བྱེད་པའི་དུས་ཅན་གྱི་བདག་ཉིད་དོ།། ཞེས་བྱ་བ་ནི་བརྡ་ཞེས་བྱ་བ་གཞན་ལ་གོ་བར་བྱེད་པའི་རྒྱུ་མཚན་ཡིན་པས་སོ།།

༦ཐ་སྙད་ནི་དངོས་པོ་མེད་པ་ལ་དངོས་པོར་བརྟགས་པ་སྟེ། དེ་ཡང་བརྟགས་པ་དང་། འཇུག་པ་དང་། བརྗོད་པར་བཅས་པ་ཐམས་ཅད་དོ།། དེ་ལ་བརྡ་ནི་གོ་བར་བྱེད་པའི་བདག་ཉིད་ཡིན་ལ། ཐ་སྙད་ནི་འཇུག་པར་བྱེད་པའི་བདག་ཉིད་ཅན་ཡིན་ནོ།། ཐ་སྙད་ནི་དངོས་པོ་ལ་ཐ་སྙད་མེད་པ་ལ་ནན་གྱིས་བཏགས་པ་སྟེ། དེ་ཡང་བཏགས་པའི་ཤེས་པ་ནི་འདི་ཀ་བ་ཡིན་ནོ་སྙམ་པ་ལ་སོགས་པའི་ཤེས་པའོ།། བརྗོད་པ་ནི་འདི་ཀའོ་ཞེས་བྱ་བའི་སྒྲའོ།། འཇུག་པ་ནི་ཀ་བ་ཡིན་པས་ཁང་ཁྱིམ་བྱེད་པར་རྩོམ་པ་ལ་སོགས་པའོ།།

༧ཚིག་ནི་ཆོས་རྣམས་ཀྱི་ཁྱད་པར་གྱི་ཚིག་བླ་དྭགས་ཡིན་ཏེ། མིང་འདུས་པའི་བདག་ཉིད་ཅན་ནོ།། ༨དོན་ནི་ཆོས་རང་གི་ངོ་བོ་ཇི་ལྟར་གནས་པའོ།། དེ་རྣམས་ལ་ཡི་གེ་ཇི་ལྟར་འཇུག་ཅེ་ན། དོན་གྱི་དངོས་གཞི་ལས་དོན་གྱི་སྤྱིའི་རྣམ་པ་སྐྱེའོ།། དེ་ལས་སྒྲ་སྤྱིའི་རྣམ་པ་སྐྱེའོ།། དེ་ལས་བརྡ་དང་ཐ་སྙད་འབྱུང་ངོ།། བརྡ་དང་ཐ་སྙད་ཀྱི་དུས་སྐབས་ན། ཡི་གེའི་ཚོགས་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་ཀྱི་རྣམ་པ་ཡོད་དོ།། ཐ་སྙད་ཅེས་བྱ་བ་ནི་འཇུག་པའི་རྒྱུ་མཚན་ཡིན་ནོ།། གཞན་ནི་གོ་བར་ཟད་དོ།།

དེ་ལ་རྒྱུ་རྐྱེན་གྱི་ཚོགས་ལ་བརྟེན་ནས་སྒྲ་རང་གི་མཚན་ཉིད་དུ་འབྱུང་སྟེ། སྒྲ་ཞེས་བྱ་བའི་མིང་ཐོབ་བོ།། སྒྲ་དེས་ཉན་པ་པོ་ལ་སྒྲ་ལས་བྱུང་བའི་ཤེས་པ་སྐྱེ་བ་ན་སྔོན་བརྡའི་དུས་ཀྱི་དང་གཅིག་ཏུ་སྒྲོ་བཏགས་ཏེ་སྤྱི་གསལ་བར་བྱེད་དོ།། དེས་དོན་གྱི་སྤྱི་སྒྲོ་བཏགས་པའི་བདག་ཉིད་དུ་བརྗོད་ནས། དེས་དོན་རང་གི་མཚན་ཉིད་ཁོང་དུ་ཆུད་པར་འགྱུར་བས་དེ་དག་ཡི་གེའི་འཇུག་པ་ཞེས་བྱའོ།། དེ་ལ་རྒྱུ་རྐྱེན་གྱི་ཚོགས་ལ་བརྟེན་ནས་སྒྲ་རང་གི་མཚན་འབྱུང་སྟེ་ཞེས་བྱ་བ་ནི་བརྒྱུད་པའི་རྒྱུ་ནི་དོན་དང་སྨྲ་བའི་ཉིད་དོ།། ཉེ་བའི་རྒྱུ་ནི་སྒྲ་དང་དོན་གྱི་སྤྱི་ཡིན་ནོ།། དེ་ནི་དཔེར་ན་པི་ཝང་གི་སྒྲ་འབྱུང་བར་བྱ་བ་ལ་སྐྱེས་བུ་ལྟ་བུའོ།། ཐུན་མོང་གི་འབྱུང་ཁུངས་ནི་བརྒྱད་དེ། ཁོང་སྦུབས་དདང། མགུལ་པ་དང། རྐན་དང། ལྕེ་དང། སོ་དང། མཆུ་དང་། སྣ་དང། སྤྱི་བོ་སྟེ། པི་ཝང་གི་སྒྲའི་བྱ་བ་ལ་སྦུབས་དང་ཡུ་བ་དང་ལག་རྟེན་དང་པགས་པ་དང་རྒྱུད་དང་རྒྱུད་རྟེན་ལྟ་བུའོ།། ཁྱད་པར་གྱི་གནས་ནི་བཅུ་སྟེ། ཡི་གེ་ལ་ལ་ནི་མགུལ་པ་ནས། ལ་ལ་ནི་རྐན་ནས། ལ་ལ་ནི་སོ་ལས། ལ་ལ་ནི་མཆུ་ལས། ལ་ལ་ནི་སྣ་ལས། ལ་ལ་ནི་སྤྱི་བོ་ལས། ལ་ལ་ནི་ཁོང་ལས། ལ་ལ་ནི་མགུལ་དང་རྐན་གཉིས་ལས། ལ་ལ་ནི་མགུལ་དང་མཆུ་གཉིས་ཀ་ལས། ལ་ལ་ནི་སྤྱིའི་ཆ་ལས་བྱུང་སྟེ། དེ་དག་ནི་་པི་ཝང་གི་ཕོ་རྒྱུད་དང་མོ་རྒྱུད་ལས་ཕོ་སྒྲ་དང་མོ་སྒྲ་འབྱུང་བ་ལྟ་བུའོ།། རྣམ་པ་བཞི་སྟེ། ལྕེ་དབུས་དང། ལྕེའི་དཀྱིལ་སྨད་དང། ལྕེའི་རྩེ་དང། སྣའི་སྦུབས་དང་ངོ།། དེ་དག་གི་པི་ཝང་གི་སྒྲའི་བྱ་བ་ལ་གཞུ་རྒྱུད་ལྟ་བུའོ།།

གསལ་བར་བྱེད་པ་ནི་བཅོ་བརྒྱད་དེ། ཨའི་སྒྲའི་ལ་རྟེན་ནས་ཐུང་ངུ་དང། བར་མ་དང་རིང་དུ་འདྲེན་པ་གསུམ་ལ་ཆེ་བ་དང་ཆུང་བ་དང་བར་མ་གསུམ་གསུམ་དུ་ཕྱེ་པས་དགུར་འགྱུར་རོ།། དེ་ལ་སྣ་དང་ལྡན་པ་དང་མི་ལྡན་པར་ཕྱེ་བས་བཅོ་བརྒྱད་དེ་དག་གི་པི་ཝང་གི་སྒྲའི་བྱ་བ་ལ་སྒྲ་ཉིད་གསང་བ་དང་བཅས་པས་དབྱུང་དགོས་པ་དང་འདྲའོ།། དེ་ལྟར་རྒྱུ་རྐྱེན་དེ་སྙེད་ཅིག་འཚོགས་པས་སྒྲ་རང་གི་མཚན་ཉིད་མཉན་དུ་རུང་བ་འབྱུང་བ་ཡིན་ནོ།།


དྲུག་པ་རྣམ་པར་དབྱེ་བའི་གནས་ནི་བརྒྱད་དེ། གང་། གང་ལ། གང་གིས། གང་གི་ཕྱིར། གང་ལས། གང་གི། གང་ལ། འདི་རྣམས་བོད་པ་དང་བཅས་པ་ནི། རྣམ་པར་དབྱེ་བ་བདུན། བོད་པ་དང་བརྒྱད་དོ།། འདི་རྣམས་གཅིག་ཚིག་དང་། གཉིས་ཀྱི་ཚིག་དང་། མང་པོའི་ཚིག་དང་། གསུམ་གི་ན་ཉི་ཤུ་གཅིག་གོ།། དེ་ལ་སྒྱུར་བྱེད་ཀྱི་ཡི་གེ་ཉི་ཤུ་རྩ་གཅིག་དང་སྒྲ་ཙམ་དུ་ཕྲད་ནས་སྒྲ་གཅིག་སྒྲ་ཐམས་ཅད་དུ་འགྱུར་དུ་རུང་བའི་དོན་ནི། བིབྷཀྟ་ཞེས་བྱ་བ་རྣམ་པར་འབྱེད་པའི་དོན་ཡིན་གྱི། བྱེད་པའི་གནས་ལྟ་བུ་སྐད་ཀྱི་དབྱིངས་ཙམ་ལ་བསྒྱུར་བ་ནི་མ་ཡིན་ནོ།། རྣམ་པར་དབྱེ་བ་བདུན་ནི་བསྒྱུར་བ་བདུན་བོད་པ་དང་བརྒྱད་དོ།། དེ་ཡང་སྒྲ་གཅིག་སྒྲ་ཐམས་ཅད་དུ་སྒྱུར་དུ་རུང་བས། སྒྲ་གཅིག་གིས་དངོས་པོ་ཀུན་བརྗོད་དུ་རུང་བ་ཡིན་ཏེ། དེ་ཡང་བསྒྱུར་བའི་གནས་ཀྱིས་ཡིན་ནོ།།

དེ་དག་ཀྱང་། སུ་ཨཽ་ཇས། པྲཐམ། ཨམ་ཨཽཊ་ཤས། དྭིཏཱིཡ། ཊཱ་བྷྱཾ་བྷིས། ཏྲིཏཱིཡ། ངེ་བྷྱཱཾ་བྷྱས། ཅཏུརྠི། ངས་བྷྱཱཾ་བྷྱས། པཉྕམི། ངས་ཨོས་ཨཱམ། ཥཥྛི། ངི་ཨོས་སུཔ། སཔྟམཱི། ཞེས་བྱ་བར་བསྒྱུར་ན། རྣམ་པར་དབྱེ་བ་བདུན་པོ་རེ་རེ་ལ་ཡང་། ༡གང་། གང་དག གང་རྣམས། ༢གང་ལ། གང་དག་ལ། གང་རྣམས་ལ། ༣གང་གིས། གང་དག་གིས། གང་རྣམས་ཀྱིས། ༤གང་གི་ཕྱིར། གང་དག་གི་ཕྱིར། གང་རྣམས་ཀྱི་ཕྱིར། ༥གང་ལས། གང་དག་ལས། གང་རྣམས་དག་ལས། ༦གང་གི། གང་དག་གི། གང་རྣམས་ཀྱི། ༧གང་ལ། གང་དག་ལ། གང་རྣམས་ལ། ཞེས་བྱ་བ་བོད་པ་དང་བཅས་པར་འགྱུར་བའི་དོན་ཡིན་ནོ།།

དེ་ལ་གང་ཞེས་བྱ་བར་བསྒྱུར་དུ་རུང་བའི་སྒྲ་སྒྱུར་བར་བྱེད་པའི་སུའི་རྟགས་དང་ལྡན་ན་གང་ཞེས་བྱ་བ་དང་པོ་གཅིག་གི་ཚིག་འགྲུབ་པར་འགྱུར་རོ།། དེ་བཞིན་དུ་ཨོོ་ཡིས་གང་དག་ཅེས་པ་དང་པོ་གཉིས་ཀྱི་ཚིག་དང། ཛས་ཀྱིས་དང་པོ་མང་པོའི་ཚིག་འགྲུབ་པར་འགྱུར་ཏེ། ཡི་གེ་དེ་གསུམ་གྱི་རྟགས་སྒྲ་གང་ལ་ཡོང་བ་དེ་ནི་དོན་གྱི་དངོས་པོ་གང་ཡང་རུང་བ་སྟོན་པ་དང། དེའི་གྲངས་ཙམ་སྟོན་པས། དང་པོ་དངོས་པོ་གང་ཡང་རུང་བ་ཡིན་ནོ།། གཉིས་པ་འགྲུབ་པར་བྱེད་པ་ནི། ཨམ་ཨོོ་ཤས། འདི་གསུམ་གྱི་རྟགས་དང་ལྡན་ན། གང་ལ་གང་དག་ལ་གང་རྣམས་ལ་ཞེས་པ་གཉིས་པ་གཅིག་ཚིག་དང། གཉིས་པ་གཉིས་ཚིག་ཀྱི་ཚིག་དང། གཉིས་པ་མང་པོའི་ཚིག་འགྲུབ་པར་བྱེད་དོ།། གཞན་གྱིས་བྱས་པ་ལས་སུ་སྟོན་པ་དང། ལས་ལྟ་བུར་བྱེད་པ་སྟོན་པའི་ཕྱིར་གཉིས་པ་ལས་ཀྱིས་ཡིན་ནོ།། གསུམ་པ་འགྲུབ་པར་བྱེད་པ་ནི། ་་བྷིས། སྒྲ་གང་ལ་ཡི་གེ་དེ་གསུམ་གྱི་རྟགས་དང་ལྡན་ན། གང་གིས། གང་དག་གིས། གང་རྣམས་ཀྱིས་ཞེས་པ་གསུམ་པ་གསུམ་གཅིག་གི་ཚིག་དང། གསུམ་པ་གཉིས་ཀྱི་ཚིག་དང། གསུམ་པ་མང་པོའི་ཚིག་འགྲུབ་པར་འགྱུར་ཏེ། འདི་རྣམས་དང་ལྡན་པར་ནི་བྱེད་པ་པོ་སྟོན་པའི་ཕྱིར་གསུམ་པ་བྱེད་པའི་ས་ཞེས་བྱ་བའོ།། བཞི་པ་འགྲུབ་པར་བྱེད་པ་ནི། ངེ་་བྷྱས། སྒྲ་གང་ལ་འདི་གསུམ་གྱི་རྟོགས་དང་ལྡན་ན། གང་གི་ཕྱིར། གང་དག་གི་ཕྱིར། གང་རྣམས་ཀྱི་ཕྱིར་ཞེས་པ་བཞི་པ་གཅིག་གི་ཚིག་དང། བཞི་པ་གཉིགས་ཀྱི་ཚིག་དང། བཞི་པ་མང་པོའི་ཚིག་འགྲུབ་པར་བྱེད་དེ། གང་ལ་དགོས་ཆེད་དམ། དོན་ནམ་གང་ལ་མཆོད་སྦྱིན་དང་ཕྱག་འཚལ་བས་ཁ་ཅིག་ཡུལ་དེ་ཉིད་ཀྱི་ཆེད་དུ་སྦྱོར་བ་ཡང་ཡོད། ཁ་ཅིག་མཆོད་སྦྱིན་གྱི་ཡུལ་དུ་སྦྱོར་བ་ཡང་ཡོད་དེ། དོན་གྱིས་ན་བྱེད་པ་པོའི་ཆེད་ཡིན་པར་སྦྱར་བར་བྱ་སྟེ། ལའི་དོན་འདི་བརྒྱུད་པར་བྱའོ།། དེའི་ཕྱིར་བཞི་པ་སྦྱིན་པ་དང་ཕྱག་འཚལ་བ་ཞེས་བྱ་བ། ཤིང་གི་ཕྱིར་ཆུ་འདྲེན་པ་ཡང་ཤིང་ཉིད་རྒྱས་པ་དང། སྨིན་པའི་ཕྱིར་སྦྱོར་ཡང་། དོན་གྱིས་ཆུ་འདྲེན་པའི་བྱེད་པ་པོའི་ཆེད་ཡིན་པར་འགྱུར་བ་དང་། མཆོད་རྟེན་ལ་ཕྱག་འཚལ་ཡང། མཆོད་རྟེན་ཉིད་ཕྱག་གི་ཡུལ་ལམ་གནས་སུ་སྦྱར་ཡང་དོན་གྱིས་ཕྱག་འཚལ་བའི་ཆེད་ཡིད་པར་འགྱུར་བ་བས་བཞི་པ་བྱ་བའི་ཆེའ་ཀྱི་དོན་དུ་དྲང་ངོ།། དོན་གྱི་དབང་འདིས་ལ་ཕྱིར་དུ་བསྒྱུར་བ་ཡིན་ནོ།། ལྔ་པ་འགྲུབ་པར་བྱེད་པ་ནི། ངསི་་བྷྱས། འདི་གསུམ་གྱི་རྟགས་དང་ལྡན་ན། གང་ལས་དང་དག་ལས་གང་རྣམས་ལས་ཞེས་པ་ལྔ་པ་གཅིག་གི་ཚིག་དང་། ལྔ་པ་གཉིས་ཚིག་དང། ལྔ་པ་མང་པོའིཚིག་འགྲུབ་པར་བྱེད་དེ། ལྔ་པའི་དོན་ནི་གང་ཞིག་ལ། གང་གིས་ཡོད་པ་ལས། དེ་གཞི་དེ་ལས་བྱུང་བ་དང། བྲལ་བ་དང། དགར་བ་དང། ཁྱད་པར་དུ་བྱེད་ན། གང་ལས་ཞེས་བྱ་བའི་སྒྲ་ཡོད་དེ། དེ་ཅིའི་ཕྱིར་ལྔ་པ་གང་ལས་ཞེས་བྱ་བས་རྒྱུལ་དང་འབྱུང་ཁུངས་ཀྱིས་ཞེས་བྱའོ།། དྲུག་པ་འགྲུབ་པར་བྱེད་པ་ནི། ངས་ཨོས་ཨཱམ་ཞེས་བྱ་བ་འདི་གསུམ་གྱི་རྟགས་དང་ལྡན་ན། གང་གི་གང་དག་གི་གང་རྣམས་ཀྱང་ཞེས་དྲུག་པ་གཅིག་གི་ཚིག་དང། དྲུག་པ་གཉིས་ཀྱི་ཚིག་དང། དྲུག་པ་མང་པོའི་ཚིག་འགྲུབ་པར་བྱེད་དེ། འདི་ནི་བདག་པོའི་དོན་དུ་ཚིག་སྔ་མ་བྱེད་ཅིང་བརྟེན་པར་བྱ་བའི་དོན་དུ་ཚིག་ཕྱི་མ་བྱེད་པར་སྟོན་པས་དྲུག་པ་བདག་པོ་དང་འབྲེལ་པའི་ས་ཞེས་པ་དང་ལྷག་མའི་དབང་དུ་བྱས་ཞེས་བྱའོ།། བདུན་པ་འགྲུབ་པར་བྱེད་པ་ནི། ངི་ཨོས་སུཔ་ཅེས་པ་ནི་འདི་གསུམ་གྱི་རྟགས་དང་ལྡན་ན། གང་ལ་གང་དག་ལ་གང་རྣམས་ལ་ཞེས་བདུན་པ་གཅིག་གི་ཚིག་དང། བདུན་པ་གཉིས་ཀྱི་ཚིག་དང། བདུན་པ་མང་པོའི་ཚིག་འགྲུབ་པར་བྱེད་དེ། བདུན་པ་གང་ལ་གང་ཡོད་པའི་དོན་ནི་བདུན་ནི་བདུན་པའི་དོན་ཏོ།། དེ་ནི་བསྒྱུར་བ་བདུན་ཞེས་བྱ་སྟེ། དེ་དག་གང་ཕན་ཚུན་གང་བསྒྱུར་དུ་བཏུབ་པའི་སྒྲ་གཅིག་སྒྲ་ཐམས་ཅད་ལ་འཇུག་པར་ནུས་པ་ཡིན་ནོ།། དེའི་དབང་གིས་སྒྲ་གཅིག་དངོས་པོ་ཐམས་ཅད་ལའང་འཇུག་པ་ཡང་ཡིན་ནོ།། བརྒྱད་པ་བོད་པ་ལ་ནི་བསྒྱུར་བ་མེད་དེ། བསྒྱུར་བ་བདུན་གང་དུ་བསྒྱུར་བ་རྣམས་ལ་བོད་པས་བརྒྱད་པ་བོད་སི་ཞེས་བྱ་སྟེ། དེ་ལྟར་བསྒྱུར་བ་བདུན་བོད་པ་དང་བརྒྱད་ལ་རྣམ་པར་དབྱེ་བ་ཡིན་ནོ།།

བདུན་པ་ཕྱོགས་ཀྱི་གནས་ནི། སྒྲ་གཅིག་ཤེས་པ་དང་། སྒྲ་གཅིག་ཤེས་པས་ཕྱོགས་ཀུན་ཤེས་པ་དང་། སྒྲ་ཇི་སྙད་པ་ཤེས་པས་ཕྱོགས་ཀུན་ཤེས་པ་དང་། སྒྲ་ཕྱོགས་མེད་ཤེས་པས་ཆོས་ཐམས་ཅད་ཤེས་པའོ།། དེ་དག་ནི་སྐྱེས་བུ་རབ་འབྲིང་གིས་ཕྱེ་བ་ཡིན་ནོ།། ཕྱོགས་ཀྱི་གནས་ནི་གོ་བར་ཟད་དོ།། བརྒྱད་པ་དངོས་པོའི་གནས་ནི། ཆོས་ཅན་གྱི་སྒོ་ནས་ཆོས་ཉིད་ཀྱི་དངོས་པོ་སྒྲུབ་པའམ། སྒྲ་སྐད་ཀྱི་སྒོ་ནས་དོན་གྱི་དངོས་པོ་སྒྲུབ་པར་བྱེད་པ་སྟེ་བཤད་ཟིན་ཏོ།། དངོས་པོའི་གནས་ནི་ཆོས་ཅན་གྱི་སྒོ་ནས་ཆོས་ཉིད་ཀྱི་དངོས་པོ་སྒྲུབ་པ་ཞེས་བྱ་བ་ནི་ཆོས་ཅན་གཟུགས་ཀྱི་དངོས་པོའི་སྒོ་ནས་གཟུགས་ཀྱི་མཚན་ཉིད་གཟུགས་སུ་རུང་བ་ཉིད་ལྟ་བུའམ། མི་རྟག་པ་ཉིད་དམ་བདག་མེད་པ་ཉིད་ལྟ་བུ་ཁོང་དུ་ཆུད་པ་ཉིད་ལྟ་བུའམ་མཚོན་པར་ནུས་པའོ།། སྒྲའི་སྒོ་ནས་དོན་གྱི་དངོས་པོ་སྒྲུབ་པར་བྱེད་པ་ཞེས་པ་ནི། ཀ་བའི་སྒྲའི་སྒོ་ནས་ཀ་བའི་དངོས་པོ་ཆུད་པར་བྱེད་པ་སྟེ། རྒྱ་ཆེར་ནི་སྔར་བཤད་ཟིན་ཏོ།།

ད་ནི་གནས་བརྒྱད་པོ་དེ་དག་གིས་མདོར་བསྟན་པ་ཤེས་པར་བྱ་བའི་ཕྱིར་ཚིགས་སུ་བཅད་དེ་བསྟན་པ། བྱེད་པས་བྱེ་བྲག་རྣམ་པར་འབྱེད། བྱ་བ་ཡོངས་སུ་རྫོགས་པར་སྟོན།། ཞེས་པ་ནི་བྱེད་པ་པོ་ལྷ་སྦྱིན་དང། བྱེད་པ་སྟ་རེ་དང། ལས་ཤིན་དང། དགོས་ཆེད་ཀ་བ་ལ་སོགས་པ་བྱ་བ་གཅིག་གིས་རྒྱུ་རྐྱེན་ཡོངས་སུ་རྫོགས་པར་བསྟན་ཏོ།།

བསྡུས་པས་ཡི་གེ་ཉུང་འགྱུར་ཞིང་། །འབྲེལ་བའམ་མིང་ཡང་འདོགས་པར་བྱེད།། ཅེས་བྱ་བ་ནི། གང་ཡི་གེ་ཉུང་ངུ་ནི་བ་ལང་དང་ལྡན་ཤིང་རྟ་ཞེས་བསྡུས་པས་ཡི་གེ་ཉུང་བའམ། ཡང་མིང་འབྲེལ་པ་ཡང་འདོགས་ཏེ། དོན་གཞན་གཙོ་བོ་ཡིན་པ་དེ་ནི་འབྲུ་མང་པོ་པ་ཡིན་ཏེ། དཔེར་ན་བ་ཁྲ་མོ་ཅན་ཞེས་པ་ལྟ་བུའོ།། མིང་བཏགས་པ་ནི་ཚིག་གི་དོན་ཁོང་དུ་ཆུད་པར་བྱེད་པ་ཡིན་ཏེ། དེ་ཡང་བཏགས་པའི་སྦྱོར་བ་ལ་མཁས་ནས་མིང་བཏགས་པ་དང་བཏགས་པའི་གཞི་གནས་མཐོང་ངམ་སྨྲ་བ་པོ་ལས་ཐོས་པ་ན་ཁོང་དུ་ཆུད་པར་འགྱུར་རོ།།

བསྒྱུར་བས་བསྒྱུར་བྱའི་མཐུ་ཤེས་ཤིང་། །སྐད་དབྱིངས་ཁོང་དུ་ཆུད་པར་འགྱུར།། ཞེས་བྱ་བ་ནི་ཡི་གེ་གང་ལ་བསྒྱུར་བར་བྱ་བའི་ནུས་པ་ཇི་སྙེད་ཡོད་པའམ་སྐད་ཀྱི་བྱིངས་གང་ལ་བསྒྱུར་བར་བྱ་བའི་ནུས་པ་ཤེས་པ་སྟེ། སྐད་ཀྱི་བྱིངས་ནི་ད་དུང་མ་བསྒྱུར་བའོ།། དེ་ལ་ཉེ་བར་བསྒྱུར་བས་ཉེ་བར་བསྒྱུར་ན་ཐེ་ཚོམ་ལེགས་པར་སེལ་བ་ཡིན་ནོ།།

དྲང་བས་བཤད་པའི་དམིགས་པ་མཁས། །གཞན་སེལ་བ་ཡང་ཤེས་པར་འགྱུར།། ཞེས་བྱ་བ་ནི་བྱེ་བྲག་ལེགས་པར་འབྱེད་པ་ནི་མུ་བཞི་ལ་སོགས་དྲང་བ་ཡིན་ལ་དེ་མཁས་པ་བཤད་པ་མཁས་པའི་དམིགས་པ་ལ་མཁས་སོ།། གཞན་སེལ་བ་ནི་སྒྲ་ཐམས་ཅད་ནི་གང་བསྟན་ཀྱང་གཞན་མ་བསལ་ན་གང་གིས་གང་ཞིག་བསྟན་པ་དེ་ཤེས་པར་མི་ནུས་ཏེ། གཞན་བསལ་བའི་ཚུལ་གྱིས་རང་གི་ངོ་བོ་ཤེས་སོ།། མུ་བཞི་ལ་སོགས་པ་ནི་གཞན་སེལ་བ་ལ་ཕན་པ་ཡིན་ནོ།།

འཇུག་པས་བརྡ་དང་ཐ་སྙད་ཤེས། །དགོས་འབྲེལ་ཁོང་དུ་ཆུད་པར་འགྱུར།། ཞེས་བྱ་བ་ནི་བརྡ་དང་ཐ་སྙད་ཤེས་པ་ནི་གོང་དུ་བཤད་ཟིན་ཏོ།། དགོས་འབྲེལ་ནི་དོན་གྱི་རྣམ་པ་ལས་སྒྲའི་རྣམ་པ་འབྱུང་ལ། སྒྲའི་རྣམ་པས་དོན་གྱི་རྣམ་པ་རྟོགས་པར་འགྱུར་བས་སྤྱིའི་རྣམ་པའི་སྒོ་ནས་ནི་འབྲེལ་པ་ནི་ཡིན་ནོ།། འབྲེལ་པའི་སྒོ་ནས་སྒྲ་རང་གི་མཚན་ཉིད་རྟོགས་ཤིང། སྒྲ་རང་གི་མཚན་ཉིད་ཀྱིས་དོན་རང་གི་མཚན་ཉིག་ཁོང་དུ་ཆུད་པ་ནི་དགོས་པ་ཡིན་ནོ།། དོན་རང་གི་མཚན་ཉིད་ཁོང་དུ་ཆུད་ནས་དོན་གྱི་བྱ་བ་བྱེད་པ་ནི་དགོས་པའི་ཡང་དགོས་པ་ཡིན་ནོ།། དོན་གྱི་དབང་གིས་སྒྲའི་གནས་དགོད་པ་རྩོམ་པ་དང་། གང་ཏུ་སྨྲ་བ་དང། ཉན་པ་པོ་ཉན་པ་ལ་འཇུག་གོ། རྟོག་པ་དང་མི་ལྡན་པ་དག་ནི་དོན་ཡོད་པར་ཡིད་ལ་བྱ་སྟེ། ཞེན་པའི་སྒོ་ནས་སྨྲ་བར་བྱེད་དོ།།

དབྱེ་བས་སྒྱུར་བྱེད་རྐྱེན་ལ་མཁས། སྒྲ་འོ་ཅོག་ལ་མཁས་པར་འགྱུར།། ཞེས་བྱ་བ་ནི་བསྒྱུར་བྱ་སྒྱུར་བྱེད་ནི་བཤད་ཟིན་ཏོ།། སྒྲ་འོ་ཅོག་ལ་མཁས་པར་འགྱུར་བ་ནི། སུ་བནྟའི་སྒྲ་ནི་སྒྲ་ཐམས་ཅད་ལ་བསྒྱུར་བ་ཡིན་པས་སོ།། ཏི་ངནྟའི་སྐད་ཀྱི་བྱིངས་ལ་བསྒྱུར་བ་ཡིན་ནོ།། བྱེ་བྲག་རྣམ་པར་འབྱེད་ཅེས་བཤད་པ་ཡིན་ནོ།།

ཕྱོགས་ཀྱིས་སྐྱེས་བུ་རབ་འབྲིང་ཤེས།། ཞེས་པ་ནི་སྐྱེས་བུའི་ནུས་པ་རབ་འབྲིང་ཤེས་པ་ཡིན་ནོ།།

དངོས་པོས་དོན་གྱི་དངོས་གཞི་རྟོགས།། ཞེས་བྱ་བ་ནི་དངོས་གཞི་གང་ཞིག་ཤེས་པར་བྱ་བ་དེ་ཉིག་དོན་གྱི་དངོས་གཞི་ཡིན་ནོ།། དེ་ལྟར་མདོར་བསྟན་པ་བརྗོད་ནས་སྒྲའི་མིང་གི་ནུས་པ་བརྗོད་པར་བྱ་སྟེ། དེ་ལ་དཔེར་ན་མིང་གིས་ཚིག་ནི། སེནྦྷབ་ཞེས་བྱ་བ་ནི་ཁ་ཅིག་ཏུ་ལན་ཚྭ་དང་ལྡན་པའི་ཚོད་མ། ཁ་ཅིག་ཏུ་ཆུ། ཁ་ཅིག་ཏུ་རྟ་སྟེ།

མིང་ཅན་ཐ་དད་སྟོན་པ་དང་། །མིང་དང་མིང་ཅན་འབྲེལ་བ་དང་། །དགོས་པ་ཐ་དད་སྟོན་པ་འོ།། ཞེས་བྱ་བ་ནི་གཞི་མཐུན་པ་ནི་ཁྱད་པར་དང་ཁྱད་པར་ཅན་གྱི་གཞི་ནི་གཉི་ག་ལ་ཐེ་ཚོམ་སེལ་བ་ཡིན་ལ། ལས་འཛིན་པ་ནི་ཁྱད་པར་གྱི་གཞི་ཡིན་ལ་ཐེ་ཚོམ་ཟ་བ་སེལ་བའི་དགོས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཚིག་མཐུན་པ་དགོས་པ་ཐ་དད་པར་སྟོན་པའོ།།

ཁ་ཅིག་སྦྱོར་བ་ཐ་དད་ཀྱང་། །དགོས་པ་ཐ་དད་མ་ཡིན་དང་།། ཞེས་བྱ་བ་ནི་ཁྱད་པར་བསྡུ་བ་ལྟ་བུ་ཚིག་གི་སྦྱོར་བ་ཐ་དད་ཀྱང། དགོས་པའི་ཁྱད་པར་ལ་ཐོ་ཚོམ་ཟ་བ་སེལ་བའི་འདྲ་བ་ལྟ་བུའོ།།

ཕྱོགས་གཅིག་མཐུན་པར་སྟོན་པ་རྣམས། །སྒྲ་ཡི་མིང་གིས་ཤེས་པ་ཡིན།། ཞེས་བྱ་བ་ནི་དེའི་སྐྱེས་བུ་དང་བྱེད་པ་དྲུག་བསྡུ་བའམ། འབྲུ་མང་པོའམ། གཞན་གྱི་མདོར་བསྡུས་པ་ལྟ་བུ་ཡིན་ཏེ། བྱེད་པ་དྲུག་ནི་དེའི་སྐྱེས་བུར་འདུས་སོ།། དེའི་སྐྱེས་བུ་ནི་བྱེད་པ་དྲུག་ཏུ་མི་འདུ་སྟེ་རྒྱ་ཆེ་བའི་ཕྱིར་རོ།། འབྲུ་མང་པོ་པ་ཡིན་ལ་ཚིག་དོན་གཞན་མ་ཡིན་པ་ནི་བྱེད་པའི་ཚིག་ཅན་གྱི་འབྲུ་མང་པོ་པ་ཡིན་ནོ།། ཚིག་དོན་གཞན་གྱིས་བསྡུ་བ་ཡིན་ལ་འབྲུ་མང་པོ་པ་མ་ཡིན་པ་ནི། གཅིག་ཅིག་གིས་དོན་གཞན་སྟོན་པ་ཡིན་ནོ།། དེ་དག་ཀུན་ཀྱང་སྒྲའི་མིང་ལ་མཁས་ན་ཤེས་པར་འགྱུར་བ་ཡིན་ནོ།།

གཞན་ཡང། ཚིག་ལ་མིང་གིས་སྦྱོར་བ་དང་། །ངག་ལ་ཚིག་གིས་སྦྱོར་བ་དག །བྱེ་བྲག་ཇི་སྙེད་ཡོད་པ་རྣམས།། ཞེས་བྱ་བ་ནི་ཚིག་གཅིག་ལ་མིང་གི་བྱེ་བྲག་ཏུ་ཡོད་པ་དང། ངག་གཅིག་ལ་ཚིག་བཞིའམ་དྲུག་ཡོད་དུ་རུང་བ་སྟེ་ཞེས་བྱ་བའི་དོན་ཏོ།།

གང་གི་ཚིག་དོན་གཙོ་བོ་ཞེས། །སྦྱོར་བའི་དགོས་པ་ཐ་དད་པའང་། །སྒྲ་ཡི་མིང་གིས་ཤེས་པ་ཡིན།། ཞེས་བྱ་བ་ནི། སྦྱོར་བ་ཁ་ཅིག་ནི་ཚིག་སྔ་མའི་དོན་བསྟན་པར་བྱ་བའི་གཙོ་བོ་ཡིན་ནོ།། ཁ་ཅིག་ནི་ཚིག་ཕྱི་མ་བསྟན་པར་བྱ་བའི་དོན་གྱི་གཙོ་བོ་ཡིན་ནོ།། ཁ་ཅིག་ནི་ཚིག་གཉི་གའི་དོན་བསྟན་པར་བྱ་བའི་གཙོ་བོ་ཡིན་ནོ།། ཁ་ཅིག་ནི་དོན་གཞན་བསྟན་པར་བྱ་བའི་གཙོ་བོ་ཡིན་ཏེ། དེ་ལྟར་དགོས་པ་ཐ་དད་ཐམས་ཅད་ཀྱང་སྒྲའི་མིང་གི་ཤེས་པ་ཡིན་ནོ།།


ད་ནི་སྒྲའི་སྒོ་ནས་དམ་པའི་ཆོས་ཀྱང་རྟོགས་པར་འགྱུར་བའི་ཐབས་དཔེ་བསྟན་པར་བྱ་སྟེ། དབུལ་བ་འཇོམས་བྱེད་རྙེད་དཀའ་རིན་པོ་ཆེ། །བགྲོད་དཀའ་རྒྱ་མཚོ་ཆེ་ལ་གནས་པ་དག། ལེགས་པར་གྲུ་བཙུགས་དར་འཕྱར་རླུང་གིས་བསྐྱོད། །རིན་ཆེན་ཐོབ་བྱེད་གཞན་དུ་ཐབས་མེད་བཞིན།། སྡུག་བསྔལ་འཇོམས་བྱེད་དམ་ཆོས་རིན་པོ་ཆེ། །རྟོགས་དཀའ་གསུང་རབ་རྒྱ་མཚོ་དག་ལ་གནས།། ཡི་གེ་མིང་དང་ཚིག་གི་གྲུ་བཙུགས་ཏེ། །སྒྲ་ཡི་དར་འཕྱར་ཤེས་རབ་རླུང་གིས་བསྐྱོད།། དམ་ཆོས་ཐོབ་བྱེད་གཞན་དུ་ཐབས་མེད་དོ།། དེ་ལ་རེ་ཞིག་འཇིག་རྟེན་ན་འདོད་པའི་ཡོན་ཏན་གྱིས་ཕོངས་ཤིང་དབུལ་པ་འཇོམས་པར་བྱེད་པ་ནི་ནོར་བུ་རིན་པོ་ཆེ་ཡིན་ཏེ། དེ་ནི་རྒྱ་མཚོ་དག་ལ་གནས་པ་ལས། ས་ཕལ་པ་དག་ལ་མི་གནས་པས་ཤིན་ཏུ་རྙེད་པར་དཀའོ།། རྒྱ་མཚོ་ཆེན་པོ་ཡང་ལམ་རིང་ཞིང་དགྲ་མང་བའི་ཕྱིར་བགྲོད་པ་དཀའ་སྟེ། སྐྱེས་པ་གང་ཞིག་རིན་པོ་ཆེ་ཐོབ་པར་འདོད་ན། གྲུ་ཆེན་ལེགས་པར་ཟག་ལྷན་བྱས་ཏེ། དར་ཆེན་པོ་ཕྱར་ནས་ཕྱོགས་དང་མཐུན་པའི་རླུང་གིས་བསྐྱོད་དེ། ཚོང་དཔོན་ཆུའི་ལོ་རྒྱུས་ལ་མཁས་པས་ཁྲིད་ན། རིན་པོ་ཆེ་ཐོབ་པར་འགྱུར་གྱི། གཞན་དུ་མ་ཡིན་པ་བཞིན་དུ་དམ་པའི་ཆོས་བདུད་རྩི་རིན་པོ་ཆེ་འཁོར་བའི་སྡུ་བསྔལ་ཐམས་ཅད་འཇོམས་པར་བྱེད་པ་ནི། རྒྱུ་མཐུན་པ་གསུང་རབ་རྒྱ་མཚོ་ལྟ་བུ་ལ་གནས་ཀྱི། འཇིག་རྟེན་ཐ་སྙད་དང་རྟོགས་པ་ལ་མི་གནས་པའི་ཕྱིར་ཤིན་ཏུ་རྙེད་པར་དཀའོ།། གསུར་རབ་དེ་དག་ཀྱང་དགོངས་པ་ཟབ་ཅིང་རྒྱ་ཆེ་བའི་ཕྱིར་རྟོགས་པར་དཀའ་སྟེ། སྐྱེས་བུ་གང་ཞིག་དམ་པའི་ཆོས་ཀྱི་བདུད་རྩི་རིག་པོ་ཆུ་ཐོབ་པར་འདོད་ན། ཡི་གེའི་ཚོགས་དང། མིང་གི་ཚོགས་དང་། ཚིག་གི་ཚོགས་ཀྱི་གྲུ་གོང་དུ་བསྟན་པའི་ཡན་ལག་ལྔའི་ཚུལ་གྱི་སྐྱོན་མེད་པར་ཟག་ལྷན་བྱས་ཏེ། ཚིག་གི་སྒོ་ཇི་ལྟ་བུ་དག་གིས་དོན་རང་གི་དངོས་པོ་ཇི་ལྟ་བུ་དག་གིས་སྟོན་པར་བྱེད་པའི་སྒྲའི་བྱེ་བྲག་འཐད་པ་དང་བཅས་པའི་དར་ཕྱར་ལ། སོ་སོར་རྟོག་པའི་ཤེས་རབ་ཀྱི་རླུང་གིས་བསྐྱོད་དེ། ལུང་ངེས་པའི་མན་ངག་དང་ལྡན་པའི་སློབ་དཔོན་གྱིས་ཁྲིད་ན། དམ་པའི་ཆོས་ཀྱི་བདུད་རྩི་རིན་པོ་ཆེ་ཐོབ་པར་འགྱུར་གྱི། ཐབས་གཞན་གྱིས་མ་ཡིན་ནོ།།

ཅེ་ཁྱི་འབྲུག་གིས་བྱཱ་ཀ་ར་ཎའི་སྐད་མདོ་ཙམ་ཞིག་བསྒྱུར་བ་གནས་བརྒྱད་པོའི་རྩ་བ་རྫོགས་སོ།། གནས་བརྒྱད་ཀྱི་འགྲེལ་པ་རྫོགས་སོ།། །།


འགྲེལ་པ་ནས་ཁ་སྐོང་ཞུས་པའི་རྩ་འགྲེལ་སྦྱར་མ་དེའང་། རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ལོའི་སྨིན་དྲུག་ཟླ་བ་རྗེས་མའི་ཡར་ཚེས་ལ་བསམ་གཏན་མིང་པས་སྦྱར་བ་འདིས་ཀྱང་དོན་གཉེར་ཅན་རྣམས་ལ་ཕན་པའི་རྒྱུར་གྱུར་ཅིག་གུ།།