Jump to content

Jampa tennor

ཡོང་ཁུངས་Wikipedia

ཆགས་པ་ཞེས་པ་ནི་ཡུལ་དུ་འོང་བའི་དངོས་པོ་རྣམས་ལ་སེམས་ཀྱིས་འདོད་ཆགས་ཀྱི་ངང་ནས་ཞེན་ཅིང་འདུན་པའི་སེམས་བྱུང་ཞིག་ལ་གོ་དགོས། དེ་ཡང་སྤྱོད་འཇུག་གི་དཀའ་འགྲེལ་རྣམས་སུ་ཆགས་པ་དེ་སེམས་ཀྱི་ཉོན་མོངས་པ་ཞིག་ཏུ་གཞག་ཅིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གེགས་བྱེད་པ་དང་། ཞི་གནས་སྒོམ་པ་ལ་ཡང་བར་ཆད་སྦྱིན་པའི་རྩ་བའི་ཉེས་སྤྱོད་དུ་བརྗོད་ཅིང་། དེའི་ཕྱིར་ཆགས་པ་སྤང་བར་བྱ་དགོས་པ་བསྟན།

སྒྲ་བཤད།

[རྩོམ་སྒྲིག]

ཆགས་པ་ཞེས་པའི་ཚིག་འདི་"ཆགས་"ཞེས་པའི་བྱ་ཚིག་དང་"པ་"ཞེས་པའི་མིང་གཞི་ཅན་གྱི་ཐ་སྙད་ཡིན་ལ། འདིར་ནི་འདོད་པའི་ཡུལ་ལ་སེམས་སྦྱོར་བ་དང་། ཞེན་ཞུགས་ཀྱི་བྱེད་པ་ལ་གོ་དགོས།

ནང་དོན།

[རྩོམ་སྒྲིག]

ཆགས་པའི་ཡུལ་གང་དག

དཔྱད་གཞིའི་ཡིག་ཆ་ཁག་ཏུ་གསལ་བ་ལྟར་ཆགས་པའི་ཡུལ་ནི་རྣམ་པ་མང་དུ་ཡོད་དེ། ཕྱི་རོལ་གྱི་དངོས་པོ་དང་ནང་གི་སེམས་ཅན་གཉིས་སུ་དབྱེ་བ་ཡིན། གཙོ་བོ་ནི། ལུས་དང་། སེམས་ཅན་གཞན་དག དེ་བཞིན་རྙེད་བཀུར་དང་། འདོད་ཡོན་རྣམས་ལ་ཆགས་པ་བྱེད་པ་ཡིན་ནོ། []།ཞེས་གསུངས་པ་ལྟར། ནང་གསེས་སེམས་ཅན་ལ་ཆགས་པ་དང་ཕྱི་རྙེད་བཀུར་སོགས་ལ་ཆགས་པ་གཉིས་སུ་ཕྱེ་སྟེ་བསྟན།

ཆགས་པའི་རྒྱུ་རྐྱེན།

"གང་གི་ཚེ་རང་གི་སེམས་ཆགས་པའམ་སྡང་བར་མཐོང་བ་དེའི་ལག་པ་དང་རྐང་པ་ལ་སོགས་པ་བསྐྱོད་པ་ཙམ་ཡང་མི་བྱ་ཞིང་ངག་གིས་ཀྱང་བརྗོད་པར་མི་བྱ་སྟེ། གཞན་དུ་ན་དེས་བསླང་བའི་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱང་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་རོ།" [] ཞེས་གསུངས་པ་ལྟར་ཆགས་པ་དང་སྡང་བའི་སེམས་བྱུང་གཉིས་ཀ་ཉོན་མོངས་པ་ཞིག་ཏུ་བརྗོད་ཅིང་། དེས་བསླང་བའི་ལུས་ངག་གི་ལས་ཐམས་ཅད་ཀུན་ནས་ཉོན་མོངས་པ་ཅན་གྱི་ལས་སུ་འགྱུར་བར་གསུངས།

ཆགས་པའི་ཉེས་དམིགས།

དཔྱད་གཞིའི་ནང་གསལ་བ་ལྟར། "འདོད་པའི་དོན་དང་མི་ཕྲད་པ་དང་། འདོད་ཡོན་གྱིས་གཡེན་སྤྱོ་བ་དང་། ཐོབ་ཀྱང་ཆོག་མི་ཤེས་པ་དང་། ཐར་པ་ལ་གེགས་བྱེད་པ་དང་། དལ་འབྱོར་ཆུད་གསོན་པའོ།" [] ཞེས་ཆགས་པའི་ཉེས་དམིགས་ལྔ་འཆད་ཅིང། དེ་ཡང་འདོད་པའི་དོན་ཐོབ་མི་ཐུབ་པ་དང་། ཐོབ་ཀྱང་མྱང་བར་མི་ཤེས་པ། ཞི་གནས་སྒོམ་པ་ལ་བར་ཆད་བྱེད་པ། ཐར་པའི་ལམ་ལ་གེགས་བྱེད་པ། དལ་འབྱོར་གྱི་འཚོ་བ་དོན་མེད་དུ་འགྲོ་བ་བཅས་ཡིན།

ཆགས་པ་སྤང་ཚུལ།

[རྩོམ་སྒྲིག]

ཤིང་བཞིན་དུ་གནས་པ།

"དེའི་ཕྱིར་དབང་པོ་ཕྱི་རོལ་གྱི་བྱེད་པའི་རྣམ་པར་རྟོག་པ་བསྡུས་ལ་དེ་ཚེ་ཤིང་བཞིན་དུ་གནས་པར་བྱས་ཏེ། བྱེད་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི་བྱེད་པ་པོ་མེད་པའོ་ཞེས་ཡིད་ལ་བཞག་ལ་ཤིང་བཞིན་དུ་གནས་པར་བྱའོ།" [] ཞེས་གསུངས་པ་ལྟར་ཆགས་སྡང་གི་སེམས་བྱུང་བ་ཚེ་ལུས་ངག་ཡིད་གསུམ་བྱེད་པ་མེད་པར་ཤིང་བཞིན་དུ་གནས་པར་བྱ་དགོས།

ལུས་ལ་ཆགས་པ་སྤང་བ།

"བྱ་རྒོད་ཤ་ལ་ཆགས་པ་ཡིས་ལུས་དེ་ཕན་ཚུན་ཀུན་ཏུ་བཤལ་ཅིང་གནས་གཞན་དུ་ཁྲིད་ཀྱང། སེམས་ཁྱོད་མི་དགར་མི་བྱེད་ན་ད་ལྟར་རྒྱུ་ཅིའི་ཕྱིར་ལུས་ལ་ཆགས་ནས་ཁ་ཏ་བྱེད་དེ། ཆགས་པ་དེ་མི་རིགས་སོ།" [] ཞེས་གསུངས་པ་ལྟར་རང་གི་ལུས་ལ་ཆགས་པ་སྤང་བའི་ཐབས་སྟོན།

མི་གཙང་བར་ལྟ་བ།

"ཐོག་མར་པགས་པའི་རིམ་པ་འདི། རང་གི་བློ་ཡིས་ཐ་དད་ཕྱེ། ཤ་ཡང་རུས་པའི་དྲ་བ་ལས། ཤེས་རབ་མཚོན་གྱིས་གུད་ཏུ་ཕྱེ། རུས་པ་རྣམས་ཀྱང་དབྱེ་བྱས་ནས། རྐང་གི་བར་དུ་བལྟ་བྱ་ཞིང། འདི་ལ་སྙིང་པོ་ཅི་ཡོད་ཅེས། བདག་ཉིད་ཀྱིས་ནི་བརྟག་པར་གྱིས།" [] ཞེས་གསུངས་པ་ལྟར་ལུས་འདི་ལ་སྙིང་པོ་ཅི་ཞིག་ཡོད་མེད་དཔྱད་དེ་མི་གཙང་བའི་རང་བཞིན་ལ་བལྟ་བ་བྱ་དགོས།

སྤྱོད་པའི་ཚུལ།

[རྩོམ་སྒྲིག]

དོན་མེད་ཀྱི་གཏམ་སྤང་བ།

"བྲེ་མོའི་གཏམ་སྟེ་འབྲེལ་མེད་ཀྱི་གཏམ་ནི་འདྲ་མི་འདྲ་རྣམ་པ་སྣ་ཚོགས་པ་དང། སྤྲང་པོ་རྣམས་ཀྱིས་ཟས་རྙེད་ཕྱིར་སྤྲེལ་རྩེད་དང་སྒྲ་སྙན་དང་གར་དང་མིག་འཕྲུལ་བྱེད་པ་ལ་སོགས་པའི་ངོ་མཚར་བའི་ལྟད་མོ་རྣམ་པ་མང་པོ་ཀུན་ལ་གཞན་གྱི་སེམས་བསྲུང་བའི་ཕྱིར་འཇུག་པར་གྱུར་པ་ན་གཏམ་སྣ་ཚོགས་དང་པོ་མཚར་བའི་ལྟད་མོ་དེ་དག་ལ་རང་ཆགས་པ་སྤང་བའམ་མེད་པར་བྱ་དགོས་ཏེ་རང་ཉིད་གཏམ་དང་ལྟད་མོ་ལ་ཆགས་ནས་གཏམ་སྣ་ཚོགས་པ་ལ་འཇུག་མི་རུང་ཞིང་ལྟད་མོ་སྣ་ཚོགས་པ་ལ་མཚར་མཚར་དུ་བལྟ་མི་རུང་ངོ།" [] ཞེས་གསུངས་པ་ལྟར་འབྲེལ་མེད་ཀྱི་གཏམ་དང་ལྟད་མོ་རྣམས་ལ་ཆགས་པ་སྤང་བར་བྱ་དགོས།

བརྟན་པོར་བཟུང་བ།

"གང་ཚེ་སྐྱོད་པར་འདོད་གྱུར་ཏམ། སྨྲ་བར་འདོད་པར་གྱུར་ན་ཡང་། དང་པོར་རང་གི་སེམས་བརྟགས་ནས། བརྟན་པར་རིགས་པ་ལྡན་པར་བྱ།" [] ཞེས་གསུངས་པ་ལྟར་ལུས་ངག་གི་བྱ་བ་ཅི་ཞིག་བྱ་སྐབས་ཐོག་མར་རང་གི་སེམས་ལ་ཆགས་སྡང་གི་ཉོན་མོངས་པ་འདུག་མེད་བརྟག་ནས་སྤྱོད་པར་བྱ་དགོས།

དེ་ལྟར་ཆགས་པ་ཞེས་པ་ནི་འདོད་པའི་ཡུལ་ལ་སེམས་ཞེན་ཞུགས་པའི་ཉོན་མོངས་པ་ཞིག་ཡིན་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ཞི་གནས་སྒོམ་པ་ལ་གེགས་བྱེད་པའི་ཕྱིར་དེ་སྤང་དགོས་པ་ཡིན་ནོ།།

  1. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  2. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  4. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  5. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  6. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  7. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  8. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
"https://bo.wikipedia.org/w/index.php?title=Jampa_tennor&oldid=151698"ལས་སླར་རྙེད་སོང།