ཨོ་སི་ཊི་ལི་ཡ་

ཡོང་ཁུངས་Wikipedia

ཨོ་སི་ཊི་ལི་ཡ་ 澳大利亚 Australia

ཨོ་སི་ཊི་ལི་ཡ་གནའ་མཐུན་རྒྱལ་ཁབ Common wealth of Australia

བློ་བཟང་ལུང་རྟོགས་ཀྱིས་རྩོམ་སྒྲིག་བྱས།

འགྲོ་བ་མིའི་བྱུང་བ།

ཨོ་སི་ཊོ་ལི་ཡའི་ནང་འགྲོ་བ་མི་ཐོག་མ་ནི་ཨེ་སྦོ་རི་འཇི་ནེལ་དང་ཌོ་རི་སོ་ལེན་ཌིའོ་གདོད་མིའི་མི་རིགས་ཡིན་ལ། གནའ་རྫས་རྟོག་ཞིབ་པའི་དཔང་རྟགས་ལྟར་ན་མི་རིགས་འདི་མི་ལོ་སྟོང་ཕྲག་བརྒྱད་ཅུ་དང་བདུན་ཅུའི་སྔོན་དུ་ཡུལ་འདིར་གཞིས་ཆགས་པར་འདོད།

ཡོ་རོབ་པ་རྣམས་ཡུལ་འདིར་མ་སླེབས་སྔོན་དུ་གནའ་བོའི་མི་རིགས་འདི་གཞི་རྒྱ་ཆེ་བའི་ལུང་པ་འདིའི་ནང་ཁེར་རྐྱང་དུ་འཚོ་སྡོད་བྱེད་ཀྱི་ཡོད། སྐབས་དེར་ཚོད་རྩིས་ལྟར་ན་ལུང་པ་འདིའི་ནང་གནའ་བོའི་མི་རིགས་ཀྱི་གྲངས་འབོར་ས་ཡ་གཅིག་ལྷག་ཡོད་ཅིང་། ཕྱི་ལོ་༡༩༩༢་ལོའི་མི་འབོར་ཞིབ་བཤེར་ལྟར་ན་གནའ་བོའི་མི་རིགས་ཀྱི་གྲངས་འབོར་སྟོང་ཕྲག་སུམ་བརྒྱ་ལྔ་བཅུ་ལྷག་མ་གཏོགས་མེད་པ་དང་། སྐབས་དེའི་ཨོ་སི་ཊི་ལི་ཡའི་མི་འབོར་གྱི་བརྒྱ་ཆ་གཉིས་མ་གཏོགས་ཟིན་གྱི་མེད།

ཡོ་རོབ་པར་འབྲེལ་བ་བྱུང་བ་ནི་གནའ་བོའི་མི་རིགས་རྣམས་དགའ་སྤྲོ་འཕེལ་དགོས་པའི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་མ་ཡིན་པར། ཡོ་རོབ་པ་ཚོ་གནས་འདིར་སླེབས་པ་ནས་བཟུང་གནའ་བོའི་མི་རིགས་འདིའི་རང་གི་ས་ཆའི་བདག་དབང་གཞན་ལ་ཤོར་བ་དང་། ཡོ་རོབ་པ་ཚོས་ཁྱེར་ཡོང་བའི་ན་ཚ་འདྲ་མིན་གྱི་ཕམ་ཉེས་པར་གྱུར་བ་མ་ཟད། མི་སེར་སྤེལ་མཁན་རྣམས་ཀྱིས་གནའ་བོའི་མི་རིགས་འདིའི་རིག་གཞུང་དང་གོམས་སྲོལ་སོགས་གང་ཅིའི་ཐད་གཏོར་སྐྱོན་ཚབས་ཆེན་བཏང་བ་རེད། ཡོ་རོབ་པ་གནས་འདིར་མ་སླེབས་གོང་དུ་གནའ་བོའི་མི་རིགས་འདི་རང་བྱུང་ཁོར་ཡུག་ལ་བརྟེན་ནས་འཚོ་སྡོད་བྱེད་ཀྱི་ཡོད་པས་དེང་རབས་བཟོ་ལས་འཛུགས་སྐྲུན་གྱི་ཡར་རྒྱས་མེད་ཀྱང་ཁོང་ཚོས་རང་གི་བདེ་སྐྱིད་ཁོ་ནའི་ཆེད་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་མི་གཏོང་བའི་ལུགས་བཟང་རྒྱུན་འཛིན་བྱས་ཡོད། ཡོ་རོབ་པ་གནས་འདིར་སླེབས་མ་ཐག་གནས་འདིའི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་ཕོག་པ་དཔེར་ན། སྤངས་དང་གདོད་མའི་ནགས་ཚལ་གཅོད་འབྲེག་གིས་ཞིང་ཁ་བཟོས་པ་དང་། གྲོག་ཚང་བརྡོལ་བ་ལྟ་བུའི་མི་ཚོགས་ཡོང་ནས་གསེར་གཏེར་སྔོག་པ། (གསེར་གཏེར་སྔོག་པ་འདི་ནི་གནས་འདིའི་ལོ་རྒྱུས་ནང་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་ཡིན་པ་དང་། སྐབས་དེར་རྒྱ་མི་མང་པོ་གནས་འདིར་འབྱོར་བས་རྐྱེན་གྱིས་དེང་སྐབས་ཁོང་ཚཔ་གནས་འདིར་ཤུགས་རྐྱེན་ཆེན་པོ་ཡོད་པ་སོགས་རྒྱས་པར་ཤེས་འདོད་པ་རྣམས་ཀྱིས་ལོ་རྒྱུས་ཡིག་ཆར་གཟིགས་པར་ཞུ)

རིམ་བཞིན་སྡོད་ཁང་དང་། དངུལ་ཁང་། ཡེ་ཤེས་ལྷ་ཁང་། ཁང་བརྩེགས་དང་གཞུང་ལམ་རྒྱ་བསྐྱེད་བཏང་བ་རེད། མི་སེར་སྤེལ་མཁན་ཚོས་ཕྱི་ལོ་༡༩༦༠་ལོའི་བར་དུ་གནའ་བོའི་མི་རིགས་དེའི་རིག་གཞུང་དང་ལོ་རྒྱུས་ལ་བརྩི་མེད་དང་མི་སེར་གྱི་ཐོབ་ཐང་རྡོག་རོལ། རྒྱལ་ཁབ་ཡར་རྒྱས་གཏོང་བའི་བྱ་གཞག་ཁྲོད་ལས་འགན་སྤྲད་མེད། གནའ་བོའི་མི་རིགས་དེས་ནུས་ཤུགས་ལྡན་པའི་སྒོ་ནས་མི་རིགས་དབྱེ་འབྱེད་ལ་ངོ་རྒོལ་བྱས་པ་བརྒྱུད་ཕྱི་ལོ་༡༩༠༡་ལོར་མངའ་སྡེ་ཁ་ཤས་ནང་ཡོད་པའི་གནའ་བོའི་མི་རིགས་ལ་འོས་ཤོག་གི་ཐོབ་ཐང་སྤྲད་པ་རེད། ཡིད་སྐྱོ་དགོས་པ་ཞིག་ལ་འོས་འཕེན་གྱི་ཐོབ་ཐང་དེ་ཕྱི་ལོ་༡༩༦༢་ལོའི་བར་དུ་རྒྱལ་ཡོངས་ཀྱི་གནའ་བོའི་མི་ཚང་མར་ཡོངས་ཁྱབ་ཏུ་ཐོབ་མེད།

ཕྱི་ལོ་༡༩༦༧་ལོའི་མང་མོས་འོས་བསྡུ་ཆེན་མོ།

ཕྱི་ལོ་༡༩༦༧་ལོར་རྒྱལ་ཡོངས་རང་བཞིན་གྱི་མང་མོས་འོས་བསྡུ་བྱས་པ་བརྒྱུད་གནའ་བོའི་མི་རིགས་ལ་མི་རིགས་དབྱེ་འབྱེད་ཀྱི་ལྟ་བ་བཟུང་མི་ཆོག་པ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བཞག་པ་དང་། ཁོ་ཚོའི་མི་འབོར་དེ་རྒྱལ་ཡོངས་ཀྱི་མི་འབོར་ནང་བརྩིས་པ་རེད།

དྲང་བདེན་དང་འདྲ་མཉམ་ཀྱི་སྲིད་བྱུས་འོག་གནའ་བོའི་མི་རིགས་དེའི་རིག་གཞུང་དང་གོམས་སྲོལ་ལ་བརྩི་བཀུར་བྱེད་དགོས་པའི་གནས་ཚུལ་ཚང་མས་ཤེས་རྟོགས་བྱུང་ཡོད། རིམ་བཞིན་གནའ་བོའི་མི་རིགས་འདི་ལ་ས་ཆའི་བདག་དབང་ཡོད་པར་ངོས་འཛིན་བྱས་པ་དང་། གནའ་བོའི་མི་རིགས་ཀྱིས་མྱང་བའི་དཀའ་སྡུག་གི་ལོ་ཟླར་གདུང་སེམས་མཉམ་སྐྱེད་དང་ཞི་མོལ་གྱི་གྲོས་འགོ་བཏོན་ནས་ཕན་ཚུན་དབར་དུ་ཞི་འཇམ་ཡོང་བ་བྱས་ནས་རང་དབང་མང་གཙོའི་འཚོ་བ་ལོངས་སུ་སྤྱོད་པའི་ལམ་ཁར་གོམ་བགྲོད་བྱས་ཡོད་པ་རེད།

ཡོ་རོབ་པ་གཙོ་བྱས་པའི་གཞིས་ཆགས་མཁན་རྣམས་ཡུལ་འདིར་འཛོམས་པ།

ཕྱི་ལོ་༡༧༧༠་ལོར་དབྱིན་ཇིའི་རྒྱལ་ཁབ་ཀྱིས་མངགས་པའི་དེད་དཔོན་ཁུའི་ཁུ་ཡིས་གླིང་ཆེན་འདིའི་ཐོག་དབྱིན་ཇིའི་རྒྱལ་དར་བཙུགས་པ་དང་། ཕྱི་ལོ་༡༧༨༨་ལོའི་ཕྱི་ཟླ་༡་པོའི་ཚེས་༢༦་ཉིན་དབྱིན་ཇིའི་མཚོ་དམག་གི་དམག་སྤྱི་ཆེན་མོ་ཨོ་ཐོར་ཧྥེ་ལེབ་ནས་སྣེ་ཁྲིད་པའི་(འགྲུལ་བཞུད་དང་པོ)་མཚོ་གྲུ་ཁག་གཅིག་གནས་འདིར་སླེབས་པ་ནས་བཟུང་ཡོ་རོབ་པ་རྣམས་ལུང་པ་འདིའི་ནང་གཞིས་ཆགས་འགོ་བརྩམས་པ་རེད། འགྲུལ་བཞུད་དང་པོ་དེར་གྲུ་གཟིངས་༡༡་ཡོད་པ་དང་གྲུ་གཟིངས་དེ་དག་གི་ནང་བཙོན་པ་༧༥༠་དང་གྲུ་བ་དང་དམག་མི་ཁྱོན་བསྡོམས་༢༥༠་ཡོད་པ་རེད། དེ་ནི་མི་རིགས་དཀར་པོ་ལུང་པ་འདིའི་ནང་གཞིས་ཆགས་མཁན་དང་པོ་ཡིན།

ཁོ་ཚོ་གནས་འདིར་གཞིས་ཆགས་པ་ནི་ལུང་པ་གཞན་གྱི་ནང་ཡོ་རོབ་པ་གཞིས་ཆགས་ནས་ཁོ་ཚོས་སྤྱི་ཚོགས་ཡར་རྒྱས་ལ་བཏང་པའི་མཚོ་གླིང་ཆེ་ཤོས་ཏུ་གྱུར་བ་རེད།

དབྱིན་ཇི་གཞུང་གིས་དེད་དཔོན་ཧྥེ་ལེབ་ལགས་ལུང་པ་འདིའི་སྲིད་གཞུང་གི་སྤྱི་ཁྱབ་པའམ་དབུ་ཁྲིད་དུ་བསྐོ་བཞག་གནང་པ་དང་། རིམ་བཞིན་ཡོ་རོབ་ཁུལ་གྱི་བཙོན་པ་དང་སྤྱིར་བཏང་གི་མི་སེར་མང་པོ་གནས་འདིར་སླེབས་ནས་མི་རིགས་དཀར་པོའི་གྲངས་འབོར་མང་དུ་ཕྱིན། ཕྱི་ལོ་༡༨༥༡་ལོ་ནས་ལུང་པ་འདིའི་ནང་གསེར་གྱི་གཏེར་ཁ་འབོར་ཆེན་རྙེད་པར་བརྟེན་གསེར་བརྐོ་མཁན་གྲོག་ཚང་བརྡོལ་བ་ལྟར་འཛམ་གླིང་ས་ཕྱོགས་གང་ས་ནས་སླེབས་ཏེ་མི་འབོར་གྱི་གྲངས་ཚད་གློ་བུར་དུ་འཕར་སྣོན་བྱུང་། ཕྱི་ལོ་༡༨༦༡་ནང་ལ་མི་གྲངས་ས་ཡ་གཅིག་ལྷག་གི་དཔལ་འབྱོར་ཡོང་ཁུངས་གསེར་དང་བལ་ལ་བརྟེན་ནས་སྡོད་ཀྱི་ཡོད་པ་རེད། སྐབས་དེར་གཞིས་ཆགས་སམ་མངའ་སྡེ་སོ་སོ་ལ་བདེ་སྲུང་དང་། སྦྲགས་ཁང་། ཚོང་ལས། སྐྱེལ་འདྲེན། གྲོས་ཚོགས་སམ་སྤྱི་འཐུས་སོགས་མཉམ་ལས་ཀྱི་ལམ་ལུགས་ཡོད་པ་དང་། དེ་ལ་གཞི་བཅོལ་ནས་རྒྱལ་ཕྲན་མཉན་འབྲེལ་བྱེད་པའི་རྨང་གཞི་བཏིང་ཡོད་པ་རེད།

རྒྱལ་ཕྲན་མཉམ་འབྲེལ་གྱི་སྲིད་གཞུང་།

དུས་ཡུན་གང་ཙམ་རིང་ཨོ་སི་ཊི་ལི་ཡར་གཞིས་ཆགས་སམ་མངའ་སྡེ་དྲུག་ཡོད་པ་རྣམས་རང་སྲིད་རང་སྐྱོང་ཡིན་པ་ལས་གཅིག་གྱུར་གྱི་སྲིད་གཞུང་ཞིག་བྱུང་ཐུབ་མེད། དུས་རབས་༡༩་པའི་མཇུག་ཏུ་མི་མང་པོས་མངའ་སྡེ་མཉམ་འབྲེལ་གྱི་སྲིད་གཞུང་བཙུགས་པ་ཡིན་ན་ཁེ་ཕན་ཆེ་སྐོར་གྱི་བསམ་ཚུལ་མང་དུ་སླེབས་པ་ལྟར་ཚང་མ་མཉམ་འབྲེལ་སྲིད་གཞུང་འཛུགས་པར་བློ་ཁ་ཕྱོགས་ཡོད། ཕྱི་ལོ་༡༨༩༨་ལོ་ནས་༡༩༠༡་བར་ཨོ་སི་ཊི་ལི་ཡའི་ཁྱོན་ཡོངས་ཀྱི་གཞིས་ཆགས་སམ་མངའ་སྡེ་ཁག་མཉམ་རུབ་ཀྱིས་རྒྱལ་ཁབ་གསར་བ་(རྒྱལ་ཕྲན་མཉམ་འབྲེལ་གྱི་ཨོ་སི་ཊི་ལི་ཡ་)བཙུགས་པ་དང་གཞིས་ཆགས་ཁག་གི་མིང་མངའ་སྡེར་བསྒྱུར་ནས་ལོ་རྒྱུས་ཀྱི་ལེ་ཚན་གསར་བ་ཞིག་འགོ་བརྩམས་པ་རེད། ཨོ་སི་ཊི་ལི་ཡ་ནི་འཛམ་གླིང་རྒྱལ་ཁབ་གཞན་དང་མ་འདྲ་བར་བུད་མེད་ལ་འོས་འཕེན་དང་གྲོས་ཚོགས་ནས་ཞུགས་ཆོག་པའི་ཐོབ་ཐང་སྤྲད་པའི་རྒྱལ་ཁབ་ཐོག་མའི་གྲས་ཡིན། ཕྱི་ལོ་༡༨༩༤་ལོར་ཨོ་སི་ཊི་ལི་ཡའི་ལྷོ་ཕྱོགས་ཁུལ་ནས་བུད་མེད་ལ་འོས་འཕེན་གྱིས་མངའ་སྡེའི་གྲོས་ཚོགས་ནང་ཞུགས་ཆོག་པའི་ཐོང་ཐང་སྤྲད་ཡོད་པ་དང་། ཕྱི་ལོ་༡༩༠༢་ལོར་ཨོ་སི་ཊི་ལི་ཡའི་བུད་མེད་རྣམ་པར་དབུས་གྲོས་ཚོགས་ནང་ཞུགས་ཆོག་པའི་ཐོབ་ཐང་རེག་པ་རེད།

རྗེས་སུ་ཕེབས་མཁན་ཚོ།

ཨོ་སི་ཊི་ལི་ཡ་ནི་དོན་དངོས་ཀྱི་གཞིས་ཆགས་ལུང་པ་ཞིག་ཡིན་ཞིང་། མེས་པོའི་དུས་རབས་ལ་གནའ་བོའི་མི་རིགས་འདིར་གཞིས་ཆགས་ནས་ལོ་རྒྱུས་ཀྱི་རི་མོ་བྲིས་པ་རེད། གནས་འདིར་ཡོང་མཁན་མང་ཆེ་བ་ནི་ནང་མི་སྐྱོང་འདོད་མཁན་སེམས་ཤུགས་ཅན་དང་། གསར་བ་འཚོལ་སྙེག་ལ་རྔམས་པའི་ཉེན་མཆོངས་པ། ཡང་ན་བཀྲེས་ལྟོགས་ཀྱི་དཀའ་སྡུག་དང་དམག་འཁྲུག མུ་གེ་སོགས་ལས་གཡོལ་མཁན་སོགས་ཡིན་པ་རེད།

ཕྱི་ལོ་༡༩༠༡་ལོར་ཕྱི་མི་གནས་སྤོ་ལ་ཚད་བཀག་གི་བཅའ་ཁྲིམས་གཏན་འབེབས་མ་བྱས་སྔོན་ཞི་བདེ་རྒྱ་མཚོ་དྲག་ཏུ་འཁྲུགས་པའི་རྦ་ཀློང་ལ་གདོང་ལེན་ཕོག་པའི་འགྲུལ་བཞུད་པ་རྣམས་གནས་འདིར་རང་འདོད་ཀྱིས་གཞིས་ཆགས་བྱེད་ཐུབ་ཀྱི་ཡོད། འོན་ཀྱང་། བཅའ་ཁྲིམས་དེའི་ནང་ཡོ་རོབ་པའམ་མི་རིགས་དཀར་པོ་མ་གཏོགས་ཚུད་ཀྱི་མེད་པས་བཅའ་ཁྲིམས་དེ་ལ་(མི་རིགས་དཀར་པོའི་སྲིད་བྱུས་)་ཡང་འབོད་ཀྱི་ཡོད།

ཕྱི་ལོ་༡༩༤༩་ལོར་ཨོ་སི་ཊི་ལི་གཞུང་གིས་ཕྱི་མི་གནས་སྡོད་ལས་ཁུངས་བཙུགས་ནས་ཕྱི་མི་གནས་སྡོད་བྱེད་མཁན་ཚོའི་ལས་དོན་དང་འཆར་གཞི་གཏན་འབེབས་བྱས་ན་ཡང་། སྐབས་དེའི་ལས་འཆར་ནང་ཡོ་རོབ་པ་མ་གཏོགས་ཁས་ལེན་བྱེད་ཀྱི་མེད། དེའི་རྗེས་ཀྱི་མི་ལོ་ལྔ་བཅུའི་རིང་མི་འབོར་ས་ཡ་ལྔ་ཙམ་ཨོ་སི་ཊི་ལི་ཡའི་ནང་ཁྱིམ་གཞིས་ཆགས་པ་རེད། མི་རིགས་དཀར་པོའི་སྲིད་བྱུས་དེ་རིམ་བཞིན་མེད་པར་བཏང་ནས་མི་རིགས་དབྱེ་འབྱེད་བྱས་མི་ཆོག་པའི་ཁྲིམས་གཞི་ལག་བསྟར་དོན་འཁྱོལ་བྱས་པར་བརྟེན། དེང་སྐབས་ཨོ་སི་ཊི་ལི་ཡའི་མི་འབོར་བརྒྱ་ཆ་བཞི་བཅུ་ལྷག་རྒྱལ་ཁབ་གཞན་དུ་སྐྱེས་པའི་མི་དང་དེ་དག་གི་ཕྲུ་གུ་ཆགས་ཡོད།

རིག་གཞུང་སྣ་འཛོམས།

ཨོ་སི་ཊི་ལི་ཡའི་སྲིད་གཞུང་གིས་ཨོ་སི་ཀྲི་ལི་ཡར་སྐྱེས་བའི་མི་དང་རྒྱལ་ཁབ་གཞན་ནས་འདིར་གཞིས་ཆགས་པར་ཡོང་མཁན་གཉིས་ཐོབ་ཐང་འདྲ་མཉམ་ཡིན་པའི་སྲིད་བྱུས་འཛིན་གྱི་ཡོད་པ་དང་། སྲིད་བྱུས་འདི་རྒྱུད་ཨོ་སི་ཊི་ལི་ཡ་གཞུང་གིས་གནས་འདིར་ཡོད་པའི་མི་རིགས་སོ་སོས་རང་གི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་པར་རོགས་སྐྱོར་དང་རིག་གཞུང་སྣ་འཛོམས་ཀྱིས་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

དེང་སྐབས་ཀྱི་ཨོ་སི་ཊི་ལི་ཡ།

དེང་རབས་ཀྱི་སྤྱི་ཚོགས་ནང་རྒྱལ་ཁབ་འདི་འཛམ་གླིང་བཟོ་ཚོང་དར་རྒྱས་ཅན་གྱི་རྒྱལ་ཁབ་གཞན་སྤྱི་མཚུངས་ལྟར་སྤྱི་ཚོགས་དང་། ཁོར་ཡུག དཔལ་འབྱོར་སོགས་ཀྱི་ཐད་ཀར་གདོང་ལེན་བྱེད་དགོས་པའི་དཀའ་ངལ་མི་ཉུང་པ་ཞིག་ཡོད་ཀྱང་། རྒྱལ་ཁབ་གཞན་དང་མ་འདྲ་བར་ཐུན་མིན་གྱི་ཁྱད་ཆོས་མང་པོ་ཡོད། མཐོང་གསལ་ལྟར་གནམ་གཤིས་བཏང་སྙོམས་དང་བཟང་པོ་ཡོད་པ་ཙམ་དུ་མ་ཟད། ས་རྒྱ་ཆེན་པོ། ཐོན་ཁུངས་ཕུན་སུམ་ཚོགས་པ་ལྡན། རྒྱལ་ཁབ་འདིའི་མི་མང་རྣམས་བརྟན་བརླིང་ཡིན་པའི་ཆབ་སྲིད་ཀྱི་ཁོར་ཡུག་དང་འཚོ་བའི་ཆུ་ཚད་མཐོ་བོར་ལོངས་སུ་སྤྱོད་བཞིན་པ་དང་། དེང་རབས་ཀྱི་ལག་རྩལ་གྱི་ཆུ་ཚད་འཛམ་གླིང་རྒྱལ་ཁབ་གཞན་ལ་ངོ་གནོང་མི་དགོས་པ་མ་ཟད། རྒྱལ་ཁབ་འདིའི་སྨྲ་བརྗོད་རང་དབང་དང་། ཞི་བདེ། རྒྱས་སྤྲོས་ཆུང་པའི་སྤྱི་ཚོགས་ཀྱི་རྣམ་པས་མི་མང་པོའི་ཡིད་དབང་དྲངས་ནས་གནས་འདིར་གཞིས་ཆགས་བྱེད་འདོད་མཁན་ཧ་ཅང་མང་པོ་ཡོད། ལྷག་པར་དུ་ཕོ་མ་འདྲ་མཉམ་གྱི་སློབ་སྦྱོང་བྱེད་པའི་གོ་སྐབས་ཆ་ཚང་སྤྲོད་ཀྱི་ཡོད་པ་ཙམ་མ་ཟད། དམིགས་བསལ་བུད་མེད་སློབ་གྲྭ་འགྲོ་བར་སྐུལ་མ་དང་མཐུན་རྐྱེན་སྤྲད་ནས་བུད་མེད་མཁས་དབང་མང་པོ་གསོ་སྐྱོང་བྱེད་ཐུབ་པ་བྱུང་ཡོད།

ནང་མིར་དྲག་སྤྱོད་དམ་རྩུབ་སྤྱོད་བྱེད་པ་ནི་ཨོ་སི་ཊི་ལི་ཡའི་ཁྲིམས་དང་འགལ་གྱི་ཡོད་པས། སོ་སོའི་ཆུང་མ་དང་བུ་ཕྲུག་ལ་ལུས་སེམས་གང་རུང་གིས་མནར་གཅོད་བཏང་བ་ཡིན་ན་ཁྲིམས་འགལ་ཡིན་པས་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་ཀྱི་ཡོད།

སྤྱིར་བཏང་གནས་འདིའི་མི་རྣམས་རང་བཞིན་འཇམ་ཞིང་རིག་གཞུང་སྣ་ཚོགས་ཀྱི་རྒྱབ་ལྗོངས་ཕྱུག་པོ་ཡོད་ཙམ་དུ་མ་ཟད། རང་དབང་མང་གཙོ་དང་ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཞིག་ཡིན་པས་འདིར་གསར་དུ་ཡོང་མཁན་ཚོས་གནས་འདིའི་ལོ་རྒྱུས་ཤེས་རྟོགས་དང་རིག་གཞུང་སྣ་འཛོམས་ལ་གོམས་པར་བྱས་ནས་སྤྱི་ཚོགས་འདིའི་ནང་རང་ཅག་གི་རྩ་དོན་ལ་བློ་སེམས་འགྱུར་མེད་གནང་ཐུབ་པའི་རེ་སྐུལ་ཀྱང་སྟབས་གཅིག་ཏུ་ཞུ་རྒྱུ་ཡིན།

༢༠༠༨་ལོའི་དགོངས་དག

ཕྱི་ལོ་༢༠༠༨་ལོའི་ཟླ་༢་པའི་ཚེས་༡༣་ཉིན་ཨོ་སི་ཊི་ལིའི་སྲིད་བློན་ཁེ་བིན་ར་སྒྲེ་མཆོག་ནས་དབུས་གྲོས་ཚོགས་སུ་ལོ་རྒྱུས་ནང་ཆེས་གལ་ཆེན་གྱི་གསུང་བཤད་ཅིག་གནང་ཡོད་པ་དེ་ལ་གདོད་མིའི་རིགས་ལ་དགོངས་དག་ཟེར་བ་དེ་ཡིན། དགོངས་དག་གི་ནང་དོན་གཙོ་བོ་ནི་ཨོ་རོབ་པ་གནས་འདིར་སླེབས་ནས་བཟུང་གདོད་མིའི་རིགས་ཀྱི་བདག་དབང་ཐོབ་ཐང་ལ་རྩིས་མེད་ཀྱིས་མནར་གཅོད་ཀྱི་རིམ་པ་མང་པོ་ཞིག་བཏང་མྱོང་ཡོད་པར། སྲིད་བློན་མཆོག་ནས་ཡོངས་གྲགས་ཀྱིས་འདས་པའི་ནོར་འཁྲུལ་ལ་དགོངས་དག་ཞུས་ནས་མ་འོངས་པར་སྤོབས་པ་དང་ཡིད་ཆེས་ཀྱིས་སྐྱོད་དགོས་པའི་རེ་སྐུལ་བྱས་ཡོད་པ་རེད། ཁོང་ནས་མ་འོངས་པར་ཕན་ཚུན་བརྩི་བཀུར་དང་། ཕན་ཚུན་དཀའ་ངལ་སེལ་རེས། ཕན་ཚུན་འགན་མཉམ་ཁུར་གནང་དགོས་སྐོར་གསུང་འདུག

འདི་ནི་མི་རིགས་གཞན་ཞིག་གིས་མི་རིགས་གཞན་ཞིག་ལ་བཙན་གནོན་བྱས་པའི་ལོ་རྒྱུས་ནང་དབང་འཛིན་པས་དགོངས་དག་ཞུས་པ་ཞིག་ཡིན་པ་དང་། སྐབས་དེའི་ཁ་གཏད་ཚོགས་པས་དགོངས་དག་དེ་ལ་རྒྱབ་སྐྱོར་གྱི་རྣམ་པ་ཞིག་སྟོན་བཞིན་དབང་འཛིན་པས་རྒྱལ་ཁབ་འདི་ཡར་རྒྱས་ལ་བཏང་ཡོད་སྐོར་སོགས་ཀྱང་གསུང་ཡོད་པ་རེད།

གང་ལྟར་གདོད་མིའི་མི་རིགས་ལ་དགོངས་དག་ཞུས་པ་འདི་འགྲོ་བ་མིའི་བཟང་སྤྱོད་ཀྱི་དཔེ་མཚོན་ནམ་མིག་དཔེ་བལྟ་ས་ཞིག་ཡིན་པས་མ་འོངས་པར་རྒྱལ་ཁབ་མང་པོ་ཞིག་ནས་འདས་པའི་ནོར་འཁྲུལ་ལ་ངོས་འཛིན་གྱིས་མ་འོངས་པར་ཞི་བདེ་མཉམ་མཐུན་གྱི་ལམ་ཁར་སྐྱོད་པར་རྨང་གཞི་ཡག་པོ་ཞིག་བཏང་ཡོད།

(བོད་རིགས་རྣམས་ཀྱང་༡༩༧༠་ནས་གནས་འདིར་སླེབས་འགོ་བརྩམས་པ་དང་དེ་དག་གི་ཁྲོད་བོད་གཞུང་དོན་གཅོད་ལས་ཁུངས་དང་། ནང་པའི་ཆོས་ཚོགས་ཁག བོད་རིགས་མཐུན་ཚོགས་ཁག་བཅས་ཀྱི་ནང་ད་ལྟ་བོད་རིགས་ཉིས་སྟོང་ལྷག་ཡོད)

བློ་བཟང་ལུང་རྟོགས་ཀྱིས་རྩོམ་སྒྲིག་བྱས་པ། ཕྱི་ལོ་༢༠༡༨་ལོའི་ཟླ་༨་པའི་ཚེས་༡༩་ཉིན་ཝེ་ཁེ་རིག་མཛོད་ནས་འཁོད།