Jump to content

ཨོ་རོད་ཀྱི་ས་ལ་སྤྱོད་པ་ཧོང་ཐའི་ཇི་

ཡོང་ཁུངས་Wikipedia

(ཇུན་གར་རྒྱལ་པོ་ཚེ་དབང་རབ་བརྟན)འདིའི་མི་རྒྱུད་ཀྱི་སྐོར་ཞིབ་པ་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི《ཆོས་འབྱུང་དཔག་བསམ་ལྗོན་བཟང》(སུམ་པ་ཆོས་འབྱུང)གི་སོག་པོའི་རྒྱལ་རབས་ཐད་རེའུ་མིག་ཏུ་བཀོད་པ་དེར་གསལ་ཞིང་། འདི་མ་གཞི་ཧུ་ཐ་གེ་ཐུ་ཧ་ར་ཧུ་ལའི་བུ་བཞི་པ་བ་ཐུར་ཧོང་ཐའི་ཇི་ལ་བུ་བཅུ་ཡོད་པའི་ལྔ་པ་སེང་གེ། དེ་ལ་བུ་གསུམ་གྱི་ཆེ་བ་བསོད་ནམས་རབ་བརྟན། འབྲིང་པོ་ཇོ་རིགས་སུ་ཧོང་ཐའི་ཇི་ཚེ་དབང་རབ་བརྟན། ཆུང་བ་བསྟན་འཛིན་འོན་པའམ་བསྟན་འཛིན་རབ་བརྟན་བཅས་ཡིན་ཞིང་། སེང་གེའི་གཅུང་པོ་དགའ་ལྡན་བོ་ཤོག་ཐུ་ཟེར་བ་ཐོག་མར་དབེན་ས་དགོན་པའི་བླ་མ་ཞིག་གི་སྤྲུལ་སྐུར་ངོས་བཟུང་ནས་དབུས་གཙང་དུ་སློབ་གཉེར་ལ་ཡོད་སྐབས་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་ལ་སྡོམ་པ་ཕུལ་རྗེས་པཎ་ཆེན་རིན་པོ་ཆེས་དགའ་ལྡན་བོ་ཤོག་ཐུ་ཞེས་པའི་ཆོ་ལོ་གནང་། དེ་སྐབས་རང་ཡུལ་དུ་མ་མི་གཅིག་པའི་སྤུན་མཆེད་སེ་ཆེན་དཔའ་ཐུར་གྱིས་གཅེན་པོ་སེང་གེ་བཀྲོངས་པའི་གཏམ་བོད་དུ་ཐོས་རྗེས་རང་ཡུལ་དུ་ལོག་ནས་སེ་ཆེན་དཔའ་ཐུར་བསད་དེ་དགྲ་ཤ་བླངས། དེ་དུས་བོ་ཤོག་ཐུ་ལ་བོད་དབུས་ནས་གསང་ཡིག་འབྱོར་བ་ལྟར། གཅེན་པོ་སེང་གེའི་བུ་ཚེ་དབང་རབ་བརྟན་གསོད་རྩིས་ཀྱི་སྔོན་དུ་ཚེ་དབང་རབ་བརྟན་གྱི་བཅེན་པོ་བསོད་ནམས་རབ་བརྟན་བསད། དེའི་ཕྱི་ཉིན་ཚེ་དབང་རབ་བརྟན་བྲོས་ལ་ཤོར། དེ་ནས་མི་རིང་བར་སྐབས་དེའི་ཇུན་གར་གྱི་ཚོགས་འདུའི་འགོ་གཙོ་ཆེ་ཆེན་ཧན་དང་མ་མཐུན་པར་དེ་ཡང་དབང་དུ་བསྡུས་ཏེ་ཇུན་གར་གྱི་རྒྱལ་པོ་བྱས། དེ་ནས་ཧལ་ཧ་ཆེ་ཆེན་གྱིས་ས་མཚམས་སུ་སྡོད་པའི་དགའ་ལྡན་བོ་ཤོག་ཐུའི་གྲོགས་པོ་གཡས་རུའི་རྒྱལ་པོ་དང་འགོ་པ་རྡོ་རྗེ་་སྐྱབས་གཉིས་བསད་པར་བརྟེན་དགའ་ལྡན་བོ་ཤོག་ཐུས་ཧལ་ཁ་ལ་དམག་དྲངས་ནས་མ་བསྡད་པའི་ཤུལ་དུ་ཚེ་དབང་རབ་བརྟན་གྱིས་དགའ་ལྡན་བོ་ཤོག་ཐུའི་རི་སྡེ་ཐམས་ཅད་བཅོམ་ནས་བདག་བཟུང་བྱས། ཧལ་ཁ་བ་རྣམས་དམག་ཕམ་རྗེས་རྗེ་བཙུན་དམ་པ་དང་དཔོན་རིགས་རྣམས་གོང་མ་ཁང་ཤིས་ལ་མགོ་བཏགས་ཞུས། གོང་མ་ཁང་ཤིས་ཀྱིས་རབ་བྱུཨང་བཅུ་གཉིས་པའི་མི་བྱི(༡༦༩༦)ལོར་དམག་རོགས་མངགས་ཏེ་བོ་ཤོག་ཐུའི་དམག་གཏོར་ཕམ་བཏང་ནས་དེའི་ཕྱི་ལོར་འདས། དེ་ནས་ཇུན་གར་ཚེ་དབང་རབ་བརྟན་གྱིས་རབ་བྱུང་བཅུ་གཉིས་པའི་ས་སྟག(༡༦༩༨)ལོ་ནས་རབ་བྱུང་བཅུ་གཉིས་པའི་མེ་རྟ(༡༧༢༦)ལོ་བར་ཇུན་གར་གྱི་རྒྱལ་པོ་བྱས། འདིས་སྲིད་དབང་བཟུང་རིང་སྔ་ཕྱི་བར་གསུམ་དུ་བོད་ས་གནས་ཀྱི་སྲིད་དབང་འཕྲོག་ཆེད་གཡོ་ཐབས་སྣ་ཚོགས་ཤིག་བཤམས་ཏེ་མཐར་རབ་བྱུང་བཅུ་གཉིས་པའི་མེ་བྱ(༡༧༡༧)ལོར་རང་ཉིད་ཀྱི་བུ་མོ་རྒྱལ་པོ་ལྷ་བཟང་གི་བུའི་མནའ་མར་གཏོང་བའི་གོ་སྐབས་དང་བསྟུན་ཏེ་རྟ་དམག་དྲུག་སྟོང་ཙམ་བཏང་ནས་ལྷ་བཟང་བསད་པ་དང་། བོད་ས་གནས་ཀྱི་སྲིད་དབང་ལོ་གསུམ་ཙམ་བཟུང་བ་ལགས་སོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།