ཨེ་འགོག་གསར་འགྱུར་འདི་དག་ལ་ཇི་ལྟར་བལྟ་དགོས་

ཡོང་ཁུངས་Wikipedia

དེང་སང་མི་མང་པོས་དྲྭ་ཐོག་དང་འཕྲིན་ཕྲན་བརྒྱུད་དེ་ཨེ་ཛི་འགོག་བཅོས་ཀྱི་སྨན་ཡོད་ཚུལ་དང་ཨ་རི་དང་འཇར་མན་གཉིས་ཀྱིས་སྔ་གཞུག་ཏུ་ནད་པ་གཉིས་སངས་བཅོས་བྱ་ཐུབ་པའི་གནས་ཚུལ་སོགས་དྲིལ་སྒྲོག་བྱ་བཞིན་པའི་ཞོར་ནས།བོད་རང་ལའང་ཨེ་བཅོས་ཀྱི་སྨན་ཡོད་ཚུལ་འུད་ཀྱིས་སྒྲོག་མཁན་མི་ཉུང་བ་ཞིག་འདུག ཡིན་ནའང་།ང་ཚོས་གསར་འགྱུར་དེ་དག་ལ་ཞིབ་པར་བལྟ་དགོས་ལ། དེ་མི་མང་པོ་ཞིག་གི་ལུས་ཐོག་ཏུ་ཚོད་ལྟ་བྱས་ནས་ལེགས་འགྲུབ་བྱུང་བའི་གྲུབ་འབྲས་ཡོད་ན།ད་གཟོད་ཡོངས་བསྒྲགས་བྱ་བའི་རིན་ཐང་ལྡན་པ་ཡིན། དེ་ལྟར་མིན་པར་མི་རེ་ཟུང་སྟེས་དབང་གི་དྲག་སོང་བའི་གནས་ཚུལ་ཡོངས་བསྒྲགས་བྱས་ན་མི་སེར་ཚོས་ཨེ་འགོག་ལ་དོ་སྣང་མི་བྱེད་པའི་ཉེན་ཁ་ཡོད་པས།དེའི་སྐབས་སུ་ང་ཚོའི་ནག་ཉེས་ནི་རང་བཞིན་གྱི་གསར་འགྱུར་ཞིག་འུད་བསྒྲགས་བྱས་པ་ལས་ལྡབ་སྟོང་འགྱུར་རམ་ཁྲི་འགྱུར་གྱིས་ཆེན་པོ་ཡོད་ཅེས་བཤད་བཞིན་ཡོད།བརྒྱ་ལ་ནམ་ཞིག་ཨ་རི་སོགས་སུ་སངས་བཅོས་ཐུབ་པའི་སྨན་རེ་བྱུང་བའི་དབང་དུ་བཏང་རུང་།དེ་བོད་ཡུལ་དུ་སླེབས་པར་དུས་ཡུན་རིང་པོ་དགོས་ལ། དེའི་སྨན་ཡོན་དེ་ང་ཚོ་བོད་མིའི་ཡོང་འབབ་ཙམ་གྱིས་ཐེག་ཐུབ་པའི་ཁུར་བོ་ཞིག་ཡིན་མིན་ལ་བསམ་བློ་ཞིབ་ཏུ་གཏོང་དགོས།གཞན་བོད་སྨན་གྱིས་བཅོས་ཐུབ་ཟེར་བ་དག་ནི་ད་དུང་ཡིད་སྨོན་ཙམ་ལས་གཅིག་ཀྱང་མངོན་འགྱུར་བྱུང་ཡོད་པ་མ་རེད།གཤམ་ནས་ངས་སངས་བཅོས་ཐུབ་པར་བསྒྲགས་པའི་གསར་འགྱུར་གཉིས་པོ་མདོར་བསྡུས་ཙམ་ངོ་སྤྲོད་བྱ།དང་པོ། འཇར་མན་རྒྱལ་ཁབ་ནས་སྨན་བཅོས་བྱས་པའི་ཐེ་མོ་སི་རའེ་པུ་ལང་ཟེར་བ་དེ་ཡིན། གཤམ་ནས་པུ་ལང་ཞེས་འབོད།པུ་ལང་ལ་ཨེ་ནད་དང་ཁྲག་རིལ་དཀར་པོའི་ནད་གཉིས་པོ་ཡོད་ལ། སྨན་པ་ཚོས་ཁོང་གི་ཨེ་ནད་བཅོས་ཐབས་དཀའ་བར་ཤེས་ཏེ་ནད་པའི་ཚེ་ཚད་ཅུང་བསྲིང་ཐུབ་བབ་སྙམ་པའི་རེ་བ་ཡིས་ཁྲག་རིལ་དཀར་བོའི་ནད་ལ་རྐང་བརྗེས་སྨན་བཅོས་ལོ་གསུམ་ཙམ་གྱི་རིང་ལ་བྱས་རྗེས།གློ་བུར་ཏུ་ཨེ་ཛིའི་ནད་དུག་ཡོད་ཚད་ཤི་ཟིན་པ་ཤེས་རྟོགས་བྱུང་བ་རེད། ད་ལྟ་པུ་ལང་གི་སྨན་པ་ཧུ་ཐི་སོགས་ཆེད་མཁས་མང་པོས་པུ་ལང་གི་རྐང་འབུལ་མི་སྣའི་གཞི་རྒྱུ་ལ་བརྟག་ཞིབ་བྱེད་བཞིན་ཡོད་ལ།གཞི་རྒྱུ་དེ་བརྒྱུད་དེ་མི་མང་པོར་སྨན་བཅོས་བྱ་ཐབས་འཚོལ་བཞིན་ཡོད་རུང་། ད་བར་ཏུ་གྲུབ་འབྲས་མངོན་གསལ་ཅན་ཅི་ཡང་བྱུང་མེད། གཞན་པ་ནི།ཨ་རིའི་ཞིབ་འཇུག་མི་སྣས་༢༠༡༣པའི་ཟླ༣པའི་ཚེས༣་གསར་སྒྲོག་བྱས་པའི་ཨ་རིའི་མེའུ་སིའུ་སིའུ་ཕིའུ་ཁུལ་གྱི་བུ་མོ་ཆུང་ཆུང་ཞིག་ལ་བྱེད་ལས་རང་བཞིན་གྱི་སྨན་བཅོས་ཐུབ་པའི་གནས་ཚུལ་དེ་རེད།ཅི་ཞིག་ལ་བྱེད་ལས་རང་བཞིན་གྱི་སྨན་བཅོས་ཟེར་ཞེ་ས། དེ་ནི་མིའི་ལུས་སྟེང་གི་ཨེ་དུག་ཡོངས་སུ་ཚོད་འཛིན་ཐུབ་པ་དང་།རིམས་འགོག་མ་ལག་གི་བྱེད་ནུས་རྒྱུན་ལྡན་ཡིན་པ། མུ་མཐུད་དུ་སྨན་བཅོས་མ་བྱས་ཀྱང་ཆོག་པ།རྒྱུན་ལྡན་གྱི་ཁྲག་བཤེར་ལས་ནད་ཡོད་མེད་ཤེས་རྟོགས་བྱ་མི་ཐུབ་པའི་ཚད་དེར་ཟེར། བུ་མོ་ཆུང་ཆུང་དེའི་ཨ་མར་ཨེ་ཛིའི་ནད་ཡོད་ཅིང་།ཕྲུ་གུ་སྐྱེས་སྐབས་ཀྱང་མ་བུ་བདེ་ཕྲལ་གྱི་སྨན་བཅོས་བྱས་མེད། ཡིན་ནའང་། སྐྱེས་རྗེས་ཀྱི་ཆུ་ཚོད༣༡འཕྲོར་ཨེ་དུག་གི་མགོ་གནོན་སྨན་བཅོས་ཟླ༡༨གྱི་རིང་ལ་བྱས་ཡོད་ཅིང་།དེ་ནས་ཨེ་དུག་མཐོང་མི་ཐུབ་པའི་ཚད་དུ་སླེབས་ཕྱིན་ཟླ་༡༠ཙམ་གྱི་རིང་ལ་སྨན་བཅོས་ཅི་ཡང་མ་བྱས་པར་བཞག་པ་རེད།སྤྱིར་ཡིན་ན། ཨེ་དུག་གི་མགོ་གནོན་སྨན་བཅོས་མ་བྱས་པར་མཚམས་བཞག་པ་ཡིན་ན། ལམ་སང་ནད་མགོ་ཕྱིར་འཕར་བའི་ཉེན་ཁ་ཡོད་རུང་།བུ་མོ་དེའི་སྨན་བཅོས་བྱ་མཚམས་བཞག་ནས་ཟླ༡༠འགོར་རུང་ད་དུང་ཨེ་ཛིའི་འགོག་གཟུགས་ཀྱི་རྣམ་པ་སྲིབ་གཤིས་ཏེ་ནད་མེད་པའི་རྣམ་པ་རུ་ཡོད་པར་བཤད།དེ་ནི་ངོ་མ་དགའ་འོས་པ་དང་རྟེན་འབྲེལ་བརྗོད་འོས་པའི་དོན་དག་ཅིག་ཡིན་ཏེ། ད་ལྟ་འཛམ་བུ་གླིང་དུ་བྱིས་པ་ཨེ་དུག་ཅན་དང་ཨེ་ནད་ཅན་བསྡོམས་པས་ཁྲི་༢༥༠ལྷག་ཡོད་ལ།ཉིན་རེ་རེ་ཨེ་དུག་ཅན་གྱི་བྱིས་པ་༡༧༠༠རེ་གསར་དུ་སྐྱེས་བཞིན་ཡོད་པས་སོ། ། ཡིན་ནའང་།ཨ་རིའི་འབྲེལ་ཡོད་ཀྱི་ཆེད་མཁས་ཀྱིས་གསུངས་བ་ལྟར་ན། འགོག་བཅོས་ཀྱི་ཐབས་ལམ་ཡོད་ཅེས་ཀུན་ལ་བསྒྲགས་དགོས་ན་ད་དུང་ཅུང་སྔ་འདུག་ཅེས་བཤད་པ་བཞིན།བོད་ཡུལ་ནས་ཀྱང་ད་དུང་ཁྱབ་བསྒྲག་ཤུགས་ཆེན་བྱེད་རན་ནི་ལར་ནས་མི་འདུག་སྙམ།