ཨེ་ཛིའི་འགོ་ལམ་གསུམ་ལས་ཕོ་མོའི་ལུས་འབྲེལ་གྱི་འགོ་མཆེད་དེ་ཅི་འདྲ་ཞིག་ཡིན་ནམ་
མཚན་མཐུན་དང་མཚན་ལྡོག་ཅི་ཞིག་ཡིན་རུང་།ཕན་ཚུན་འདོད་པ་སློང་བ་དང་། ལུས་འབྲེལ་བྱེད་པ།འདོད་ཁུ་དང་སྲུང་ཤུབས་འདོར་ལེན་བྱེད་པ། གཞན་དེང་སང་མི་ཁ་ཤས་ཀྱིས་སྤྱོད་བཞིན་པའི་རང་གི་འདོད་སྐོང་ཡོ་ཆས་(自慰器)སོགས་ཕན་ཚུན་བརྗེ་རེས་བྱས་པ་གང་ཡིན་རུང་།ཕྱོགས་གཅིག་པོ་ཨེ་ཛིའི་ནད་དུག་ཅན་ཞིག་ཡིན་ཚེ་ལུས་པོའི་གཡོ་འགུལ་དང་གཙུབ་བརྡར་ཁྲོད་ཁམས་དང་གྲང་བ་སོགས་གཤེར་ཁུའི་རིགས་གསང་ལམ་དང་རྨ་ཁ།གས་སྐྱོན། སེན་ཁ་སོགས་བརྒྱུད་ནས་གཅིག་ཤོས་ཀྱི་ལུས་སུ་ཨེ་དུག་འགོ་བཞིན་ཡོད་པ་དེར་ཕོ་མོའི་ལུས་འབྲེལ་འགོ་མཆེད་ཟེར་གྱིན་ཡོད།
ལུས་འབྲེལ་འགོ་མཆེད་ཀྱི་འགོ་ཚད་ལ་རིགས་ཆེན་པོ་བཞི་ཡོད་པ་ལས།ཉེན་ཁ་ཆེས་ཆེ་བ་ནི་ཨེ་དུག་ཅན་གྱི་སྐྱེས་པས་སྐྱེས་པ་དང་ལུས་འབྲེལ་བྱས་པ་དེ་ཡིན་ལ། དེའི་འཕྲོ་ནས་ཨེ་དུག་ཅན་གྱི་སྐྱེས་པས་བུད་མེད་དང་ལུས་འབྲེལ་བྱས་པ་དང་།དེ་ནས་ཨེ་དུག་ཅན་གྱི་བུད་མེད་ཀྱིས་ཕོ་དང་ལུས་འབྲེལ་བྱས་པ་དེ་ཡིན་ཞིང་། ལྟོས་བཅས་ཀྱིས་ཉེན་ཚབས་ཅུང་ཆུང་བ་ནི་ཨེ་དུག་ཅན་བུད་མེད་ཀྱིས་བུད་མེད་དང་ལུས་འབྲེལ་བྱས་པ་དེ་ཡིན།གཞན་རེག་དུག་དང་པགས་ནད་སོགས་ཡོད་ན་ལྟོས་བཅས་ཀྱིས་ཉེན་ཁ་ཆེ་བཞིན་ཡོད་ལ། བདེ་འཇགས་ལུས་འབྲེལ་ཏེ།སྲུང་ཤུབས་གྱོན་ཅིང་ལུས་འབྲེལ་བྱས་ན་བརྒྱ་ཆ་བརྒྱ་ཡིས་འགོག་ཐུབ་ཀྱིན་མེད་རུང་གནས་སྐབས་རང་འདི་ནི་ལུས་འབྲེལ་སྐབས་ཀྱི་ཨེ་དུག་སྔོན་འགོག་གི་བྱེད་ཐབས་ཉག་གཅིག་ལྟ་བུ་རུ་གྱུར་ཡོད་པས།ཚང་མས་བདེ་འཇགས་ལུས་འབྲེལ་གྱི་ཤེས་བྱ་ཁྱབ་གདལ་གཏོང་བར་ཞུ་ཞུ། འོ་ན། སྲུང་ཤུབས་གྱོན་སྐབས་བརྒྱ་ཆ་བརྒྱ་ཡིས་བདེ་འཇགས་ཡིན་པས་མ་ཁྱབ་ན།ཕོ་མོ་གཉིས་ལས་སུ་ཞིག་ཉེན་ཁ་ཆེ་ཤོས་ཡིན་ཞེ་ན། སྲུང་ཤུབས་གྱོན་པའི་ཆ་རྐྱེན་འོག་ཕོ་མོ་གཉིས་ལས་ཕོ་ལ་ཉེན་ཁ་ཅུང་ཡོད་ཅེས་ཆེད་ལས་མཁས་པས་གསུངས་བཞིན་འདུག་གོ།
གཞན་དེང་སང་ནི་ལྟོས་བཅས་ཀྱིས་བཤད་ན།འགྲིམ་འགྲུལ་སྟབས་བདེ་བས་བོད་ས་གནས་རང་གི་མི་གྲོང་ཁྱེར་ཏུ་འགྲོ་གྲངས་མང་ཞིང་། དབྱར་རྩྭ་དགུན་འབུ་སོགས་ཀྱིས་ཡོང་འབབ་ཅུང་ཡོད་པས་སྨད་འཚོང་མ་གླ་བའི་སྒོར་མོ་ཡོད་པ་དང་། བོད་ཡུལ་དུ་ཕྱི་ནས་ཡོང་བའི་ཞོར་ལས་པ་དང་ཡུལ་སྐོར་བ་སོགས་མང་བ། ཡུལ་ལ་ལའི་ཕོ་མོའི་འབྲེལ་བ་ཤིན་ཏུ་རྙོག་འཛིང་ཡིན་པ་སོགས་ཀྱི་དབང་གིས་བོད་ཡུལ་གྱི་ན་གཞོན་ཚོར་མཚོན་ན།ཕོ་མོའི་ལུས་འབྲེལ་འདི་ཨེ་ཛིའི་འགོ་ལམ་གཙོ་བོ་ཞིག་ཏུ་གྱུར་ཡོད། དེ་བས། ང་ཚོས་མང་ཚོགས་ཡོངས་ཀྱི་བདེ་སྲུང་འདུ་ཤེས་མཐོར་འདེགས་གཏོང་བ་ནས་མགོ་རྩོམ་དགོས་ཤིང་། ཐོག་མར་ལྟོས་བཅས་ཀྱིས་བཤད་ན་བདེ་འཇགས་ཡིན་པའི་ལུས་འབྲེལ་ཏེ་ཚད་ལྡན་བཟོ་གྲྭ་ནས་ཐོན་སྐྱེད་བྱས་པའི་སྲུང་ཤུབས་གྱོན་པ་དང་།ཐོག་མཐའ་བར་གསུམ་དུ་བེད་སྤྱོད་བྱས་པ། ཡང་དག་པའི་སྒོ་ནས་བེད་སྤྱད་བྱ་བའི་བདེ་འཇགས་ལུས་འབྲེལ་གྱི་འདུ་ཤེས་གསོ་སྐྱོང་བྱེད་དགོས་ཤིང་། མཐར་ཐུག་འཆོལ་ཉོག་མ་ཡིན་པའི་ཕོ་མོའི་ལུས་འབྲེལ་དེ་བོད་མི་རིགས་ཀྱི་ལྟ་སྤྱོད་གལ་ཆེན་ཞིག་གམ།བོད་མི་ཡོངས་ཀྱི་ཡ་རབས་ཀྱི་སྲོལ་རྒྱུན་ཞིག་ཏུ་ཆགས་ཐུབ་པ་བྱུང་ན་ཅི་མ་རུང་ཨང་སྙམ་བཞིན་ཡོད་དོ།།