ཨེ་ཛི་རིམས་ནད་དེ་ཡུལ་གང་དང་དུས་ནམ་ཞིག་ལ་བྱུང་

ཡོང་ཁུངས་Wikipedia

སྤྱི་ལོའི་༡༩༨༡ལོའི་ཟླ༦པའི་ཚེས༥ཉིན།ཨ་རིའི་རིམས་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཐོག་དང་པོར་ཨ་རིའི་སྨན་ཁང་ཞིག་ཏུ་ནད་ངོས་མི་ཟིན་པའི་ནད་པ་བཞི་བྱུང་ཞིང་།ནད་པ་དེ་དག་ཚང་མ་མཚན་མཐུན་གྱི་བརྩེ་བ་རོལ་མཁན་ཡིན་པར་བསྒྲགས་པ་རེད། ༡༩༨༢ལོར་ནད་རྟགས་དེ་དག་གི་ཁྱད་ཆོས་ལ་གཞིགས་ནས་ཨེ་ཛིAIDSཞེས་མིང་བཏགས་པ་ཞིག་རེད།དེའི་རྐྱེན་གྱིས་མི་མང་པོ་ཞིག་གིས་ཨེ་ཛིའི་ནད་པ་ཐོག་མ་དེ་ཨ་རི་ནས་ཡིན་པར་འདོད་མྱོང་ཞིང་།ཨེ་ཛིའི་ནད་དུག་ཅན་ཐོག་མ་ནི་མཚན་མཐུན་ལུས་འབྲེལ་བྱེད་མཁན་ཡིན་པས། ཨེ་ཛི་ནི་མཚན་མཐུན་འདོད་པ་རོལ་མཁན་གྱི་ནད་ཅིག་ཡིན་པ་ལས་རང་བཞིན་གྱི་མི་དང་འབྲེལ་བ་མེད་པ་ཞིག་ཡིན་པར་ཡང་འཁྲུལ་མྱོང་།ཡིན་ནའང་། རྗེས་ནས་ཚན་རིག་པ་དག་གིས་ཞིབ་འཇུག་ལས་ཤེས་གསལ་ལྟར་ན། ༡༩༧༢ལོ་ནས༡༩༧༤ལོའི་བར་ཧྥེ་གླིང་ས་ཆ་ནས་ཟུངས་ཟད་ཀྱི་ནད་ཟེར་བ་ཞིག་བྱུང་མྱོང་ཡོད་ལ།དེ་ལས་ནད་པ༡༠༧གྱི་ཁྲག་དཔེར་བརྟག་དཔྱད་བྱས་སྐབས། མི༤༤བཞིར་ཨེ་ཛི་བྱུང་མྱོང་བ་ཤེས་རྟོགས་བྱུང་བ་དང་གཞི་ནས་ཨེ་ཛིའི་ནད་པ་ཐོག་མ་དེ་ཨ་རི་མ་ཡིན་པར་ཁས་ལེན་ཐོབ་པ་རེད། དེའི་རྗེས་སུ་ཚན་རིག་ཆེད་མཁས་དག་གིས་ཕྲ་ཞིབ་དང་གཏིང་ཟབ་པའི་ཞིབ་འཇུག་བྱས་པ་ལས་ཤེས་གསལ་ལྟར་ན།༡༩༥༩ལོའི་ཟླ༣པའི་ནང་། ཧྥེ་གླིང་གི་ཏྲ་ཡེར་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སའི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་དུ་འོངས་པའི་པན་ཐོ་མི་རིགས་ཀྱི་སྐྱེས་པ་ཞིག་གི་ཁྲག་དཔེ་ནང་དུའང་ཨེ་ཛི་ཡོད་པ་ཤེས་རྟོགས་བྱུང་འཕྲལ།ད་གཟོད་ཨེ་ཛིའི་ནད་པའི་མགོ་ཁུངས་ནི་ཨ་རི་མ་ཡིན་པར་ཧྥེ་གླིང་ཡིན་པའི་ར་འཕྲོད་པ་རེད་ལ།ཨེ་ཛི་དེ་མཚན་མཐུན་བརྩེ་བ་རོལ་མཁན་རྐྱང་རྐྱང་གི་ནད་ཅིག་རེད་ཅེས་པའང་ནོར་འཁྲུལ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད་པ་རེད། འོན་ཀྱང་། ཨེ་ཛིའི་ནད་དུག་གི་མགོ་ཁུངས་ཀྱི་ཐད་ལ་བཤད་རྒྱུན་མི་འདྲ་བ་མང་པོ་ཞིག་ཡོད་དེ།དཔེར་ན། སྐར་མ་གཞན་གྱིས་མིའི་རིགས་ལ་འཕང་བའི་དུག་མདའ་ཞིག་ཡིན་པར་འདོད་པ་དང་། ཨ་རིའི་ཚན་རིག་ཚོད་ལྟ་ཁང་ཞིག་གིས་སྟེས་དབང་གིས་ཤོར་སོང་བའི་ཚོད་ལྟ་བྱ་བཞིན་པའི་ནད་དུག་ཅིག་ཡིན་པ་སོགས་བཤད་རྒྱུན་མང་པོ་ཡོད་རུང་།འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཚན་རིག་པ་མང་ཤས་ཀྱིས་གཅིག་མཐུན་དུ་ཁས་ལེན་པ་ནི་ཧྥེ་གླིང་ས་ཆའི་སྤྲེའུ་ལྗང་གི་ལུས་སྟེང་ནས་བྱུང་བའི་སྦྲ་སྤྲེའུ་རིམས་འགོག་མ་ལག་ཁ་མི་ཚང་བར་བྱེད་པའི་ནད་དུག་སྟེSIVའདི་མིའི་རིགས་ཀྱི་རིམས་འགོག་མ་ལག་ཁ་མི་ཚང་བར་བྱེད་པའི་ནད་དུག་སྟེ་HIVཡི་མགོ་ཁུངས་ཡིན་པར་ར་སྤྲོད་བྱས་པ་རེད།དེ་ལྟ་ནའང་། སྤྲ་ནག་ལས་ཇི་ལྟར་མིའི་རིགས་ལ་མཆེད་ཡོང་བའི་སྐོར་ནི་ད་རུང་བརྟོལ་མ་ཐུབ་པའི་གསང་བ་ཆེན་པོ་ཞིག་ཡིན།ལ་ལས་དེ་ནི་ཧྥེ་གླིང་གི་རྔོན་བྱེད་པའི་འཚོ་བ་རོལ་སྟངས་དང་འབྲེལ་བ་ཡོད་པར་འདོད།བསྒྲུབས་བྱེད་ནི་རྔོན་བྱེད་སྐབས་ཁྲག་དམར་དང་འཕྲད་པ་གཡོལ་ཐབས་མེད་ལ། ལག་པ་སོགས་ལ་རྨ་ཁ་བྱུང་བའང་གཡོལ་ཐབས་མེད་པ་ཞིག་ཡིན་པ་དེ་རེད།ལྟ་ཚུལ་དེ་ལྟོས་བཅས་ཀྱིས་ཡོངས་ཁྱབ་ཡིན། ལ་ལས་དེ་ནི་ཧྥེ་གླིང་གི་ཡུལ་སྲོལ་གོམས་གཤིས་ཤིག་ལ་འབྲེལ་བ་ཡོད་པར་འདོད་དེ།ཡུལ་དེའི་སྐྱེས་པ་དང་བུད་མེད་ལ་ལས་འཁྲིག་སྤྱོད་བྱེད་སྐབས་སྤྲེའུ་ཡི་ཁྲག་རྩ་ནང་དུ་བརྒྱབས་ནས་ཆགས་པ་འཕེལ་དུ་འཇུག་པའི་གོམས་སྲོལ་ཡོད་པ་རེད།ཡང་ལ་ལས་དེ་ནི་ཡུལ་དེའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ལའང་འབྲེལ་བ་ཡོད་པར་འདོད་དེ། ནམ་རྒྱུན་རི་དྭགས་དམར་གསོད་བྱས་ཏེ་རང་གི་ལྷ་དང་སྲུང་མར་མཆོད་པ་འབུལ་སྲོལ་ཡོད་པ་ལྟ་བུའོ།།