ཨེ་ཛི་ནད་འགོས་ཚེ་རེ་བ་ཅི་ཡང་མེད་སོང་བ་ཡིན་ནམ་
ཨེ་ཛིའི་ནད་འགོས་ཚེ་རེ་བ་ཅི་ཡང་མེད་སོང་བ་ཡིན་ནམ།དེང་སང་ཁ་པར་གྱི་ལམ་ནས་ཨེ་ཛིའི་ནད་པས་དྲི་བ་འདི་འདྲི་མཁན་འདུག་ལ། ཨེ་ཛིའི་ནད་པ་མ་ཡིན་པའི་མིས་ཀྱང་འདི་ལྟར་འདྲི་མཁན་མང་པོ་འདུགཡིན་ནའང་། ང་ནི་སྨན་པ་མིན་པས་སྨན་བཅོས་ཅི་དང་གང་བྱས་ན་ཚེ་ཐག་ལོ་ངོ་དེར་བསྲིང་ཐུབ་ཅེས་ཁ་ཚོན་ཆོད་པ་ཞིག་བཤད་རྒྱུ་མེད་རུང་།ངས་ཆེད་ལས་མཁས་པར་བློ་དྲིས་པ་ལྟར་ན། གལ་ཏེ་སྔ་ཙམ་ནས་སྨན་བཅོས་བྱས་པ་ཡིན་ན།རིམས་འགོག་བྱེད་ལས་ལ་སྲུང་སྐྱོབ་བྱེད་ཅིང་། སྐབས་བསྟུན་གཉན་ཚད་རྒྱས་པའི་རིམས་ནད་གཞན་དག་ཀྱང་སྔོན་འགོག་བྱ་ཐུབ། སྨན་བཅོས་བྱས་པ་ཅི་ལྟར་འགོར་ན། རིམས་འགོག་བྱེད་ལས་ལ་དེ་ལྟར་གྱིས་གནོད་ཅིང་དེའི་བྱེད་ལས་སླར་གསོས་རེ་བའང་དེ་ལྟར་གྱིས་ཆུང་དུ་འགྲོ། གལ་ཏེ་སྨན་པའི་ངག་བཞིན་སྨན་འཐུང་བ་དང་དུས་ལྟར་བརྟག་དཔྱད་བྱེད་པ།དུས་རིམ་བཞིན་ནད་དུག་འགོག་བཅོས་ཀྱི་བྱེད་ཐབས་སྤྱད་ན། ནད་པའི་ཚེ་ཐག་ཇེ་རིང་དུ་གཏོང་ཐུབ་ལ།ནད་རྟགས་ཀྱང་ཕྱིར་མངོན་ཚད་ཇེ་དལ་དུ་གཏོང་ཐུབ་པས། མ་ཚད་ནད་པའི་འཚོ་བའི་སྤུས་ཀ་ཇེ་བཟང་དུ་སོང་སྟེ།སྔོན་དང་འདྲ་བར་རྒྱུན་ལྡན་གྱི་འཚོ་བ་རོལ་བ་དང་ཆོས་བསྒྲུབས་པ། སྤྱི་ཕན་གྱི་ལས་རིགས་སུ་ཞུགས་པ་སོགས་ཀྱི་གོ་སྐབས་ཡོད་ཅེས་གསུངས།ལྷག་པར་ཏུ་ཨེ་ཛིའི་ཤེས་བྱ་ཁྱབ་སྒྲོག་བྱེད་སྐབས་དང་སྨད་འཚོང་མ་སོགས་ཉེན་ཆེའི་མི་སྣའི་སྤྱོད་ལམ་ལ་འཛུབ་ཁྲིད་དང་ཐེ་གཏོགས་བྱེད་པ་སོགས་ཀྱི་སྐབས་སུ་ཨེ་ཛིའི་ནད་པ་དང་ཨེ་ཛི་འགོ་ཉེན་ཆེ་བའི་མི་སྣས་རང་གི་བདེ་སྡུག་དང་མྱོང་བ་དངོས་བཤད་པ་བརྒྱུད་སློབ་གསོ་བཏང་ན་ཕན་འབྲས་མངོན་གསལ་ཅན་ཐོན་པའི་དཔེ་མང་དུ་བཤད་རྒྱུ་ཡོད་རུང་།དེ་ལྟར་སྤྱི་ཕན་གྱི་ལས་ཀར་ཞུགས་མིན་དེ་མི་སོ་སོའི་འདོད་མོས་བཞིན་ཡིན་དགོས་ལ།སྤྱི་ཚོགས་ཀྱི་གནོན་ཤུགས་མི་སྟེར་བའམ། གནོན་ཤུགས་ལ་མི་སྐྲག་མཁན་ཞིག་ཡིན་དགོས་པས་ང་ཚོས་ཡོད་ཚད་ལ་སྤྱི་ཕན་གྱི་འགན་འཁྲི་བཙན་འགེལ་བྱེད་རྒྱུ་མེད།གཞན་སྤྱི་ཕན་གྱི་ལས་ཀར་མ་ཞུགས་རུང་། མར་གྱུར་གྱི་སེམས་ཅན་དང་རང་ཉིད་ཀྱི་ཕྱི་མའི་རྒྱགས་ཕྱེ་འགྲུབ་པའི་ཆོས་བསྒྲུབས་པ་དང་འཚོ་བ་ཕུན་ཚོགས་སུ་བསྒྱུར་ནས་སྡོད་པའི་དཔེའང་དྲངས་རྒྱུ་ཡོད་དེ།དཔེར་ན། ཉེ་སྔོན་ངས་གྲོགས་པོ་ཞིག་བརྒྱུད་དེ་རྒྱུས་ལོན་བྱས་པ་ལྟར་ན། བོད་ཡུལ་གྱི་ས་ཆ་ག་གེ་མོ་ཞིག་ན།བོད་ཀྱི་བུད་མེད་ལས་བྱེད་པ་ཞིག་ལ་ཨེ་ཛིའི་ནད་དུག་དེ་འགོས་འདུག ནད་དུག་དེ་འགོས་ཟིན་པ་ཤེས་རྗེས་ལས་ཁུངས་ཀྱིས་ཁོ་མོར་ཟླ་རེ་བཞིན་ཟླ་ཕོགས་རྒྱུན་མ་ཆད་པར་སྟེར་གྱིན་ཡོད་རུང་།ལས་ཀ་ལས་སུ་འགྲོ་མི་དགོས་ཞེས་ནད་དགོངས་བསྩལ་འདུག དེ་ནས་མོས་ས་གནས་དེ་གའི་དགོན་པའི་ཉེ་འདབས་སུ་ཚོང་གཉེར་བ་གཞན་པ་ཞིག་གླས་ཏེ་ཚོང་ཁང་ཆུང་ཆུང་ཞིག་བཙུགས་ཏེ་ཚོང་རྒྱག་བཞིན་འདུགམོས་བཤད་པ་ལྟར་ན། མོ་ལ་མཚོན་ན་ཨེ་ཛི་དེ་དེ་འདྲའི་ཧ་ལས་དགོས་པའི་གནད་དོན་ཆེན་པོ་རང་མ་རེད།སྔོན་ཆད་ལས་ཁུངས་སུ་ཡོད་སྐབས་ཆོས་བསྒྲུབས་པའི་གོ་སྐབས་མེད་རུང་། ད་ལྟ་ཆོས་བསྒྲུབས་པའི་གོ་སྐབས་འདུག་ལ།སྔོན་ཆད་འཚོ་བའི་ཆེད་དུ་ཉིན་རྒྱུག་མཚན་འདུར་མང་པོ་ཞིག་བྱེད་དགོས་རུང་། ད་ཆ་འཚོ་བ་ཡང་ལམ་སང་ཁོད་ཆགས་སེ་འདྲ་པོ་བྱུང་སོང་།ཡིན་ནའང་། ད་ལྟ་དཀའ་ལས་ཉག་གཅིག་ཡོད་པ་ནི་ཨེ་དུག་མགོ་གནོན་གྱི་སྨན་དེ་སྐབས་རེ་ལུས་ལ་མི་འཕྲོད་པའི་གནད་དོན་ཅུང་ཡོད་བྱུང་གིན་འདུག་ཕྱིན།མཆིན་པ་ལ་གནད་དོན་བྱུང་གིན་ཡོད་དམ་སྙམ་ནས་སེམས་ཁྲལ་བྱེད་བཞིན་ཡོད། ད་མྱུར་ཏུ་སྨན་ཁང་དུ་སོང་ནས་བརྟག་བཤེར་ཞིབ་ཕྲ་ཞིག་བྱས་ཏེ།ལུས་ལ་འཚམས་ངེས་པའི་སྨན་ཞིག་ལེན་དགོས་འདུག་ཟེར། རེད། གཙོ་བོ་མི་སོ་སོའི་སེམས་ཁམས་འཛིན་སྟངས་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད།ང་ཚོས་འཚོ་བར་རྣམ་འགྱུར་ཅི་འདྲ་བཟུང་ན། འཚོ་བས་ཀྱང་ང་ཚོར་རྣམ་འགྱུར་དེ་འདྲ་འཛིན་སྲིད།དེས་ན། བསྒྱུར་མི་བཏུབ་པའི་ཐོག་བབས་ལ་སྡུག་ཡུས་དང་ལེ་བདའ་བྱས། རང་གི་ལུས་ཟུངས་གཟད་དེ་མི་ཚེ་སྟོང་གཟད་དང་རྩིས་མེད་མི་བྱེད་པར།དུས་ཚོད་སྐར་ཆ་རེ་ཡིན་རུང་དམ་འཛིན་བྱས་ཤིང་སྤྱི་ཚོགས་ཡོངས་ཕན་གྱི་ལས་ལ་བརྩོན་པ་ནི་ཤིན་ཏུ་གལ་ཆེ་བར་སྣང་ངོ་།།