Jump to content

ཨེ་ཛི་ནད་པར་མཐོང་ཆུང་བྱ་མི་རུང་བའི་རྒྱུ་མཚན་ཅི་

ཡོང་ཁུངས་Wikipedia

མི་སུ་ཞིག་ཡིན་རུང་།བསམ་གཟས་ནས་ཨེ་ཛི་བཙལ་བ་ཞིག་མེད། ཨེ་ཛི་བྱུང་བ་དེ་ཁོའམ་ཁོ་མོ་སུར་མཚོན་ནའང་བསམ་ཡུལ་ལས་འདས་པའི་ཆག་སྒོ་ཞིག་ཡིན།ཨེ་ཛི་བྱུང་བ་དེ་ངེས་པར་ཏུ་ལོག་གཡེམ་བྱས་བཞག་པའམ། ཡང་ན་ཉལ་དུད་ཁྲག་འཇུག་བྱས་བཞག་པའམ།ཡང་ན་མཚན་མཐུན་བརྩེ་བ་རོལ་བཞག་པ་ཞིག་ཡིན་པས་མ་ཁྱབ། ཚན་ལྡན་མིན་པའི་སྨན་ཁང་ནས་དུག་སེལ་མ་བྱས་པའི་ཁབ་མགོ་བེད་སྤྱད་པའམ།དུག་སེལ་མ་བྱས་པའི་སྨན་ཆས་བེད་སྤྱད་པ། ཡང་ན་སྐྲ་དང་ཁ་སྤུ་བཞར་གྲི་སོགས་ཀྱིས་ཀྱང་འགོ་བརྒྱུད་བྱ་སྲིད་པས།ངེས་པར་ཏུ་ཚུལ་མིན་གྱི་སྤྱོད་པ་ཞིག་སྤེལ་བཞག་པས་མ་ཁྱབ། བརྒྱ་ལ་ཁོའམ་ཁོ་མོས་སྔོན་ཆད་མ་རུང་བའི་ལས་ཀ་གང་ཞིག་བསྒྲུབས་ཡོད་དུ་ཆུག་ཀྱང་།གནམ་རྒན་མས་ཁོའམ་ཁོ་མོར་ཨེ་ཛི་ཡིས་ཆད་པ་བཅད་ཚར་བ་རེད། དེ་ལས་ཡན་གྱི་ཚད་པ་ཞིག་གཅོད་ཐབས་རྩ་བ་ནས་ཡོད་པ་མ་རེད།གཞན། དེང་སང་ནང་ལོག་དང་ཕྱི་རྒྱལ་སོགས་ན་ཨེ་ཛིའི་ནད་པར་མཐོང་ཆུང་བྱས་པའི་རྐྱེན་གྱིས།ཨེ་ཛིའི་ནད་པས་སྤྱི་ཚོགས་དང་མི་སྒེར་ལ་འཁོན་ལན་སློག་པ་སོགས་ཁྲིམས་འགལ་དང་སྲོལ་རྒྱུན་གྱི་ཀུན་སྤྱོད་དང་འགལ་བའི་བྱ་ངན་སྤེལ་བཞིན་ཡོད།དེས་ན། གནད་དོན་དེ་དག་ལ་གཡོལ་བའི་ཆེད་ཡིན་རུང་ཨེ་ཛིའི་ནད་པར་མཐོང་ཆུང་བྱ་མི་འོས། ཡང་གཅིག་བྱས་ན། ཨེ་ཛིའི་ནད་པ་ནི་རིམས་ནད་ཀྱིས་གདུང་བཞིན་པའི་སྐྱེ་བོ་ཉམ་ཐག་གི་གྲས་ཡིན་པས།དེ་བྱམས་དང་སྙིང་རྗེས་སྐྱོང་ཡུལ་ཞིག་ཡིན་ལ། སྤྱི་ཚོགས་དང་ཁྱིམ་ཚང་གཉིས་པོས་ཨེ་ཛིའི་ནད་པའམ་ཨེ་ཛིའི་ནད་དུག་ཅན་ལ་མཛའ་གཅུགས་དང་བསམ་ཤེས་ངང་བདེ་ཐང་གི་འཚོ་བ་དང་ལས་སྒྲུབ་ཀྱི་ཁོར་ཡུག་ཅིག་བསྐྲུན་ཞིང་།ཁོང་ཚོར་བསམ་པ་ཡར་བསྐྱེད་ཀྱི་འཚོ་བའི་རྣམ་འགྱུར་འཛིན་པ་དང་།གཞན་ལ་འཚེ་བ་མེད་པའི་འདི་ཕྱི་དང་རྒྱུ་འབྲས་ཀྱི་རྣམ་གཞག་ངོ་སྤྲོད་པ།སྨན་པའི་བཀོད་འདོམ་བཞིན་སྨན་བཅོས་བྱེད་པར་སྐུལ་མ་གཏོང་བ་སོགས་བྱས་ན། ཨེ་ཛིའི་ནད་པའི་ཚེ་སྲོག་གི་རིན་ཐང་མཐོར་འདེགས་བྱེད་པ་དང་།ཚེ་ཐག་ཇེ་རིང་དུ་གཏོང་བ། འཚོ་བའི་སྤུས་ཀ་ཇེ་ལེགས་སུ་གཏོང་བ་སོགས་ལ་ཕན་པར་མ་ཟད། བོད་ཁུལ་ནས་ཨེ་ཛིའི་ནད་ངན་སྔོན་འགོག་དང་སྨན་བཅོས། ཚོད་འཛིན་བཅས་བྱེད་པ་དང་སྤྱི་ཚོགས་བདེ་འཇགས་ཡོང་བ་སོགས་ལའང་ཕན་པ་རྒྱ་ཆེན་པོ་ཡོད།