ཨེ་ཛི་དང་རེག་དུག་གཉིས་བར་ལ་ཁྱད་པར་ཅི་ཞིག་ཡོད་དམ་

ཡོང་ཁུངས་Wikipedia

བོད་ཁུལ་གྱི་སྨན་པ་ལ་ལས་ཨེ་ཛི་དང་རེག་དུག་བར་གྱི་དབྱེ་བ་མ་ཤེས་པར་དེ་གཉིས་ངོ་བོ་དང་ཁྱད་ཆོས་གཅིག་པར་མཐོང་ནས་ཨེ་ཛི་དེ་གནའ་སྔ་མོ་ནས་བོད་ལ་ཡོད་མྱོང་པ་ཞིག་ཡིན་ལ།ཁོང་ཚོའི་སྔོན་བྱོན་གྱི་མཁས་པ་དག་གིས་སྔ་མོ་ནས་བཅོས་ཟིན་པ་རེད་ཅེས་འུད་སྒྲོག་བྱེད་ཀྱི་འདུགདེ་ནི་ཁོང་ཚོས་ནད་དེ་གཉིས་ཀྱི་བྱུང་དུས་དང་ངོ་བོ་སོགས་གསལ་བོར་མ་ཤེས་པ་ཡིན་ལ།རང་གིས་རང་ལ་བསྟོད་པ་བྱ་འདོད་རུང་བསྟོད་མ་ཤེས་པར་བསྟོད་མི་ཤེས་མཁན་ཞིག་གིས་བསྟོད་པ་ལས།སྨད་མི་ཤེས་མཁན་ཞིག་་གིས་སྨད་ན་དགའ་ཞེས་པའི་དཔེ་རུ་སོང་བ་རེད། རྒྱུ་མཚན་ཅི་རེད་ཅེ་ན། རེག་དུག་བྱུང་ནས་ད་བར་ཏུ་ལོ་༥༠༠ལྷག་གི་ལོ་རྒྱུས་ཡོད་ལ།ཨེ་ཛིའི་ནད་པ་དངོས་སུ་ངོས་ཟིན་ནས་ད་བར་ལོ་༣༠ལྷག་ལས་ཕྱིན་མེད་ཅིང་།འཚོལ་ཞིབ་གྲུབ་འབྲས་ཇི་ལྟར་སྔོན་ལ་བསྣུད་ཀྱང་ལོ་༥༠ལས་ཡར་འདེད་རྒྱུ་ཡོད་པ་མ་རེད།དེས་ན།བོད་ལ་སྔོན་ནས་ནད་དུག་དེ་ཡོད་ཅེས་པ་ནི་རང་གིས་རང་མི་ཁར་འཕང་བ་ལས་ཅི་ཡང་མེད་དོ། ། རེག་དུག་ལ་སྒྲ་ཡངས་འཇུག་དང་དོག་འཇུག་བཅས་གཉིས་ཡོད་ལ།ཡངས་འཇུག་ལྟར་ན་གསང་ནད་དམ་མཚན་མའི་ནད་དེ་རྒྱ་སྐད་དུ་ཤིན་པིང་性病ཟེར་བའི་དོན་ཡིན་ཞིང་། དོག་འཇུག་ལྟར་ན་རྒྱ་སྐད་དུ་མའེ་ཏུའུ་梅毒ཟེར་བ་དེ་ཡིན།དེང་སང་སྨན་པ་མང་པོ་ཞིག་གིས་རེག་དུག་ནི་སྒྲ་དོག་འཇུག་གི་རྣམ་པའི་མའེ་ཏུའུ་梅毒ཟེར་བའི་ཆེད་སྤྱོད་ཐ་སྙད་བྱེད་ཀྱིན་ཡོད་པས་ང་ཚོས་ཀྱང་འདི་ལྟར་བྱས་ན་གོ་འཛོལ་མི་བྱུང་བར་ཕན་པ་ཆེན་པོ་ཡོད།ཡིན་ནའང་། སྒྲ་ཡངས་དོག་གང་གི་ཐད་ནས་བཤད་རུང་།རེག་དུག་དང་ཨེ་ཛི་གཉིས་གཅིག་པ་རྩ་བ་ནས་མིན་ནོ ། ། སྤྱིར་རེག་དུག་འགོས་ཡོད་ན་ཨེ་ཛི་འགོ་སླ་པོ་ཡོད་ལ།ཨེ་ཛི་འགོས་ཡོད་ན་རེག་དུག་ཀྱང་འགོ་སླ་པོ་ཡོད་པས།ཨེ་ཛིའི་ནད་རྟགས་མང་པོ་ཞིག་བཤད་སྐབས་རེག་དུག་གི་ནད་རྟགས་མང་པོ་ཞིག་ཀྱང་ཞོར་ལ་བཤད་བཞིན་ཡོད་རུང་།རེག་དུག་གི་ནད་པ་ཞིག་ཇི་ལྟར་ལོ་མང་པོར་འཚོ་རུང་།དེ་ཨེ་ཛིའི་ནད་དུག་དང་མ་འཕྲད་ན་རང་ཤུགས་ཀྱིས་ཨེ་ཛིའི་ནད་དུག་ཅན་དང་ཨེ་ཛིའི་ནད་པར་འགྱུར་བ་ཡོད་མི་སྲིད།རེག་དུག་དང་ཨེ་ཛི་གཉིས་ཀྱི་ནད་རྟགས་དང་དུས་རིམ། གབ་གནས་སོགས་ལ་འདྲ་ས་མང་པོ་ཞིག་ཡོད་རུང་།ཁྲག་གཤེར་བརྒྱུད་དེ་ཚད་ལྡན་གྱི་སྨན་ཁང་ནས་ནད་ཀྱི་ངོ་བོ་དང་རང་བཞིན་ལ་བརྟག་བཤེར་བྱས་ཚེ་རྩ་བ་ནས་གཅིག་མཚུངས་མིན་པ་ཤེས་ཐུབ་ལ།བཅོས་ཐུབ་མིན་གྱི་སྟེང་ནས་ཀྱང་མངོན་གསལ་དོད་པོས་ལྷང་ལ་འབུད་ཐུབ་ཀྱིན་ཡོད་དོ། ། རེག་དུག་ལ་རེག་དུག་གི་དུས་རིམ་གསུམ་དུ་དབྱེ་བ་ཡོད་ཅིང་།རེག་དུག་དུས་རིམ་དང་པོ། གཉིས་པ། གསུམ་པ་བཅས་སོ།རེག་དུག་དུས་རིམ་དང་པོའི་སྐབས་སུ་སངས་བཅོས་ཐུབ་པ་དང་གཉིས་པའི་སྐབས་སུ་ཚེ་གང་ལུས་ལ་ཁྱེར་དགོས་རུང་སྲོག་ཉེན་མེད་པ། དུས་རིམ་གསུམ་པ་སྟེ་དུས་མཐར་སླེབས་དུས་སྨན་བཅོས་བྱ་དགོས་ཚེ་ཧ་ཅང་ཁག་པོ་ཡོད་པས།རེག་དུག་ཡིན་རུང་དང་པོ་ནས་སྨན་བཅོས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་ཡིན།ཡང་ཁ་ཅིག་ལ་རེག་དུག་འགོས་རྗེས་དུས་ཡུན་རིང་པོ་མ་སོང་བར་ནད་རྟགས་མངོན་པ་ཡོད་ཅིང་།དེ་ནས་ནད་རྟགས་དེ་རིམ་བཞིན་ཡལ་ཅིང་མེད་པར་གྱུར་ནས་ཚེ་གཅིག་ལ་ནད་གཤིས་གདགས་གཤིས་སུ་གནས་རུང་ནད་རྟགས་མི་འཕར་བ་ཡོད་ཅིང་།རེག་དུག་གི་ནད་འགོས་ནས་ལོ་བཞི་ཙམ་གྱི་རྗེས་ནས་བུ་ཕྲུག་ལས་གཞན་ལ་འགོ་བཞིན་མེད། ད་དུང་འདིར་གསལ་བཤད་བྱེད་དགོས་པ་ཞིག་ལ།དེང་སང་ནང་ལོག་གི་སྨན་པ་ལ་ལས་རྒྱབ་ཁུག་ཁུར་ཏེ་བོད་ཡུལ་དུ་སོང་ནས་རེག་དུག་གི་སྨན་བཅོས་བྱ་ཐུབ་ཞེས་ཁབ་རེ་བརྒྱབ་ཏེ་སྒོར་མང་པོ་ལེན་བཞིན་འདུག་པས།ཁོང་ཚོའི་སྨན་མང་པོ་ཞིག་རྫུན་མ་ཡིན་ཞིང་།ཁབ་མགོ་དག་ཀྱང་དུག་སེལ་ལེགས་པོ་བྱེད་བཞིན་མེད་པར་བཤད་པས།ངེས་པར་ཏུ་གཟབ་གཟབ་བྱ་དགོས། མདོར་ན།ཨེ་ཛི་དང་རེག་དུག་གཉིས་གཅིག་མཚུངས་མིན་ལ།དེ་གཉིས་དར་ཁྱབ་ཀྱི་རྣམ་པའང་མི་འདྲ་བས།རེག་དུག་གི་ནད་ཕོགས་ཡོད་མཁན་ཤིན་ཏུ་མང་པོ་ཡོད་ཕྱིན།དེ་གཉིས་གཅིག་མཚུངས་རེད་ཅེས་བཤད་ན་མི་མང་པོ་ཞིག་གི་ལུས་སེམས་ལ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མང་པོ་ཞིག་སྟེར་སྲིད་པར་མ་ཟད།སྨན་བཅོས་བྱ་རྒྱུ་མེད་པར་འཁྲུལ་ནས་དུས་ལྟར་ཏུ་སྨན་པར་མི་སྟོན་པར་སྨན་བཅོས་ཀྱི་དུས་སྐབས་བཟང་བོ་འདའ་འགྲོ་བར་ཉེན་ཁ་ཡོད་པས་ངེས་པར་ཏུ་གཟབ་ནན་དང་དབྱེ་བཀར་གྱིས་དྲིལ་སྒྲོག་བྱེད་པ་གལ་ཆེའོ།།