ཨུ་རུ་སུའི་ནང་བསྟན་

ཡོང་ཁུངས་Wikipedia

ཨུ་རུ་སུ་རྒྱལ་ཁབ་ཀྱི་ནང་བསྟན་ཤེས་རིག་གི་ལོ་རྒྱུས་ཡུན་རིང་ཞིང་དུས་རབས་དང་པོ་ནས་བཟུང་ནང་བསྟན་ཨེ་ཤ་ཡའི་དབུས་ཁུལ་དུ་རྒྱ་ཆེ་བའི་སྒོ་ནས་དར་འགོ་ཚུགས། དུས་རབས་བཅུ་བཞི་བ་ནས་ནང་བསྟན་སོག་པོ་བརྒྱུད་ནས་ཞི་པོ་ལི་ཡྰ་(西伯利亚)ལ་དར། དུས་རབས་བཅུ་བདུན་པར་ནང་བསྟན་ཨུ་རུ་སུ་རྒྱལ་ཁབ་ཏུ་རྨང་གཞི་བརྟན་པོ་ཚུགས་ཤིང་། གཙོ་བོ་པུའུ་ལེ་ཡྰ་ཐི་(布里亚特)དང་ཁྰའར་མེ་ཁུ་(卡尔梅克)ས་ཁུལ་དུ་དར་ཡོད།སྤྱི་ལོ་༡༧༤༡་ལོར་ཨུ་རུ་སུའི་གོང་མ་ཡེས་ལེ་ཧྲ་པེ་ཕི་ཏི་ལོ་ཧྥུ་ནྰ་ཡིས་ནང་བསྟན་དང་། དངོས་རྒྱུད་ཆོས་ལུགས་ཤར་མ(东正教)། དབྱི་སི་ལན་གྱི་ཆོས་ལུགས། ཡུའུ་ཐའེ་ཆོས་ལུགས་བཅས་ཨུ་རུ་སུ་རྒྱལ་ཁབ་གཞུང་ཕྱོགས་ཀྱི་ཆོས་ལུགས་ཡིན་ཞེས་ཁྱབ་བསྒྲགས་གནང་། ཟླ་བཅུ་བའི་གསར་བརྗེ་ཡི་རྗེས་ལ་སི་ཏ་ལིན་གྱིས་ཆོས་ལུགས་ལ་རྒོལ་བའི་ལས་འགུལ་ཁྲོད་ནང་བསྟན་ལ་གནོད་འཚེ་དང་གཉའ་གནོན་བྱས།

སྤྱི་ལོ་༡༩༨༩ལོར་ཀུར་པྰ་ཆོའོ་ཧྥུ་ཡིས་བཏོན་པའི་བསམ་བློ་གསར་བའི་གསར་བརྗེ་ཡིས་ནང་བསྟན་ལ་གསར་དུ་ཚེ་སྲོག་སྦྱིན། སུའུ་ལེན་སིལ་བུར་གྱུར་རྗེས་ནང་བསྟན་ཡང་བསྐྱར་དར་འགོ་བརྩམས་སོ། །

རྒྱ་གར་དང་གཞན་པའི་རྒྱལ་ཁབ་ཀྱི་མི་མང་པོ་ལ་མཚོན་ན་ཨུ་རུ་སུའི་ནང་བསྟན་རིག་གནས་ནི་ཡ་མཚན་སྐྱེས་པ་ཞིག་ཡིན་ལ། རྒྱུ་མཚན་ནི་ཨུ་རུ་སུ་ལ་དུས་ཡུན་རིང་པོའི་ནང་གནའ་བོའི་དངོས་རྒྱུད་ཆོས་ལུགས་ཤར་མ་(东正教)དང་། ཧྲ་ཧོང་བཙན་རྒྱལ། གུང་ཁྲན་རིང་ལུགས་བཅས་ཀྱིས་མི་ཚང་མ་རྒྱུས་ཡོད་པས་ཡིན། དུས་རབས་བཅུ་དྲུག་པའི་མཇུག་གི་ལོ་ཉེར་ལྔའི་ནང་ནང་བསྟན་དགོད་བྲོ་བའི་རྣམ་པས་སོག་པོ་བརྒྱུད་དེ་གངས་དང་འཁྱགས་རོམ་གྱིས་ཁེབས་པའི་ཞི་པོ་ལི་ཡྰར་དར། སྐབས་དེའི་སོག་པོ་རྒྱལ་བོ་འན་ཏ་ཧན་ནས་ནང་བསྟན་དར་སྤེལ་ཁྲོད་གསར་གཏོད་རང་བཞིན་ལྡན་པའི་ནུས་པ་ཐོན། དང་ཐོག་སོག་པོ་དང་བོད་ཀྱི་གྲྭ་བ་ཚོས་རྟ་ལ་སྦྲ་གུར་སོགས་བཀལ་ནས་ཞི་པོ་ལི་ཡྰའི་འབྲོག་མི་སྡོད་སའི་གནས་གང་རུང་དུ་སླེབས་ཏེ་གུར་ཕུབ་ནས་ནང་དུ་མཆོད་བཤམ་གང་ལེགས་གནང་སྟེ་ཆོས་གསུངས་ནས་འགྲོ་དོན་སྤེལ། འདི་ལ་ཡོངས་གྲགས་སུ་༼གུར་སྒར༽་ཞེས་འབོད་བཞིན་ཡོད། དགོད་བྲོ་བའི་རྣམ་པའི་གོ་རིམ་དེ་ལོ་ནས་ལོ་མཐུད་དེ་དུས་རབས་བཅུ་དགུ་བར་སླེབས། དེ་རྗེས་སུ་འོ་ནྰ་ཆུ་བོ་དང་། བོའོ་ལྰ་ཆུ་བོ། སི་ལིན་ཀུ་ཆུ་བོ། འན་ཅྰ་ལ་ཆུ་བོ་སོགས་ཞི་པོ་ལི་ཡའི་ཆུ་རྒྱུན་གྱི་འགྲམ་ནས་གུར་སྒར་དེ་དག་ཤིང་གི་བཟོ་བཀོད་ཀྱི་རྣམ་པའི་ཐོག་ནས་ཁང་དགོན་དུ་བསྒྱུར། འདི་ནི་མི་ཚང་མས་ཤེས་པའི་ནང་བསྟན་དགོན་སྡེ་ཡི་གྲྭ་ཚང་ཞེས་པ་ཡིན། དུས་ཡུན་མགྱོགས་པོའི་ནང་དགོན་སྡེ་དེ་དག་ནང་བསྟན་དར་སྤེལ་གྱི་ལྟེ་གནས་སུ་གྱུར་བ་མ་ཟད་དེ་ལས་ཀྱང་ཞི་པོ་ལི་ཡྰའི་པུ་ལེ་ཡྰ་ཐི་དང་ཁྰའར་མེ་ཁུ་རུ་ནང་བསྟན་ལ་རྨང་གཞི་བརྟན་པོ་ཆགས། འདས་ཟིན་པའི་དུས་རབས་འགའ་ཡི་ནང་དུ་ཨུ་རུ་སུའི་ནང་བསྟན་ཀྱག་ཀྱོག་གི་འཕེལ་རྒྱས་ཀྱི་ལམ་བུ་བརྒྱུད་མྱོང་ལ། ཁྱད་པར་དུ་ནང་བསྟན་ཨུ་རུ་སུ་བཙན་རྒྱལ་གྱི་ཕན་ཚུན་བར་ཐག་ཤིན་ཏུ་རིང་བའི་ས་ཁུལ་གཉིས་སུ་དར་བར་བྱས།

ཨུ་རུ་སུའི་མཁས་པ་ཉི་ཀོ་ལྰ་·ཡེ་འར་མོ་ཧྲི་ཅིན་ར་སྤྲོད་བྱས་པ་ལྟར་ན་སྤྱི་ལོ་དུས་རབས་དང་བོར་ནང་བསྟན་ནི་ཆོས་ལུགས་དང་ཚད་མ་རིག་པའི་གྲུབ་ཆ་ལྡན་པའི་ཐོག་ནས་དར་གོས་ཚོང་ལམ་བརྒྱུད་དེ་ཨེ་ཤེ་ཡ་དབུས་མར་རྒྱ་ཆེ་བར་དར་འགོ་བརྩམས་པ་སྟེ། གནའ་བོའི་དཔལ་ལ་ཙུ་མོ། ལེ་ཧེ་རྒྱ་མཚོ། ཞན་ཧེ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཐའ་ཡས་པའི་ཡུལ་ཁམས་སུ་དར། ཁོང་གིས་བཤད་དོན་ལ། དུས་རབས་བར་མའི་དུས་འགོར་ཨེ་ཤེ་ཡ་དབུས་མའི་གྲོང་ཁྱེར་མང་ཆེ་བར་ནང་པའི་དགོན་པ་བསྐྲུན། གནའ་བོའི་ལག་བྲིས་ཤིག་ལས་སྤྱི་ལོ་དུས་རབས་བདུན་པའི་དུས་དཀྱིལ་དུ་ཡེ་ས་མའར་ཧན་དུ་ནང་པའི་དགོན་པ་བསྐྱར་གསོ་གནང་བའི་གནས་ཚུལ་བྲིས་ཡོད། ལི་ཡུལ་ཕྱོགས་སུ་ནང་བསྟན་ཤེས་རིག་ལྟེ་གནས་ཧ་ཅང་དར་བར་མཆིས། ཚན་རིག་པས་དེ་སྔ་རྒྱུན་དུ་ཤིན་ཅང་ཧི་ཐེན་དུ་སོང་སྟེ་རྒྱ་གར་ནས་རྙེད་མི་ཐུབ་པའི་ལག་བྲིས་དཀོན་པོ་འཚོལ་བཞིན་ཡོད ། དེ་དང་བསྟུན་ནས་དུས་རབས་བདུན་པར་དབྱི་སི་ལན་ཆོས་ལུགས་དར་བས་མུའུ་སི་ལིན་དབང་སྒྱུར་མཁན་གྱིས་དྲག་ཆས་སྤྱད་པས་ཚད་ངེས་ཅན་ཞིག་གི་སྟེང་ནས་ནང་བསྟན་ཤེས་རིག་དར་བར་བཀག་འགོག་ཐེབས་སོ། །

དུས་རབས་བཅུ་བཞི་བ་ནས་བཟུང་ནང་བའི་བསྟན་པ་ཨུ་རུ་སུ་རྒྱལ་ཁབ་ཏུ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་སླེབས་ཤིང་། སྐབས་དེའི་སོག་པོའི་དབང་སྒྱུར་མཁན་གྱིས་རྩ་འཛུགས་ལྡན་པའི་ལས་འགུལ་ཞིག་སྤེལ་ནས་ནང་བསྟན་ཁོ་ཚོའི་རྒྱལ་ཁབ་ཡོངས་ལ་དར་བར་བྱས། ཐོག་མར་ནང་བསྟན་པུ་ལི་ཡྰ་ཐི་རུ་གཞི་ཚུགས་པ་སྟེ། ཨུ་རུ་སུའི་ཚད་ལྡན་ཡིག་ཆར་བྲིས་པ་ལྟར་ན་པུ་ལི་ཡྰ་ཐི་རུ་དར་བ་ནི་གཙོ་བོ་བྱང་བརྒྱུད་ནང་བསྟན་གྱི་བོད་སོག་ཡན་ལག་ཆོས་རྒྱུད་ཡིན་ལ། ཆེས་ཐོག་མར་ཝེ་པེ་ཅ་འར་དང་ཨུ་རུ་སུའི་ས་ཁུལ་གཞན་དུ་དར་བ་ནི་དགེ་ལུགས་པའི་ཆོས་རྒྱུད་ཡིན། ནང་བསྟན་གྱི་གཞུང་ལུགས་ཨུ་རུ་སུ་ལ་དར་བའི་སྐོར་ལ་དོན་སྙིང་ལྡན་ཞིང་ཞིབ་ཕྲ་ཡོད་པ་ཞིག་ཡིན་ཏེ། མི་ཚང་མས་ཤེས་གསལ་ལྟར་ནང་བསྟན་ཆོས་ལུགས་ནི་སོག་པོ་བརྒྱུད་ནས་ཞི་པོ་ལི་ཡྰ་ལ་དར་བ་ཡིན་ཞིང་། དུས་རབས་བཅུ་བདུན་པའི་སྔོན་དུ་པུ་ལི་ཡྰ་ཐི་ཡི་ཆོས་ལུགས་གཙོ་བོ་ས་མན་ཆོས་ལུགས་ཡིན་ལ། སྐབས་འདིར་ཨུ་རུ་སུ་ཡིས་ཏག་ཏག་ཞི་པོ་ལི་ཡྰ་ལ་ས་ཆར་བཙན་རྒྱལ་ཆེན་མོའི་དབང་སྒྱུར་རྒྱ་སྐྱེད་རྩིས་ཡོད་ཅིང་། དེར་བརྟེན་བཀས་བཀོད་རྒྱུད་འཛིན་གྱི་དམག་འཁྲུག་ལ་ཞུགས་མི་འདོད་པའི་སོག་པོ་མང་པོ་ཞིག་ཕ་ཡུལ་དང་ཁ་བྲལ་ནས་པུ་ལི་ཡྰ་ཐི་ལ་བྲོས་བྱོལ་དུ་ཕྱིན། སོག་པོ་དེ་དག་རང་གི་རྒྱལ་ཁབ་ན་ཡོད་དུས་ནང་པ་བ་ཡིན་པས་ན་ས་དེར་སླེབས་དུས་ནང་བསྟན་ཆོས་ལུགས་དར་བར་ནུས་པ་བླ་ལྷག་ཐོན། དོན་འདི་ལས་གསལ་བོ་ཤེས་པ་ནི་ཨུ་རུ་སུའི་ནང་བསྟན་གླེང་སྐབས་ནང་བསྟན་དང་སོག་པོའི་འབྲེལ་བ་མི་བཤད་ཐབས་མེད་ཡིན། ཨུ་རུ་སུའི་ལོ་རྒྱུས་ཡིག་ཚང་ལྟར་ན་ནང་པའི་བསྟན་པ་སོག་པོ་དང་པུ་ལི་ཡྰ་ཐི་རུ་དུས་ཡུན་ལོ་ངོ་བརྒྱ་ཕྲག་ཁ་ཤས་སྤྱད་ནས་འཕེལ་རྒྱས་བྱུང་བ་དེ་གཙོ་བོ་དུས་རིམ་གསུམ་དུ་དགར་ཆོག

དུས་རིམ་དང་པོ་ནི་གདོད་མའི་སོག་པོའི་ཚོ་ཁག་དང་ནང་བསྟན་གཉིས་ཀྱི་ཆེས་ཐོག་མའི་འབྲེལ་འདྲིས་ཀྱི་དུས་རིམ་ཡིན་ལ། དེ་ནི་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པ་ནས་སྤྱི་ལོ་དུས་རབས་གཉིས་པའི་བར་གྱི་ཞུང་ནུའུ་དང་ཞན་པེ་མི་རིགས་ཀྱི་དུས་སྐབས་ལ་གཏུགས་ཆོག་ཅིང་། དུས་སྐབས་འདིར་མི་རིགས་གཉིས་ཀྱིས་ནང་བསྟན་རིག་གནས་ཁྲོད་ཀྱི་ཤེས་བྱ་མང་པོ་ཤེས། དུས་རིམ་གཉིས་པ་ནི་གཙོ་བོ་དུས་རབས་བཅུ་གཉིས་པ་ནས་བཅུ་གསུམ་བར་གྱི་རླབས་ཆེན་སོག་པོའི་རྒྱལ་བོ་ཇིང་གིར་ཧན་དང་། ཨུ་གོ་ཏའི། སེ་ཆེན་རྒྱལ་བོ། མོང་གོལ་ཧན་སོགས་ཀྱི་དབང་སྒྱུར་དུས་སྐབས་ལ་ཟེར། སྐབས་འདི་རུ་སོག་པོས་དོན་དམ་པའི་སྟེང་ནས་ནང་བསྟན་རིག་གནས་ལ་རྒྱུས་ལོན་པ་ཡིན་ཞིང་། དེ་ལས་ཀྱང་དོ་སྣང་བྱ་འོས་པ་ཞིག་ལ་དུས་སྐབས་འདིར་ཇིང་གིར་ཧན་གྱིས་རྒྱལ་ཁབ་དང་མི་རིགས་མང་པོ་དབང་དུ་བསྡུས་ཤིང་དེ་དག་གི་ཁྲོད་ཀྱི་ཆི་ཏན་མི་དང་། ཡུ་གུར་བ། རྒྱ་མི། བོད་མི། ཐེ་མི་སོགས་ནི་སྔ་མོ་ནས་ནང་པའི་རྗེས་འཇུག་པར་གྱུར་ཡོད། སྤྱི་ལོ་༡༢༦༠ལོར་ཇིང་གིར་ཧན་གྱི་ཚ་བོ་སེ་ཆེན་ནང་པ་སངས་རྒྱས་པར་སྐྱབས་སུ་སོང་ཞིང་དེ་ནི་སོག་པོར་ནང་བསྟན་དར་བའི་ལོ་རྒྱུས་ཐོག་དོན་སྙིང་ལྡན་པའི་འགྱུར་མཚམས་ཤིག་ཡིན། དཔལ་ས་སྐྱའི་ཆོས་རྒྱུད་ཡིན་པའི་བླ་ཆེན་འགྲོ་མགོན་འཕགས་པ་ཟེར་བ་ཞིག་གིས་སེ་ཆེན་ཧན་གྱི་རྒྱལ་ས་རུ་༼པེ་ཅིན༽ཆོས་ཀྱི་མཛད་འཕྲིན་བསྐྱངས། སྤྱི་ལོ༡༢༥༢་ལོར་སེ་ཆེན་ཧན་དང་འགྲོ་མགོན་འཕགས་པ་རྣམ་གཉིས་ནས་རྩ་ཁྲིམས་མུ་ཏིག་མར་མཚན་རྟགས་བཀོད། དེའི་ཁྲོད་དུ་སོག་པོ་བཙན་རྒྱལ་གྱི་མངའ་ཁུངས་སུ་ཆོས་སྲིད་གཉིས་ཀྱི་སྟོབས་ཤུགས་ཀྱི་ཁྱབ་ཁོངས་སོ་སོར་ཕྱེས་འདུག་ཅིང་། པུ་ལི་ཡྰ་ཐི་ལ་ཨ་ལ་སོག་པོ་ཟེར་ཞིང་དེ་ནི་སེ་ཆེན་ཧན་བཙན་རྒྱལ་གྱི་དབང་སྒྱུར་སྐབས་ཀྱི་བྱང་ཕྱོགས་སོག་པོ་ལ་འབོད། དེའི་ཕྱིར་པུ་ལི་ཡྰ་ཐི་ཡང་རང་བཞིན་གྱི་རྩ་ཁྲིམས་མུ་ཏིག་མའི་དོ་དམ་བྱེད་པའི་ཁོངས་སུ་གཏོགས། དེ་ཙ་ན་ལོ་རྒྱུས་ཆེད་མཁས་པས་སྤྱི་ལོ་༡༢༥༢ལོ་ནི་སོག་པོ་བཙན་རྒྱལ་གྱིས་ནང་བའི་བསྟན་པ་རྒྱལ་ཁབ་ཀྱི་ཆོས་ལུགས་ལ་ངོས་བཟུང་བ་ཁྱབ་བསྒྲགས་གནང་བའི་དུས་ཚོད་ཡིན་པར་འདོད་ཅིང་དེ་དང་མཉམ་དུ་པུ་ལི་ཡྰ་ཐི་ས་ཁུལ་དུའང་ལག་བསྟར་བྱས། དུས་རིམ་གསུམ་པ་ནི་སྤྱི་ལོ་དུས་རབས་བཅུ་དྲུག་པར་འན་ཏ་ཧན་དང་མཉམ་དུ་བྱུང་བ་ཞིག་ཡིན། སོག་པོ་ཆ་ཧར་ཨན་ཐན་རྒྱལ་བོས་དགེ་ལུགས་པའི་ཆོས་རྒྱུད་ཀྱི་གོ་ས་ཇེ་མཐོར་བཏང་ཞིང་སྤྱི་ལོ་༡༥༧༦ལོར་ཁོང་གིས་རྩ་འཛུགས་གནང་སྟེ་ཚོ་ཁག་དང་ཆོས་ལུགས་ཀྱི་ཚོགས་འདུ་རྒྱ་ཆེ་བ་ཞིག་བསྡུས་ནས་ནང་བསྟན་ནི་ཁོ་བོའི་རྒྱལ་ཁབ་ཏུ་བཀུར་ཆོག་པའི་ཆོས་ལུགས་གཅིག་པུ་ཡིན་ཞེས་ཐག་བཅད། ཆ་ཧར་ཨན་ཐན་གྱི་ཚ་བོ་རྒྱལ་སྲས་སེ་ཆེན་ཧོང་ཐའི་ཇིས་ཁོང་གི་ཨ་ཁུ་ལ་གྲོས་བཏོན་ནས་གལ་ཏེ་བོད་ཀྱི་བླ་ཆེན་ཆེ་ཤོས་ཤིག་སོག་པོ་ལ་གདན་འདྲེན་ཐུབ་པ་ཡིན་ན་གཞན་གྱི་བསྔགས་བརྗོད་ཐོབ་པ་མ་ཟད་དགེ་མཚན་ལྡན་ཞེས་བཤད། བཤད་སྲོལ་ལྟར་ན་ཨན་ཐན་ཧན་རང་ཉིད་ཐོག་དང་པོར་ནང་བསྟན་དང་འབྲེལ་འདྲིས་བྱུང་བ་ནི་གྲོས་གཞི་འདིའི་ཡར་སྔོན་གྱི་ལོ་གསུམ་གྱི་སྔོན་ཡིན་ལ། སྐབས་དེར་ཁོས་ཀྲུང་གོའི་ནུབ་རྒྱུད་ཀྱི་ཡུ་གུར་བ་ལ་དམག་རྒྱག་སྐབས་བོད་ཀྱི་གྲྭ་བ་གཉིས་འཛིན་བཟུང་བྱས་ཤིང་དེ་ལས་གཅིག་གིས་ཨན་ཐན་ཧན་ལ་ཆོས་བཤད་པ་མ་ཟད་ཁོ་རང་ནང་པའི་ཆོས་སྒོར་ཞུགས་སུ་བཅུག

སྤྱི་ལོ་༡༥༧༨ལོར་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་ཐུགས་བཀོད་འོག་ཨན་ཐན་ཧན་གྱིས་ལྷ་ཆོས་དགེ་བ་བཅུའི་ཁྲིམས་སྲོལ་ཁྱབ་བསྒྲགས་གནང་ཞིང་། དུས་མཚུངས་སུ་རྒྱལ་བ་བསོད་ནམས་རྒྱ་མཚོ་ལ་ཏྰ་ལའི་བླ་མ་ཞེས་པའི་མཚན་གྱི་སྙན་པ་ཕུལ། ལྷ་ཆོས་དགེ་བ་བཅུའི་ཁྲིམས་སྲོལ་གྱིས་རྐྱེན་སོག་པོའི་སྤྱི་ཚོགས་ཀྱི་སྒྲིག་གཞི་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཞིང་གོམས་སྲོལ་ངན་རྙིང་མེད་པར་བཟོས་པ་སྟེ། དཔེར་ན་རྔ་མོང་དང་རྟ་སོགས་སེམས་ཅན་གང་འདོད་དུ་གསོད་པའམ་འདས་པོའི་དུར་རྫས་ལ་སེམས་ཅན་དེ་དག་གསོན་སྦས་བྱེད་པ་སོགས་བསྒྱུར་ནས་གོམས་སྲོལ་གསར་བ་ནང་འདྲེན་བྱས་ཤིང་། རིམ་པ་བཞི་རུ་དབྱེ་བའི་གྲྭ་བའི་དབང་སྒྱུར་ཚོགས་ཁག་བཙུགས་ཤིང་རིམ་པ་རེ་རེའི་གོ་གནས་དང་དམིགས་བསལ་གྱི་དབང་ཆ་དེ་སྐུ་དྲག་རིམ་པ་དང་འདྲ་བ་ཡིན། ཏྰ་ལའི་བླ་མས་ཨན་ཐན་ཧན་ལ་ཞུ་འཕྲིན་བསྐུར་ནས་ངེད་རྣམ་གཉིས་ད་རེ་ཐོག་དང་བོར་མཇལ་བ་མ་ཡིན་ལ་ཧ་ཅང་སྔ་མོ་ནས་ངོ་ཤེས་པ་ཡིན་ཞེས་གསུངས་འདུག འདིའི་ཤུགས་སུ་ཨན་ཐན་ཧན་ནི་སེ་ཆེན་རྒྱལ་བོའི་ཡང་སྤྲུལ་དང་ཏྰ་ལའི་བླ་མ་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྤྲུལ་བ་ཡིན་པ་བསྟན་ཡོད།

དུས་རབས་བཞིའི་རྗེས་སུ་སུའུ་ལེན་མཁས་པས་སོག་པོའི་ནང་ཆོས་ལ་འདི་ལྟར་དཔྱད་བརྗོད་བྱས་འདུག་སྟེ། རྣམ་པ་དང་ནང་དོན་གྱི་སྟེང་ནས་ནང་བསྟན་ལ་ཆོས་ལུགས་རིག་གཞུང་གིས་ཚན་རིག་ལ་རྒོལ་བའི་ཁྱད་ཆོས་ཀྱི་ངོ་བོ་གནས་ཡོད་ཅིང་། ནང་བསྟན་ནི་སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པར་རྒྱ་གར་ནས་བྱུང་ཞིང་སྤྱི་ལོ་དུས་རབས་བདུན་པར་བོད་དུ་དར་བ་ཡིན་ལ། དུས་ཚོད་ཐུང་ངུ་ཞིག་གི་ནང་དུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར། རྩ་བའི་གཞུང་ལུགས་ཀྱི་ངོས་ནས་འགྱུུར་བ་མེད་ནའང་བོད་བརྒྱུད་ནང་བསྟན་ནི་ཆོ་ག་དང་ཕྱག་ལེན་ཆོས་ཚོགས་ཀྱི་སྒྲིག་གཞིའི་གྲུབ་ཚུལ་སོགས་ཀྱི་སྟེང་འགྱུར་བ་ཧ་ཅང་ཆེན་པོ་བྱུང་། འགྱུར་བ་དེ་འདྲ་བཏང་བའི་དགོས་པ་ནི་ནང་བསྟན་དེ་ཉིད་ཚད་མཐོན་པོའི་སྒོ་ནས་བོད་ཀྱི་བཀས་བཀོད་རྒྱུད་འཛིན་དབང་སྒྱུར་རིམ་པའི་ཁེ་ཕན་དང་མཐུན་ཐབས་ཡོང་པར་བྱས་པ་ཡིན་ཞེས་བཤད།

ནང་ཆོས་ཀྱི་གནས་གཙོ་བོ་གཞན་ཞིག་ནི་ཁྰའར་མེ་ཁུ་ཡིན་ལ་དེ་ལོ་རྒྱུས་སྟེང་སོག་པོ་དང་འབྲེལ་བ་ཡོད་ཚུལ་པུ་ལི་ཡྰ་ཐི་དང་འདྲ་བ་ཡིན། ཨུ་རུ་སུའི་མཁས་པ་Y.Pཔྰ་ཁ་ཡེ་ཝ་ཡིས་ཁྰའར་མེ་ཁུ་མི་ནི་ཨུ་རུ་སུའི་ཡོ་རུབ་ཚན་པའི་ནང་བསྟན་ལ་དད་པའི་མི་རིགས་གཅིག་པུ་ཡིན་པ་དང་། ཡོ་རུབ་ཏུ་ཁྰའར་མེ་ཁུའི་ནང་བསྟན་ལ་ནུབ་སོག་ཚོ་ཁག་གི་རིག་གནས་ཞེས་འབོད་ཅིང་། ནང་བསྟན་ཁྰའར་མེ་ཁུ་རུ་མ་དར་གོང་དུས་རབས་བཅུ་གཉིས་ནས་བཅུ་གསུམ་ཙམ་ལ་ཨོ་ལོའུ་ཐི་མིས་ཡུ་གུར་བ་བརྒྱུད་ནས་ནང་བསྟན་གྱི་རྗེས་འཇུག་པར་གྱུར་ཡོད། ནང་བསྟན་ཐོག་མར་སྤེལ་ས་དེ་གཙོ་བོ་མཐོ་རིམ་མི་སྣ་ཡིན་ལ་ལྷག་པར་དུ་བཀས་བཀོད་རྒྱུད་འཛིན་གྱི་བདག་པོ་རིམ་གྲས་ཡིན། སྤྱི་ལོ་༡༣༦༨ལོར་ཡོན་རྒྱལ་རབས་འཇིག་རྗེས་ཨོ་ལོའུ་ཐི་མིས་རང་ཉིད་ཀྱི་རྒྱལ་ཁབ་བཙུགས་པ་མ་ཟད་ཀྲུང་གོར་མུ་འཐུད་ནས་འབྲེལ་བ་ཡག་པོ་བཟུང་སྟེ་ཀྲུང་གོའི་མི་ལ་ནང་བསྟན་གྱི་ཚད་ལྡན་ཡིག་ཆ་འདོན་སྤྲོད་བྱས། དུས་རབས་བཅུ་བདུན་པའི་འགོར་ཁྰའར་མེ་ཁུ་ཧྲ་ཧོང་བཙན་རྒྱལ་གྱི་དབང་དུ་ཤོར། སྤྱི་ལོ་༡༦༤༠ལོར་སོག་པོ་དང་ཨོ་ལོའུ་ཐི་མིས་ཚོགས་འདུ་བསྡུས་ནས་གྲོས་ཆོད་ཅིག་ལ་དངོས་སུ་གྲོས་འཆམ་བྱུང་སྟེ་ནང་བསྟན་ནི་ཁྰའར་མེ་ཁུ་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་ཁྱབ་བསྒྲགས་གནང་བ་དང་མཉམ་དུ་ས་མན་ཆོས་ལུགས་ལ་དད་མཁན་ཚོར་ཉེས་ཆད་གཅོད་པའི་བཀའ་ཁྲིམས་ཤིག་ཀྱང་གྲོས་འཆམ་བྱུང་།

ཨུ་རུ་སུའི་མཁས་པ་G.S.དོ་འར་རི་ཡེ་ཧྥའུ་ཡིས་ཁྰའར་མེ་ཁུའི་ཡིག་ཆ་དྲངས་ནས་བཤད་རྒྱུར། དུས་རབས་བཅུ་བདུན་པའི་དུས་འགོར་སོག་པོའི་རྒྱལ་བོ་པེ་པ་ཀ་སི་ཡིས་རང་གི་བུ་པྰ་པྰ་ཁུ་ཧན་གྲྭ་བ་བྱེད་དུ་བཅུག་ནས་བོད་དབུས་གཙང་ལ་མངགས་ཏེ་ལོ་ཉེར་གཉིས་ལ་དཔེ་གཟིགས་མཛད་ཅིང་དགེ་བཤེས་ལྷ་རམས་པའི་ཡོན་གནས་ཐོབ་སྟེ་མཚན་ལ་ཛྰ་ཡ་པཎྡི་ཏའམ་ཛྰ་ཡ་བློ་བཟང་འཕྲིན་ལས་ཞེས་གསོལ། སྤྱི་ལོ་༡༦༣༩ལོར་ཕྱིར་སོག་ཡུལ་ལ་ཕེབས་ནས་ཨོ་ལུའུ་ཐི་སོག་པོའི་བླ་མ་མཛད། ཁོང་སྤྱི་ལོ་༡༦༤༥ལོ་དང་ ། ༡༦༥༧ལོ ། ༡༦༦༠ལོ་བཅས་ཐེངས་གསུམ་ལ་ཁྰའར་མེ་ཁུ་རུ་འཚམས་འདྲིར་ཕེབས། ཁོང་གི་འཚམས་འདྲི་ནི་ཆོས་ཀྱི་མཛད་འཕྲིན་རྐྱང་པ་མིན་པར་ཆབ་སྲིད་ཀྱི་ནང་དོན་ཡང་འདུག་ཅིང་ཁོང་ནི་ཁྰའར་མེ་ཁུ་རུ་ཏྰ་ལའི་བླ་མའི་སྐུ་ཚབ་ཏུ་གྱུར་ནས་ས་ཁུལ་དེ་དང་བོད་ཀྱི་འབྲེལ་བ་དམ་ཟབ་ཏུ་བཏང་།

G.S.དོ་འར་རི་ཡེ་ཧྥའུ་ཡིས་སྤྱི་ལོ་༡༦༤༠ལོའི་ཨོ་ལོའུ་ཐི་ཚོགས་ཆེན་སྐོར་ལ་དགོད་བྲོ་བའི་ཆོད་དོན་ཞིག་གླེང་འདུག་ཅིང་དེ་ནི་གལ་ཏེ་ས་མན་ཆོས་ལུགས་པ་ཞིག་གིས་རྟ་ཞོན་ནས་ཁྰའར་མེ་ཁུ་ལ་ཡོང་ན་ཁོའི་རྟ་འཕྲོག་འགྲོ་ལ་དེས་ནི་ཁྰའར་མེ་ཁུ་ཡིས་ཁྱད་པར་ཅན་གྱི་ངོ་བོའི་ཐོག་ནས་སྲིད་གཞུང་གིས་ནང་བསྟན་ལ་སྲུང་སྐྱོབ་བྱས་པ་མཚོན། དུས་རབས་བརྒྱད་པའི་དུས་དཀྱིལ་ལ་གཞན་པའི་དགོད་བྲོ་བའི་ཁྲིམས་སྲོལ་འགའ་ཡང་སྤྱི་ལོ་༡༦༤༠ལོའི་ཆོད་དོན་ནང་བཀོད་འདུག དཔེར་ན་གལ་ཏེ་མི་གང་རུང་ཞིག་ནང་ཆོས་དང་འགལ་སོང་བ་ཡིན་ན་ཁོས་ངེས་པར་དུ་ལུག་ཐོང་བ་ཞིག་དང་ཨུ་རུ་སུའི་སྐབས་དེའི་དངུལ་སྒོར་སུམ་ཅུའི་ཉེས་དངུལ་འཁུར་དགོས་པ་མ་ཟད་ཐལ་ལྕག་གསུམ་གཞུ་དགོས། འོན་ཏེ་ཉེས་ཆད་འདི་དག་འབྱོར་ལྡན་ལ་བཀོལ་བ་ཡིན་ལ་དབུལ་བོས་དངུལ་སྒོར་བཅུ་དང་ཐལ་ལྕག་ལྔ་ཡི་ཉེས་ཆད་འཁུར་དགོས་སོ། །

དུས་རབས་བཅུ་བདུན་པར་སླེབས་དུས་ནང་བསྟན་ཞི་པོ་ལི་ཡ་རུ་གཞི་རྐང་བརྟན་པོ་ཚུགས་འདུག་ཅིང་། སྐབས་དེར་ཨུ་རུ་སུའི་དབང་སྒྱུར་མཁན་གྱིས་ཞི་པོ་ལི་ཡ་རུ་ནང་བསྟན་ལ་འཕེལ་རྒྱས་བྱུང་བའི་གནས་ཚུལ་རྒྱུས་མི་མངའ། ཧྲ་ཧོང་གི་བུ་པུ་ཏི་པེ་ཁུ་ཐོ་ཧྥའུ་ཡིས་སྤྱི་ལོ་༡༦༤༧ལོར་མི་བཅུ་ཕྲག་འགའ་ཁྲིད་ནས་པེ་ཅྰ་འར་ས་ཁུལ་ལ་སོང་། ཁོ་ཚོ་ཨ་ལ་བ་ན་མཚེའུ་བརྒྱུད་ནས་སོག་པོ་ལ་སླེབས་ཤིང་དེར་ཆིན་ཚ་རྒྱལ་བོ་དང་མཇལ་ཕྲད་གནང་། དེ་ནས་ཉིན་གཅིག་ལ་སོང་རྗེས་རྒྱལ་སྲས་ཐུའུ་ལོའུ་ཁུ་སེ་ལོན་ཅ་ལ་ཐུག་ཕྲད་བྱས། དེའི་རྗེས་ཀྱི་ཉིན་དྲུག་གི་ལམ་ལ་སོང་རྗེས་བོའུ་ལན་བོའུ་ཏི་ཆུ་བོ་ལ་སླེབས། དེ་རུ་ཁོས་ཤོག་བུ་ལ་དཔར་བའི་ཆོས་དཔེ་དང་མི་སེར་གྱིས་རྒྱལ་སྲས་ཐུའུ་ལོའུ་ཁུའི་མདུན་དུ་མཇལ་ཁ་ཞུ་བ་མཐོང་།

དུས་རབས་བཅུ་དྲུག་པའི་ལོ་རབས་བདུན་ཅུ་བར་ཧྲ་ཧོང་གོང་མས་མིང་ལ་ཉི་ཀོའོ་ལ་སི་ཕ་ཧྥ་ལེའུ་ཟེར་བའི་མི་ཞིག་མངགས་ནས་པེ་ཅྰ་འར་ས་ཁུལ་དང་ཡོན་ཏུང་ལ་སོང་། དེ་རུ་སི་ཕ་ཧྥ་ལེའུ་ཡིས་ཐོག་དང་པོ་གྲྭ་ཆས་གོན་པའི་རབ་བྱུང་བ་མཐོང་། ཨུ་རུ་སུའི་མཁས་པ་E.M.ཀྲའར་ཅིན་ཏི་དེ་སྔ་བཤད་རྒྱུར། ཨུ་རུ་སུ་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ཡིན་དུས་གདོད་མའི་ལམ་ལུགས་པུ་ལི་ཡྰ་ཐི་རུ་སྔར་བཞིན་དར་ཡོད། ནང་བསྟན་པུ་ལེ་ཡྰ་ཐི་ཡི་གཞུང་ཕྱོགས་ཆོས་ལུགས་ཡིན་དུས་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱང་དེ་དང་བསྟུན་ནས་འཕེལ་རྒྱུས་བྱུང་། སྐབས་དེར་ནང་བསྟན་ནི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན། ཁོས་ད་དུང་བཤད་རྒྱུར། དུས་རབས་བཅུ་དགུ་བའི་དུས་སྟོད་དུ་ནང་བསྟན་ནི་པུ་ལི་ཡྰ་ཐི་རུ་ཧ་ཅང་དར་ཁྱབ་ཆེ་ཞིང་། བཀས་བཀོད་རྒྱུད་འཛིན་ལམ་ལུགས་གྲུབ་པར་ཕན་པ་མཆིས་པ་མ་ཟད་དབང་སྒྱུར་རིམ་པ་ལའང་ཕན་པ་ལྡན།

དུས་རབས་བཅུ་བདུན་པའི་ལོ་རབས་སུམ་ཅུ་ཙམ་ལ་པུ་ལི་ཡྰ་ཐི་རུ་དགོན་པ་ཕྱག་འདེབས་གནང་ཞིང་འཕེལ་རྒྱས་བྱུང་བ་དང་བསྟུན་པུ་ལི་ཡྰ་ཐི་ཡི་ཧོ་ལེན་དང་། ཐོང་ཁྰ། པའར་ཀོའོ་ཅིན་ཟི་ཁུ། ཨ་ལའར་ཟི་ཁུ། ཡེའར་ཁོའུ་ཚི་ཁུ་ས་ཁུལ་སོགས་སུ་ནང་བསྟན་ཆོས་ཚོགས་ཀྱི་རྣམ་པའི་ཐོག་ནས་འཕེལ་རྒྱས་བྱུང་། དེ་དང་མཉམ་དུ་སྤྱི་ལོ་༡༧༡༢་ལོར་སོག་པོའི་དམག་འཁྲུག་ཅིག་གི་རྐྱེན་ཧ་ལམ་སོག་པོ་དང་བོད་ཀྱི་བླ་གྲྭ་བརྒྱ་དང་ལྔ་བཅུ་ཙམ་པེ་ཅྰའར་དང་པུ་ལི་ཡྰ་ཐི་ས་ཁུལ་དུ་བྲོས་བྱོལ་དུ་སོང་། ཁོང་ཚོ་སླེབས་པ་དེས་ནང་བསྟན་དགོན་སྡེ་འཕེལ་རྒྱས་ལ་སྐུལ་སྤེལ་ཆེན་པོ་ཐོན་ཞིང་གྲྭ་ཚང་གིིས་ནང་བསྟན་སྤེལ་བར་ནུས་པ་བླ་ལྷག་ཏུ་བཏོན།

ནང་བསྟན་དར་བ་དེས་ཨུ་རུ་སུའི་དབང་སྒྱུར་མཁན་ཧ་ཅང་སེམས་མི་བདེ་བར་གྱུར། སྤྱི་ལོ་༡༧༢༨ལོར་ཙུང་ཏུའུ་ས་བ་ལ་ཀོའུ་ཅིན་སི་ཅིས་གྲོས་གཞི་ལྟར་ཧྲ་ཧོང་གོང་མས་བཀའ་ཁྲིམས་ཤིག་ཁྱབ་བསྒྲགས་གནང་ནས་གྲྭ་བ་རྒྱལ་མཚམས་བརྒལ་ནས་རྒྱ་ནག་ལ་སོང་མི་ཆོག་པ་བྱས། དོན་འདི་ལ་པུ་ལི་ཡྰ་ཐི་ཡི་གྲྭ་བ་རྣམས་ཤིན་ཏུ་ཡིད་མ་མགུ། ལ་ཀོའུ་ཅིན་སི་ཅིས་ད་དུང་གྲོས་གཞི་ཞིག་བཏོན་ནས་ཁྱིམ་ཚང་གཅིག་གི་བྱིས་པ་གཉིས་ཀྱིས་ངེས་པར་དུ་ཨུ་རུ་སུའི་གཞུང་ཕྱོགས་ཀྱི་སློབ་གསོ་མྱང་ནས་ཧྲ་ཧོང་གོང་མར་བློ་དཀར་བ་ཁག་ཐེག་བྱེད་དགོས་པ་བསྟན། སྤྱི་ལོ་༡༧༢༨ལོའི་བཀའ་ཁྲིམས་གཞི་བྱས་ནས་༡༨༥༣་ལོར་ཧྲ་ཧོང་གོང་མས་༼ཞི་པོ་ལི་ཡྰ་ཤར་མའི་གྲྭ་བའི་ཆོས་ལུགས་ཀྱི་འཚོ་བ་༽ཞེས་པ་ཁྱབ་བསྒྲགས་གནང་། དེ་བས་གྲྭ་བ་རྣམས་ཀྱིས་དགོན་པ་སོ་སོ་ནས་བྱིས་པ་ཚོར་སློབ་གསོ་བཏང་བའི་ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་བར་བརྟེན་ཧྲ་ཧོང་གོང་མའི་བཀའ་ཁྲིམས་ལ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་སོང་།

ནང་པའི་བསྟན་པ་ཉིན་བཞིན་དར་རྒྱས་བྱུང་བའི་ཤུགས་རྐྱེན་ལ་གཞིགས་ནས་ཨུ་རུ་སུའི་དབང་སྒྱུར་མཁན་གྱིས་ནང་ཆོས་ལ་དད་མཁན་ཁྲིམས་ཀྱི་མངའ་ཞབས་སུ་བཀོད་རྒྱུ་ཐག་བཅད་གནང་། དེའི་ཕྱིར་སྤྱི་ལོ་༡༧༤༡ལོར་ཁྱོན་ཡོངས་ནས་ཞིབ་བཤེར་ཐེངས་ཤིག་སྤེལ་བའི་མཇུག་འབྲས་སུ་དགོན་པ་བཅུ་གཅིག་དང་གྲྭ་བ་བརྒྱ་དང་ལྔ་བཅུ་མཆིས ། ལོ་དེ་ནི་ཨུ་རུ་སུའི་ནང་བསྟན་དར་བའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཡིན། ཧྲ་ཧོང་གོང་མ་ཀྲ་ལེན་ནྰ་ཡེས་ལེ་ཧྲ་པེ་ཕིས་ཏི་ལོའོ་ཧྥི་ཡིས་བཀའ་ཁྲིམས་ཤིག་བརྒྱུད་ནས་ནང་བསྟན་ཨུ་རུ་སུའི་གཞུང་ཕྱོགས་ཆོས་ལུགས་ཀྱི་ཡ་གྱལ་དུ་ངོས་བཟུང་ནས་ཁྱབ་བསྒྲགས་གནང་ཞིང་གཞན་པའི་དངོས་བརྒྱུད་ཆོས་ལུགས་ཤར་མ་དང་། དབྱི་སི་ལན་ཆོས་ལུགས། ཡིའུ་ཐའེ་ཆོས་ལུགས་བཅས་པ་དང་འདྲ་བར་གྲྭ་བ་དག་ལ་ཁྲལ་མེད་པར་བཟོས་པ་མ་ཟད་ཁོང་ཚོས་འབྲོག་པའི་མི་རིགས་ལ་ཆོས་སྤེལ་བར་མཐུན་སྦྱོར་བྱས་སོ། །

གནས་སྐབས་འདི་རུ་གྲྭ་བ་དེ་དག་གཅིག་གྱུར་གྱི་རྩ་འཛུགས་མེད་ལ། དེ་ལས་ཀྱང་པུ་ལི་ཡྰ་ཐི་ཡི་གྲྭ་བ་རྣམས་སོག་པོའི་གྲྭ་བ་ལ་བརྟེན་ནས་ཡོད་ཅིང་ཁོང་ཚོ་དང་སོག་པོ་ནི་འབྲལ་ཐབས་མེད་པར་འདོད། བོད་ཀྱི་རབ་བྱུང་བ་དེ་དག་གིས་ཀྱང་པུ་ལི་ཡྰ་ཐི་ཡི་གྲྭ་བ་ལ་ཤུགས་རྐྱེན་མི་ཉུང་བ་ཞིག་ཐེབས་ཡོད་ལ། ཨུ་རུ་སུའི་དབང་སྒྱུར་མཁན་ལི་ཐོ་ཡིས་པུ་ལི་ཡྰ་ཐི་རུ་ཚོད་འཛིན་དམ་དྲག་བྱས་པའི་རྒྱུ་མཚན་ཡང་འདི་ཡིན། སྲིད་གཞུང་གིས་ནུས་ཤུགས་གང་ཡོད་བཏོན་ནས་པུ་ལི་ཡྰ་ཐི་ཡི་དགོན་པ་ཕྱིའི་ཤུགས་རྐྱེན་ལས་ཐར་བར་བྱས། ས་ཁུལ་འདིའི་ཕྱི་འབྲེལ་ཕོ་ཉས་ཧྲ་ཧོང་གོང་མར་སྙན་ཞུ་ཕུལ་བའི་ཡིག་ཆ་དག་ལས་གསལ་བར། སྐབས་དེར་སྲིད་གཞུང་གིས་མཐའ་མཚམས་ཀྱི་ཞི་མཐུན་མུ་བཞིན་གནས་པར་རེ་བ་ཆེན་པོ་བཅངས་ཡོད། ནང་བསྟན་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་གྱུར་བ་དང་བསྟུན་པུ་ལི་ཡྰ་ཐིའི་མི་དམངས་ཀྱི་སེམས་ནས་ཨུ་རུ་སུའི་རྒྱལ་ཁབ་ཀྱི་མཚན་སྙན་མངོན་པར་ཇེ་མཐོར་སོང་ལ། དེའི་ཕྱིར་ནང་བསྟན་དགོན་པར་ཚོད་འཛིན་བྱེད་པའི་གནད་དོན་སྟེང་ས་གནས་ཀྱི་མི་སེར་དང་དབང་སྒྱུར་མཁན་བར་ལ་འགལ་བ་བྱུང་ཡང་ནང་བསྟན་སྔར་བཞིན་དར། སྤྱི་ལོ་༡༧༤༡་ནང་བསྟན་ལ་གཞུང་ཕྱོགས་ནས་ངོས་ལེན་ཐོབ་པའི་སྔོན་ཏེ་སྤྱི་ལོ་༡༧༠༧་གྱི་ལོར་ས་ལྰ་ཐོའུ་སི་ཁུ་རུ་གྲྭ་ཚང་གི་རྣམ་པའི་དགོན་པ་ཐོག་མ་བསྐྲུན་ཞིང་། དེའི་རྗེས་ཀྱི་དུས་རབས་གཉིས་ཀྱི་ནང་པུ་ལི་ཡྰ་ཐི་རུ་ནང་བསྟན་དགོན་པ་བཞི་བཅུ་ཞེ་བདུན་ལ་སླེབས། དུས་རབས་ཉི་ཤུ་བར་སླེབས་དུས་ནང་བསྟན་ལ་རྣམ་པ་གསར་བ་ཞིག་ཆགས་ཤིང་། ནང་བསྟན་གྱི་ཚད་མ་རིག་པ་དང་གསོ་བ་རིག་པ་ཞི་པོ་ལི་ཡྰ་ས་ཁུལ་མང་པོ་རུ་འཕེལ་རྒྱས་ཆེན་པོ་བྱུང་། དང་ཐོག་ཆོས་ལུགས་འདི་དག་གཞུང་ཕྱོགས་ཀྱི་ངོས་ལེན་མེད་ཀྱང་མུ་ནས་དར་ཞིང་རྒྱས་པར་བརྟེན་སྲིད་གཞུང་གིས་ཀྱང་ཁས་མི་ལེན་ཐབས་མེད་བྱུང་།སྐབས་དེར་ཁའར་མེ་ཁུ་རུ་ནང་བསྟན་དགོན་པ་བརྒྱ་ལྷག་ཡོད་ཅིང་གྲྭ་བ་ཚང་མ་ཁའར་མེ་ཁུའི་མི་ཡིན།

དོན་སྙིང་ལྡན་པ་ཞིག་ལ་དུས་རབས་བཅུ་དགུ་བའི་ཐོག་མའི་ལོ་ཉེར་ལྔའི་ནང་ནང་བསྟན་ཉིན་རེ་བཞིན་འཕེལ་རྒྱས་བྱུང་བས་དབྱིན་ཇིའི་མི་སེར་དང་ཆོས་ལུགས་སྤེལ་མཁན་རྣམས་ཀྱིས་དོ་སྣང་བྱ་ཡུལ་དུ་གྱུར། སྤྱི་ལོ་༡༧༩༥ལོར་དབུ་བརྙེས་པའི་ལོན་ཏུན་ཆོས་སྤེལ་ཚོགས་པའི་ཆོས་དོན་གཉེར་མཁན་གྱི་ཚོགས་མི་ལོའི་པའོ་ཐི་ཕེན་ཁུ་ཏོན་དང་ཡེ་ཧན་པི་ཏི་སན་གཉིས་ཀྱི་གྲོས་གཞིའིི་འོག་སྤྱི་ལོ་༡༨༡༧ལོར་ཡེ་ཤུའི་ཆོས་སྤེལ་མཁན་པུ་ལི་ཡྰ་ཐི་རུ་མངགས་ཏེ་གནས་དེ་གའི་མི་སེར་རྣམས་ཡེ་ཤུའི་ཆོས་ལུགས་ལ་དད་དུ་འཇུག་རྒྱུའི་རེ་བ་བཟུང་། འཆར་གཞི་འདིའི་ཕུགས་ན་གནས་པའི་ལོན་ཏིན་ཆོས་སྤེལ་ཚོགས་པས་མ་འོངས་པར་ཡེ་ཤུ་འཛམ་གླིང་གི་ཆོས་ལུགས་ཅན་དུ་སྤེལ་རྒྱུའི་འཆར་གཞི་ཆེན་པོའི་རགས་བྲིས་ལྷང་ལ་བུད།ཆོས་ལུགས་སྤེལ་མཁན་ཚོགས་པས་པུ་ལི་ཡྰ་ཐི་མིའི་བསམ་བློ་བསྒྱུར་རྩིས་ཡོད་པ་མ་ཟད་སྟབས་འགྲིག་པ་ཡིན་ན་ཞི་པོ་ལི་ཡྰའི་ཚོ་ཁག་གཞན་པར་ཡང་འཆར་གཞི་ཡོད། དེ་མ་ཟད་རྒྱ་ནག་ལ་དམག་དཔུང་སྐྱོད་པའི་འཇུག་སྒོ་རུ་བྱེད་འདོད་ཡོད་ཅིང་། ཞི་པོ་ལི་ཡྰ་བརྒྱུད་ནས་ཕྱི་སོག་དང་པེ་ཅིན་བླངས་ཏེ་མཐའ་མཇུག་ཀྲུང་གོ་ཡོངས་ལ་དབང་སྒྱུར་བྱེད་པའི་རེ་བ་བཟུང་ཡོད།

དེའི་རྗེས་སུ་ཆོས་སྤེལ་མཁན་འགའ་པི་ལི་ཡྰ་ཐི་རུ་མངགས་མྱོང་མོད་འོན་ཀྱང་ཆོས་སྤེལ་བའི་ལས་འགུལ་ཕམ་ཉེས་ཆེན་པོ་བྱུང་ནས་མཐར་ཐུག་ཁོ་ཚོས་འཆར་གཞི་བློས་མི་གཏོང་ཐབས་མེད་བྱུང་། ཆོས་སྤེལ་མཁན་གྱིས་རང་སྐྱོན་ངོས་ལེན་གྱིས་ཐོག་ནས་བཤད་རྒྱུར། ཆོས་སྤེལ་ཚོགས་པ་དབུ་བརྙེས་དུས་ལོན་ཏོན་གྱིས་ངོས་ནས་པུ་ལི་ཡྰ་ཐི་ཕྱོགས་ལ་ཆ་རྒྱུས་ཅི་ཡང་མེད་ཅིང་རྒྱུས་ལོན་པའི་གནས་ཚུལ་དག་ཀྱང་ནོར་འཁྲུལ་ཡིན། དཔེར་ན་ཆོས་སྤེལ་ཚོགས་པས་པུ་ལི་ཡྰ་ཐི་མིིས་དད་པའི་ཆོས་ལུགས་ཀྱི་ངོ་བོ་ཧ་ཅང་སོམ་ཉིའི་དྲ་བར་ཚུད་ཡོད་ལ་ས་མན་ཆོས་ལུགས་དང་ནང་བསྟན་གཉིས་ལ་འབྲེལ་བ་དམ་པོ་ལྡན་པ་མ་ཟད་བྲམ་ཟེ་ཆོས་ལུགས་དང་འདྲ་ས་ཡོད་པར་འདོད། དོན་དངོས་ཐོག་གཞི་ནས་མི་འདྲ་ལ་ནང་བསྟན་༼བླ་མའི་ཆོས་ལུགས་ཞེས་བྲིས་འདུག་༽གྱིས་ཆོས་སྤེལ་ཡུལ་ས་མན་ཆོས་ལུགས་ལ་དད་པའི་པུ་ལི་ཡྰ་ཐི་ཡི་མི་ཡིན། ཆོས་ལུགས་འདི་གཉིས་ཕན་ཚུན་འགྲན་ཡ་ཡིན་པ་ལས་འབྲེལ་བ་མེད།

ཆོས་སྤེལ་མཁན་འདི་དག་ཧྲ་ཧོང་ཡ་ལི་ཧྲན་ཏ་ཡི་ཆོག་མཆན་དངོས་སུ་ཐོབ་ནས་ཞི་པོ་ལི་ཡྰ་རུ་སོང་བ་ཡིན་ལ་དེར་སླེབས་རྗེས་ནང་པའི་རྗེས་འཇུག་པ་རྣམས་ཡེ་ཤུའི་ཆོས་ལུགས་ལ་དད་དུ་འཇུག་ཆེད་ཁོ་ཚོས་ཐབས་ཇུས་དམིགས་བསལ་བ་ཞིག་སྤྱད་ནས་ཐོག་མར་ཚོ་ཁག་ག་གེ་མོའི་ཚོ་དཔོན་ཡེ་ཤུའི་ཆོས་ལ་དད་པར་བསྐུལ་ཞིང་དེའི་རྗེས་མང་ཚོགས་བསྐུལ་རྒྱུ་བྱས། དེ་ལས་དཔེ་མཚོན་ཞིག་ནི་ཆོས་སྤེལ་བའི་ལས་འགུལ་ཕམ་པའི་ཁྲོད་ཤིན་ཏུ་དོན་སྙིང་ལྡན་པའི་བར་བཅུག་རོལ་དབྱངས་ཤིག་སྟེ། ཚོ་དཔོན་གཉིས་བསླུ་བྲིད་ཆེན་པོ་ཐེབས་རྗེས་ཡེ་ཤུ་ཆོས་ལུགས་ལ་དད། ལོན་ཏུན་ཆོས་སྤེལ་ཚོགས་པས་ཁོ་གཉིས་པུ་ལི་ཡྰ་ཐི་ནས་ཧྲིན་པིས་ཏི་པོའོ་ལ་ཁྲིད་ནས་ཡེ་ཤུའི་ཆོས་ལུགས་ཀུན་ལ་དར་ཡོད་པའི་མཚོན་བྱེད་བྱས། འོན་ཀྱང་ཁོ་གཉིས་ཀྱི་ཡ་མཚན་པའི་བྱ་སྤྱོད་དང་ཆང་ལ་རྔམ་པའི་གོམས་གཤིས་ཀྱིས་ཆོས་སྤེལ་མཁན་ཚོ་ལ་འཇིགས་སྐྲག་གིས་སུན་པོ་བཟོས། མཐའ་མཇུག་ལོན་ཏུན་ཆོས་སྤེལ་ཚོགས་པ་པུ་ལི་ཡྰ་ཐི་རུ་ཕམ་ཉེས་བྱུུང་བ་བསྟུན་ཡོ་རོབ་བརྒྱུད་ནས་ཞི་པོ་ལི་ཡྰ་དང་སོག་པོ་དང་རྒྱ་ནག་བརྒྱུད་ནས་རྒྱ་གར་ལ་སླེབས་རྒྱུའི་ཡེ་ཤུའི་ཆོས་ལུགས་ཀྱི་བཙན་རྒྱལ་འཆར་གཞི་ཆེན་པོ་ཕམ་ཉེས་བྱུང་ངོ་། །

ལོ་རྒྱུས་འཕེལ་རིམ་ལས་ར་སྤྲོད་བྱུང་བ་སྟེ། ཧྲ་ཧོང་གོང་མའི་སྲིད་དབང་དང་དབྱིན་ཇིའི་མི་སེར་སྤེལ་མཁན་གང་ཡིན་ཡང་ཞི་པོ་ལི་ཡྰའི་ནང་ཆོས་ལ་ཇི་འདྲ་ཡི་མི་རང་བ་ཡིན་ནའང་སྐབས་འགར་གནས་ཚུལ་མི་མཐུན་པ་བྱུང་བར་དམིགས་ནས་ནང་ཆོས་སྔར་བཞིན་གནས་ཐུབ་པ་བྱུང་། སྤྱི་ལོ་༡༩༡༧ལོའི་ཟླ་བ་བཅུ་བའི་གསར་བརྗེ་ཡི་རྗེས་སུ་ཧ་ཅང་ཡ་ང་བའི་གནས་ཚུལ་ཨུ་རུ་སུའི་ནང་བ་བའི་མདུན་དུ་བཤམས། ཨུ་རུ་སུ་རྒྱལ་ཁབ་ལ་མཚོན་ན་འདས་ཟིན་པའི་དུས་རབས་མང་པོའི་ཁྲོད་ཆོས་ལུགས་སྣ་མང་གི་སྤྱི་ཚོགས་ཤིག་ཡིན་ཞིང་། ཆོས་ལུགས་ལ་གནོད་འཚེ་ཐེབས་པའང་ལོ་རྒྱུས་ཐོག་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་གོ

ཧྲ་ཧོང་གོང་མའི་དུས་སྐབས་སུ་དངོས་རྒྱུད་ཆོས་ལུགས་ཤར་མ་(东正教)ཨུ་རུ་སུ་རྒྱལ་ཁབ་ཀྱི་ཆོས་ལུགས་གཅིག་པུ་ལ་ངོས་བཟུང་འདུག་ཅིང་། དེའི་རྐྱེན་གྱིས་དངོས་རྒྱུད་ཆོས་ལུགས་ཤར་མའི་ཆོས་ཚོགས་ལ་རྒྱབ་འགལ་བྱེད་པའི་ཆོས་ལུགས་ལ་གདུག་རྩུབ་ཆེ་བའི་གནོད་པ་ཐེབས་ངེས། ལྟ་བ་མི་མཐུན་མཁན་ཞི་པོ་ལི་ཡྰར་རྒྱང་ཕུད་དུ་གཏོང་། ༼ཨུ་རུ་སུ་བཙན་རྒྱལ་གྱི་ཁྲིམས་གཞུང་༽གི་གཏན་ཁེལ་ལྟར་ན་ཕ་མས་དངོས་རྒྱུད་ཆོས་ལུགས་ཤར་མར་དད་མོས་ཀྱིས་བྱིས་པར་སློབ་གསོ་གཏོང་དགོས་ཤིང་། གལ་ཏེ་ཡེ་ཤུའི་གྲུབ་མཐའ་གཞན་པའི་ཆོ་གའི་སྒོ་ནས་བྱིས་པར་སློབ་སྦྱོང་སྤྲད་པ་དང་ཡང་ན་སློབ་གསོ་མྱོང་དུ་བཅུག་པ་ཡིན་ན་ཕ་མ་ལོ་གཅིག་ནས་གཉིས་བར་གྱི་བཙོན་འཇུག་བྱེད་དགོས་སོ། །

ཨུ་རུ་སུའི་དངོས་རྒྱུད་ཆོས་ལུགས་ཤར་མ་ལ་མི་སེར་ལས་བླ་ན་མཐོ་བའི་དབང་ཆ་ཡོད། ཟླ་བ་བཅུ་བའི་གསར་བརྗེའི་སྔོན་དུ་དངོས་རྒྱུད་ཆོས་ལུགས་ཤར་མའི་ཆོས་གཉེར་བ་ལ་དབྱིན་མུའུ་ས་ཡ་ལྔ་དང་འབུམ་ལྔའི་ས་ཞིང་ཡོད། དེའི་ཁྲོད་དུ་ཆོས་དཔོན་༦༧༡་ལ་ས་ཞིང་དབྱིན་མུའུ་ཆིག་འབུམ་སུམ་ཁྲི་ཡོད། ཆ་སྙོམས་བྱས་ན་མི་རེ་ལ་དབྱིན་མུའུ་༡༨༠་ལས་ལྷག་པ་ཡོད། ཆོས་དཔོན་༥༨༩ལ་མི་རེར་ས་ཞིང་དབྱིན་མུའུ་༢༧༠---༢༧༠༠ལྷག་མཆིས།དེའི་ཁྲོད་ཀྱི་ཧ་ཅང་འབྱོར་བ་ལྡན་པའི་ཆོས་དཔོན་༢༦ལ་ཆ་སྙོམས་བྱས་ན་ས་ཞིང་དབྱིན་མུའུ་༥༠༠༠ཡོད། ཟླ་བ་བཅུ་བའི་གསར་བརྗེ་གློ་བུར་དུ་ལངས་རྗེས་ཀྱི་ཆུ་ཚོད་ཉེར་བཞིའིི་ནང་སྟེ་ཟླ་བ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་ཡིན་ལ། ལེ་ཉིན་གྱིས་ས་ཞིང་བཀའ་ཁྲིམས་ཁྱབ་བསྒྲགས་བྱས་ཤིང་ཆོས་ལུགས་རྩ་འཛུགས་ཡོད་དོ་ཅོག་གི་ས་ཞིང་གི་དབང་ཆ་མེད་པར་བཟོས་པའི་རྒྱུ་མཚན་ཡང་འདི་ཡིན་ལ། དེས་ཆོས་ལུགས་རྩ་འཛུགས་ཡོད་དོ་ཅོག་གི་འབྲེལ་ཡོད་རྒྱུ་ནོར་གཞུང་བཞེས་བྱས་པ་མཚོན་ནོ། །

དེའི་རྗེས་སྤྱི་ལོ་༡༩༡༧ལོའི་ཟླ་༡༢་ཚེས་༡༡་ཉིན་བཀའ་ཁྲིམས་གཞན་ཞིག་ཁྱབ་བསྒྲགས་གནང་ནས་སོའུ་ཝེ་ཨེ་སྤྱི་མཐུན་རྒྱལ་ཁབ་ནང་ཁུལ་གྱི་སློབ་གྲྭ་དང་དགེ་རྒན། ཡེ་ཤུའི་གཙུག་ལག་སློབ་གླིང་དང་གཞན་པའི་དམའ་འབྲིང་། མཐོ་འབྲིང་རིམ་པའི་སློབ་གྲྭ་དང་སྒྲིག་གཞིའི་དོ་དམ་དབང་ཆ་ཆོས་ཚོགས་ཀྱི་ལག་ནས་མི་དམངས་སློབ་གསོ་ཨུ་ཡོན་ལྷན་ཁང་ལ་སྤྲད། སྤྱི་ལོ་༡༩༡༨ལོའི་ཟླ་༢་ཚེས་༡༧ཉིན་ཆོས་ལུགས་མི་སྣའི་དགེ་རྒན་གྱི་ལས་རིགས་མེད་པར་བཟོས་ཏེ་སློབ་གྲྭའི་ནང་ཆོས་ལུགས་བསླབ་བྱ་སྦྱང་མི་ཆོག་པ་བྱས།

སྤྱི་ལོ་༡༩༡༨ལོའི་ཟླ་བ་༡་ཚེས་༢༣་ཉིན་སུའུ་ལེན་སྲིད་གཞུང་གིས་མི་དམངས་ཨུ་ཡོན་ལྷན་ཁང་གི་རྣམ་པའི་ཐོག་ནས་ཆོས་ལུགས་ཀྱི་འཚོ་བ་དང་འབྲེལ་བའི་བཀའ་ཁྲིམས་ཤིག་ཁྱབ་བསྒྲགས་གནང་པ་སྟེ་༼ཆོས་ཚོགས་དང་རྒྱལ་ཁབ་འབྱེད་པ་དང་སློབ་གྲྭ་དང་ཆོས་ཚོགས་འབྱེད་པའི་སྐོར་གྱི་བཀའ་ཁྲིམས། ༽ཡིན། ཆོས་ལུགས་དང་ཡོངས་སུ་མ་འདྲེས་པའི་རྒྱལ་ཁབ་ཅིག་འཛུགས་པར་རེ་་བ་བཏོན་པ་མ་ཟད་སྤྱི་དམངས་ནས་ཆོས་ལུགས་གང་རུང་ལ་དད་པ་དང་མི་དད་པའི་དབང་ཆ་སྤྲད། དངོས་རྒྱུད་ཆོས་ལུགས་ཤར་མའི་ཆེད་དུ་བཙུགས་པའི་ཁྲིམས་འདི་དག་སུའུ་ལེན་སྲིད་གཞུང་གིས་ཆོས་ལུགས་གཞན་པ་ཐག་གཅོད་བྱེད་པའི་མིག་དཔེ་རུ་བྱས།

ཟླ་བ་བཅུ་བའི་གསར་བརྗེ་མཇུག་རྫོགས་མ་ཐག་ཞི་པོ་ལི་ཡྰའི་ནང་བསྟན་གྱི་དབུ་ཁྲིད་པ་ངག་དབང་རྡོ་རྗེ་ཚང་ནས་པུ་འར་ཧྲི་ཝེ་ཁུ་དང་མཉམ་འབྲེལ་གནང་རྩིས་ཡོད་ལ། ཁོང་གིས་ནང་བསྟན་དང་གུང་ཁྲན་རིང་ལུགས་གཉིས་ལ་ཐུན་མོང་གི་ལྟ་ཚུལ་ཡོད་ཅིང་། གཉིས་ཀའི་ཚད་མ་རིག་པའི་རྨང་གཞི་འདྲ་བོ་འདུག་པ་མ་ཟད་ཚང་མས་མ་རྩ་རིང་ལུགས་ལ་དགག་པ་གཏོང་ཞིང་ལྷ་མེད་སྨྲ་བར་དད། དེང་ཐོག་ལེ་ཉིན་ཨུ་རུ་སུའི་ནང་པ་བས་ཁྲིམས་མཐུན་བྱ་འགུལ་སྤེལ་བར་མོས་མཐུན་ཡོད་ཅིང་། དབུ་ཁྲིད་ངག་དབང་རྡོ་རྗེ་སུའུ་ལེན་གུང་ཁྲན་རིང་ལུགས་ཆབ་སྲིད་ཚོགས་པས་བསྡུས་པའི་མི་རིགས་གནད་དོན་གྱི་དམིགས་བསལ་ཚོགས་འདུ་གཅིག་ལ་ཞུགས་པར་གདན་འདྲེན་ཞུས་ཤིང་ལེ་ཉིན་དང་། སི་ཏ་ལིན། པུ་ཧ་ལིན་སོགས་ཀྱང་ཞུགས། རྒྱལ་ནང་ནི་དམག་འཁྲུག་དང་ཕྱིའི་དྲག་ཆས་པས་ཐེ་གཏོགས་བྱས་རྐྱེན་སུའུ་ལེན་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་འདིའི་འཚོ་གནས་ལ་མཚོན་ན་སྤྱི་ལོ་༡༩༡༨ནས་༡༩༢༠་ནི་ཧ་ཅང་ཛ་དྲག་གི་དུས་སྐབས་ཤིག་ཡིན། དེའི་ཕྱིར་ཆོས་ལུགས་ལ་རྒོལ་བའི་འགུལ་སྐྱོད་ཉུང་། འོན་ཀྱང་སྤྱི་ལོ་༡༩༢༤་ལོ་ལེ་ཉིན་འདས་རྗེས་པུ་འར་ཧྲི་ཝེ་ཁུ་ཚོགས་ཁག་གི་འགོ་ཁྲིད་ཚན་པར་ཆོས་ལུགས་ལ་རྒོལ་པའི་བསམ་བློ་བྱུང་།

སྤྱི་ལོ་༡༩༢༩ལོར་སླེབས་དུས་གནས་ཚུལ་གསལ་བོ་གྱུར་ནས་སི་ཏ་ལེན་གྱིས་ཆོས་ལུགས་ལ་རྒོལ་བའི་འགོ་བཙུགས་ནས་སྤྱི་ལོ་༡༩༣༨ལོའི་བར་དུ་གནས་སོ། ། ནང་ཆོས་ལ་རྒོལ་བའི་ལས་འགུལ་དེ་སྔོན་ལ་པུ་ལི་ཡྰ་ཐི་ནས་གང་མགྱོགས་མགྱོགས་ཀྱིས་སྤེལ། དཔེར་ན་ལོ་གསར་བའི་ཟླ་དཀར་དུས་ཆེན་ལ་ངོ་རྒོལ་བྱེད་པའི་ཐབས་ཤེས་སྤྱད། དེའི་རྗེས་ཟླ་གཅིག་གི་ནང་ལ་དགོན་པ་ཉི་ཤུའི་ཆོས་སྒོ་རྒྱག་རྒྱུའི་ཐག་བཅད། འོན་ཏེ་དྲག་སྤྱོད་ཀྱི་བྱེད་སྟངས་དེ་མཐར་ཐུག་མོས་འདུན་ལྟར་འགྲུབ་མ་ཐུབ་ཅིང་། ས་གནས་དད་ལྡན་པའི་ངོ་རྒོལ་གྱིས་དགོན་པའི་ཆོས་སྒོ་རྒྱག་པར་བར་ཆད་བཟོས་ཤིང་ལྷ་མེད་སྨྲ་བར་འཐད་པའི་མནའ་མཐུན་པུ་ལི་ཡྰ་ཐི་ཡན་ལག་ཚོགས་པ་གཏོར། ནང་པ་བ་མང་པོ་དེ་སྔ་ཚོགས་པ་འདི་ལ་ཞུགས་ཤིང་ཁོ་ཚོའང་ལྷ་མེད་སྨྲ་བ་ཡིན་ཞེས་བསྒྲགས་ཀྱང་གོང་ནས་དྲག་གནོན་བྱེད་མཚམས་མ་བཞག

མོ་སི་ཁུ་མི་རྒྱུད་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་ཁང་གི་ནྰ་ཐ་ལེ་རོ་ཁུ་ཧྥོ་སི་ཁྰ་ཡྰ་ཡིས་ཞིབ་འཇུག་ལས་མངོན་པ་ནི་དུས་རབས་ཉི་ཤུའི་ལོ་རབས་སུམ་ཅུ་བར་སི་ཏ་ལེན་གྱི་དབང་ཆའི་འོག་གི་སུའུ་ལེན་སྲིད་གཞུང་གིས་གཞི་རྒྱ་ཆེན་པོའི་ཐོག་ནས་ནང་པ་བ་ལ་གནོད་འཚེ་གཏོང་བའི་འགོ་བརྩམས། སྤྱི་ལོ་༡༩༤༠ལོར་སླེབས་དུས་པུ་ལི་ཡྰ་ཐི་དང་ཁའར་མེ་ཁུ་ཡི་དགོན་པ་ཚང་མའི་ཆོས་སྒོ་རྒྱག་ཏུ་བཅུག་ཡོད་ཅིང་གྲྭ་བ་མང་པོ་འཛིན་བཟུང་བྱས། ཁོ་ཚོའི་ཁྲོད་ཀྱི་མང་ཤོས་བཙན་གྱིས་སྐྱ་སར་འབབ་ཏུ་བཅུག དམག་ཆེན་གཉིས་པའི་རྗེས་སུ་པུ་ལི་ཡྰ་ཐི་ཡི་དགོན་པ་གཉིས་ཙམ་ཆོས་སྒོ་ཕྱེས་སོང་། དུས་རབས་བཅུ་དགུ་བའི་ལོ་རབས་ཉི་ཤུའི་སྐབས་པུ་ལི་ཡྰ་ཐི་རུ་དགོན་སྡེ་ཞེ་བདུན་དང་ཁྰའར་མེ་ཁུ་རུ་དགོན་སྡེ་བརྒྱ་དང་བཞི་ཡོད། ཧྲིན་པུའུ་ཏི་པོ་རུ་དགོན་སྡེ་གཅིག་ཡོད་ལ་དེ་ནི་ཨུ་རུ་སུ་རྒྱལ་ཁབ་ཡོངས་ཀྱི་ནང་པའི་དགོན་སྡེ་ཆེས་ཆེ་བ་ཡིན། དེ་རུ་གྲྭ་བ་དགུ་འཛིན་བཟུང་བྱས་ཤིང་སྙན་གྲགས་མཐོ་བའི་བླ་མ་ངག་དབང་རྡོ་རྗེ་ཚང་ཡང་སྤྱི་ལོ་༡༩༣༨ལོར་བཙོན་ནས་སྐུ་གཤེགས་སོ། །

ནཱ་ཐ་ལེ་རོ་ཁུ་ཧྥོ་སི་ཁྰ་ཡྰ་ཡིས་ད་དུང་བཤད་དོན་ལ་ནང་བསྟན་ཆེད་མཁས་པ་ཧྲི་འར་ཝ་ཚི་ཁུའུ་ཡིས་བཙུགས་པའི་ནང་བསྟན་རིག་གནས་ཞིབ་འཇུག་གླིང་ཡང་སི་ཏ་ལེན་གྱིས་སྒོ་རྒྱག་ཏུ་བཅུག་ཅིང་། གཞན་ཧྲིན་པུའུ་ཏི་པོ་ཡི་ནང་ཆོས་མཁས་པ་ཡ་ལེ་ཧྲན་ཏ་འན་ཏི་ཡེ་ཧྥི་ཡིས་བཤད་དོན་ལ་སྤྱི་ལོ་༡༩༣༧ལོར་སི་ཏ་ལེན་སྲིད་གཞུང་གིས་ནང་པ་བ་ཉི་ཧོང་གི་ལས་ཚབ་པ་རུ་ངོས་འཛིན་བྱས་ནས་ལམ་སང་གྲྭ་བ་༡༨༦༤འཛིན་བཟུང་བྱས་ཤིང་སྤྱི་ལོ་༡༩༣༧ལོའི་ཟླ་བ་དང་པོའི་ཚེས་གཅིག་ནས་ཟླ་བ་བཅུ་གཅིག་པའི་ཚེས་གཅིག་བར་འཛིན་བཟུང་བྱས་པའི་གྲྭ་བ་༩༦༩ལ་ཉེས་ཆད་བཅད་དོ། །

གཞུང་ཕྱོགས་ན་ནང་པ་བར་གནོད་འཚེ་བཏང་པའི་གནས་ཚུལ་གྱི་ཡིག་ཆ་ཉུང་ནའང་ད་ཡོད་ཀྱི་ལོ་རྒྱུས་རྒྱུ་ཆ་ལས་ནང་པ་བ་ལ་གནོད་འཚེ་བཏང་པའི་གནས་ཚུལ་མང་པོ་རྟོགས་ཐུབ། སི་ཏ་ལིན་སྐབས་ཀྱི་ཡིག་ཆ་ཞིག་ལ་གཞི་བཅོལ་ནས་གསལ་དོན་ལ་སྤྱི་ལོ་༡༩༣༦ལོའི་ཟླ་བ་དང་པོའི་ཚེས་པ་ཉེར་བདུན་ལ་ཏང་དང་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ཁུ་ལེ་མོའུ་ལེ་ཕོ་བྲང་དུ་པུ་ལི་ཡྰ་ཐི་སོག་པོ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐུས་མིས་སུའུ་ལེན་འགོ་ཁྲིད་ཀྱི་མདུན་དུ་གཏམ་བཤད་སྤེལ་ཞིང་ཧྥི་ལོའོ་ཞིས་ལོའོ་ཧྥི་ཡི་ཞིང་གྲོང་ཐུན་མོང་གི་ཀྲུའུ་ཞི་པྰ་ཏི་མྰ་ཡེ་ཧྥི་ནས་བཤད་རྒྱུར། དེ་རིང་འདི་ལྟ་བུའི་དགའ་སྤྲོའི་རྣམ་པའི་ངང་ཏང་དང་སྲིད་གཞུང་གི་འགོ་ཁྲིད་ཀྱི་མདུན་ནས་ངས་པུ་ལི་ཡྰ་ཐིའི་སོག་པོ་མི་དམངས་ཀྱི་དཀའ་སྡུག་དང་ཡིད་སྐྱོ་བའི་འདས་ཟིན་པར་ཕྱིར་དྲན་མི་བྱེད་རང་དབང་མེད་ལ། ང་ཚོའི་འདས་ཟིན་པ་ནི་དངོས་ནས་དགའ་སྤྲོ་བྲལ་བའི་ཡུལ་གྱར་བའི་འཚོ་བ་ཡིན་ལ་ཐལ་མདོག་གི་སྦྲ་གུར་ལས་མེད། ཟླ་བ་བཅུ་བའི་སྤྱི་ཚོགས་རིང་ལུགས་གསར་བརྗེ་ཡི་སྔོན་ལ་པུ་ལི་ཡྰ་ཐི་སོག་པོས་གཉའ་གནོན་གསུམ་ཁུར་ཡོད་དེ། གཅིག ཧྲ་ཧོང་གོང་མའི་སྲིད་གཞུང་། གཉིས། ཞིང་བདག་དང་ས་གནས་སྲིད་གཞུང་། གསུམ། གྲངས་འབོར་ཆེ་བའི་གྲྭ་བ། གྲྭ་བས་པུ་ལི་ཡྰ་ཐི་མི་རྣམས་རྨོངས་སུ་བཅུག་ནས་ཁོ་ཚོ་ཤི་རྗེས་ཀྱི་འཚོ་བའི་འཇིགས་སྣང་ལ་ལྷུང་དུ་བཅུག་ནས་འདུག་གོ །

དེའི་རྗེས་སུ་གཞན་ཐོའུ་ཁྰ་ས་ཁུལ་གྱི་འགོ་གཙོ་ཀུ་ཧྲི་ནོའོ་ཧྥི་ནས་བཤད་དོན། ཟླ་བ་བཅུ་བའི་གསར་བརྗེ་སྔོན་ལ་ང་ཚོའི་སྡོད་ཁུལ་དུ་བཤུ་གཞོག་མཁན་མང་པོ་ཡོད་དེ་ཞིང་བདག་དང་གྲྭ་བ། ཡང་ན་དེ་དང་འདྲ་བའི་ལྟས་ངན་མང་པོ་འདུག དཔེར་ན་ཐོའུ་ཁྰ་གཅིག་པོ་ན་གྲྭ་བ་༡༥༠༠་ཡོད་ལ་མི་དར་མ་ལྔ་ནས་དྲུག་གི་ནང་གཅིག་གྲྭ་བ་ཡིན། ད་ལྟ་ང་ཚོའི་ས་ཁུལ་ན་གྲྭ་བ་བཅུ་ཙམ་ལས་མེད་ཅིང་དེ་སྔ་ས་ཁུལ་ལ་དགོན་སྡེ་གསུམ་ཡོད་པ་ད་ལྟ་ཚང་མ་ཆོས་སྒོ་རྒྱག་ཏུ་བཅུག་ཡོད་དོ། །

ཁོའི་གཏམ་བཤད་ནང་དུ་ནང་ཆོས་ཡང་དག་པ་མིན་ཚུལ་གྱི་ཁྱབ་བསྒྲགས་དཔེ་མཚོན་ཞིག་གླེང་སོང་ལ། ཁོས་བཤད་རྒྱུར། ད་ལྟ་ང་ཚོས་རང་གི་ཁྱིམ་གྱི་མཐིལ་ཤིང་ཕྱིས་ཤིང་ཀ་ཏོ་ར་དང་གོན་པ་སོགས་བཀྲུ་ཆོག ཡིན་ཡང་སྔོན་ཆད་གྲྭ་བ་དེ་ཚོས་ངེད་ཚོ་ལ་ཀ་ཏོ་ར་དང་གོན་པ་སོགས་བཀྲུ་རུ་མི་འཇུག་ལ། ཁོ་ཚོས་གོན་པ་བཀྲུས་ན་ཀླུང་རྟ་དང་བསོད་ནམས་ཉམ་འགྲོ་ཚུལ་བཤད། རྩོམ་པ་བོ་ཧོ་ཐི་སྰ་ན་ལ་ཡེ་ཧྥི་ཡིས་བཤད་རྒྱུར། ང་ཚོས་སུའུ་ལེན་རྩོམ་རིག་བརྩམས་ཆོས་ལས་ནང་བསྟན་རྩོམ་རིག་རྩ་བ་ནས་གཡུགས་ཟིན། འོན་ཀྱང་གཏམ་བཤད་གཙོ་བོ་ནི་ཡེ་པ་ནོ་ཧྥི་ཡིས་སྤེལ་བ་ཡིན། སི་ཏ་ལིན་ལ་ཕྱིར་ལན་འདེབས་སྐབས་ཁོས་སྔོན་ཆད་པུ་ལི་ཡྰ་ཐིའི་སོག་པོའི་ལྟེ་བ་ཡིན་པའི་དགོན་སྡེ་མང་པོ་ཞིག་དེང་སྐབས་རིག་གནས་ལྟེ་གནས་ཏེ་སློབ་གྲྭ་དང་སྤྲོ་སྐྱིད་ཁང་། སྨན་ཁང་སོགས་སུ་གྱུར་ཡོད་ཅེས་བཤད་དོ། །

ཧྥི་ལོའོ་ཞིས་ལོའོ་ཧྥི་ཡི་དྲི་བར་ལན་འདེབས་སྐབས་པུ་ལི་ཡྰ་ཐིི་སོག་པོ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཏང་ཨུའི་ཧྲུའུ་ཅུའུ་ཡེ་པ་ནོ་ཧྥི་བཤད་དོན། གསར་བརྗེ་ཡི་སྔོན་ལ་དགོན་པ་བཞི་བཅུ་ཡོད་ཅིང་ད་ལྟ་དགོན་པ་དྲུག་དངོས་སུ་སྒོ་རྒྱག་ཏུ་བཅུག་ཡོད། དགོན་པ་བཅུ་གཉིས་རང་འགུལ་གྱིས་གཏོར། དེའི་ནང་གི་གྲྭ་བ་དགོན་པ་གཞན་དུ་བྲོས་སོང་ལ་དགོན་པ་ཉེར་དྲུག་ད་དུང་གནས་ཡོད། གསར་བརྗེའི་སྔོན་ལ་གྲྭ་བ་ཆིག་ཁྲི་བཞི་སྟོང་ཡོད་ཅིང་ད་ལྟའི་དགོན་པ་ཉེར་དྲུག་པོའི་ནང་ན་ལྷག་མ་གྲྭ་བ་དགུ་བརྒྱ་ཙམ་ལས་མེད་ལ་ཁོང་ཚོའི་ཁྲོད་ན་ན་གཞོན་གཅིག་ཀྱང་མི་འདུག སྤྱི་ལོ་༡༩༢༥ལོ་ནས་བཟུང་ན་གཞོན་དག་སུའུ་ལེན་གཞུང་གི་སློབ་གྲྭ་འགྲོ་བ་ལས་དགོན་པའི་ནང་ལ་འགྲོ་མཁན་གཅིག་ཀྱང་མེད་དེ་འདི་ནི་ང་ཚོ་ནང་བསྟན་ལས་རྒྱལ་བའི་རྒྱལ་ཁ་ཆེན་པོ་ཡིན། གཏམ་གླེང་དང་སྤྱོད་ཚུལ་འདི་དག་ལས་སྤྱི་ལོ་༡༩༣༦ལོར་ད་དུང་ནང་བསྟན་ལ་རྒོལ་བའི་བྱ་བ་གནས་ཡོད་ལ་ཆོས་ལུགས་ལ་དགག་པ་རྒྱག་པའི་ལས་འགུལ་སྔར་ལྟར་སྤེལ་བཞིན་པ་རྟོགས་ཐུབ་བོ། །

སྤྱི་ལོ་༡༩༨༩ལོར་མིས་ཧ་ཡེའར་ཀུའར་པ་ཆོའོ་ཧྥི་ཡིས་བཏོན་པའི་བསམ་བློ་གསར་བ་དང་མངོན་གསལ་རང་བཞིན་ཞེས་པས་ནང་བསྟན་ལ་ཚེ་སྲོག་གསར་པ་བསྐྲུན་ཡོང་། སྐབས་འདིར་སུའུ་ལེན་གྱི་ནང་པ་བས་རང་འགུལ་གྱིས་རྩ་འཛུགས་བྱེད་འགོ་བརྩམས། སྤྱི་ལོ་༡༩༩༡་ལོར་ཨུ་སུ་རུ་རྒྱལ་ཁབ་གཞུང་ཕྱོགས་ནས་ཨུ་རུ་སུའི་ནང་བསྟན་དར་ནས་ལོ་འཁོར་ཉིས་བརྒྱ་ལྔ་བཅུ་ལོན་པ་ངོས་ལེན་བྱས་པའི་སྐབས་ལ་དགའ་སྟོན་རྟེན་འབྲེལ་ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་ལ། ཐེངས་འདིའི་ལས་འགུལ་པུ་ལི་ཡྰ་ཐི་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་གཙོ་གཉེར་གནང་། དེའི་རྗེས་སུ་གཏོར་སྐྱོན་ཐེབས་པའི་དགོན་སྡེ་ཁག་བསྐྱར་བཞེངས་དང་ཉམས་གསོ་གནང་། སྤྱི་ལོ་༢༠༠༠ལོར་སླེབས་དུས་སུ་པུ་ལི་ཡྰ་ཐི་རུ་དགོན་སྡེ་ཉེར་བརྒྱད་དང་། ཁྰའར་མེ་ཁུ་རུ་བཅུ་དྲུག ཐོའུ་ཝ་རུ་དགུ། ཨའར་ཐེ་རུ་གཅིག ཧ་ཅང་གལ་ཆེན་ཡིན་པའི་དགོན་པ་དེ་ཧྲིན་པུའུ་ཏི་པོ་རུ་གནས་ཡོད། ཞི་པོ་ལི་ཡྰ་དང་མོའོ་སུ་ཁུ། ཧྲིན་པུའུ་ཏི་པོ་བཅས་ནི་ནང་བསྟན་མཁས་པ་དང་ནང་པའི་རྗེས་འཇུག་པ་སོགས་འདུ་བའི་ལྟེ་གནས་ཆེན་པོ་རུ་གྱུར་ཡོད། མོའོ་སུ་ཁུ་གཅིག་པུ་ན་ནང་པའི་ཆོས་ཚོགས་བཅུ་བཞི་ཡོད་ཅིང་ཧྲིན་པུའུ་ཏི་པོ་རུ་ཆོས་ཚོགས་བཅུ་གསུམ་ཡོད། ད་ལྟ་རང་བཙན་མཉམ་འབྲེལ་རྒྱལ་ཁབ་དག་ཏུ་ནང་པའི་ཆོས་ཚོགས་དང་རིག་གཞུང་ཚོགས་པ་བཞི་བརྒྱ་ལྷག་ཡོད་ལ་ནང་པའི་དུས་ཆེན་ཡོད་དོ་ཅོག་སླར་གསོ་བྱས་འདུག་གོ །

སྡོམ་རྩིས་བྱས་པ་ལྟར་ན་དེང་སྐབས་ཨུ་རུ་སུ་ན་ནང་པ་བ་ས་ཡ་གཅིག་ལྷག་གིས་འཚོ་བ་སྐྱེལ་བཞིན་ཡོད། ཨུ་རུ་སུའི་ནང་པ་བས་ཁྲིའུ་ཁྲུན་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་ཁྲོད་འཛམ་གླིང་གི་མིག་དབང་བཀུག སུའུ་ལེན་གཏོར་རྗེས་ནང་པའི་གྲྭ་བ་རྣམས་ཀྱིས་ས་གནས་མི་འདྲ་བ་ཁག་དྲུག་ཏུ་ཞི་བདེ་ཡི་ལྟ་བ་ཁྱབ་བསྒྲགས་མཛད་ནས་ཀུ་ལོའོ་ཚི་ཉི་ཡི་མི་གསོད་ཁྲག་སྦྱོར་གྱི་དམག་འཁྲུག་མཚམས་འཇོག་དགོས་པའི་རེ་བ་བཏོན་ནས་སྤྱི་ལོ་༡༩༩༦ལོའི་བར་དུ་རྒྱུན་འཁྱོངས་གནང་། ཨུ་རུ་སུའི་ནང་པ་བས་ཁྲིའུ་ཁྲུན་དམག་འཁྲུག་ལ་ངོ་རྒོལ་བྱས་པའི་འབོད་ཚིག་གཙོ་བོ་ནི་༼ཚེ་སྲོག་གི་ཆེད་དུ་༽ ཞེས་པ་ཡིན་ལ། ཤེས་རིག་སྣ་མང་ལྡན་པའི་ཨུ་རུ་སུ་གསར་བ་ཞིག་ཡང་བསྐྱར་སྟོབས་ཤུགས་ཆེན་པོས་ལོ་རྒྱུས་ཀྱི་གར་སྟེགས་སུ་མངོན་བྱུང་བ་ང་ཚོས་མཐོང་སོང་ངོ་།། །།