ཨི་ལོ་ར་དང་ཨ་ཇན་ཏ།
མཐོང་རིས་
ཨི་ལོ་ར་དང་། ཨ་ཇན་ཏ།
ཨི་ལོ་ར་( Ellora )དང་། ཨ་ཇན་( Ajanta )ཞེས་འཇིག་རྟེན་ན་ཡོངས་སུ་གྲགས་པའི་གནས་ངོ་མཚར་ཅན་དེ་དག་རྒྱ་གར་ལྷོ་ཕྱོགས་མ་ཧཱ་ར་ཤ་ཏྲ་མངའ་ཁོངས་ཨའོ་རདྒ་བྷད་དང་ཉེ་བའི་ས་ན་ཡོད། གནས་དེ་དག་ཕྱི་བྲག་རི་ལ་ནང་གཙུག་ལག་ཁང་ཆེ་ཆུང་སྣ་ཚོགས་པར་ཡོད་པ། ལྡེབས་རིས་ལ་སྟོན་པའི་རྣམ་ཐར་དང་སྐྱེས་རབས་ཀྱི་རི་མོ་ངོ་མཚར་བས་བརྒྱན་པ། ནང་གི་ཀཱ་གདུང་ལ་སོགས་པའི་ལྷ་ཁང་དེ་དག་ཐམས་ཅད་ཀྱང་བྲག་ཧྲིལ་པོ་གཅིག་ལས་བཟོས་པ་སོགས་བློའི་ཡུལ་ལས་འདས་པའི་ངོ་མཚར་ཅན་དེ་འཛམ་བུ་གླིང་གི་སའི་སྙིང་པོ་ལྟ་བུ་ཡིན་ནོ། །དེ་ཡང་ཨེ་ལོ་རའི་བྲག་ཕུག་རྣམས་ནི་ཕྱི་ལོ་བརྒྱ་ཕྲག་དྲུག་པ་ནས་བརྒྱད་པའི་བར་གུཔྟའི་རྒྱལ་རྒྱུད་ཀྱི་སྐབས་བྱུང་བ་ཡིན་ལ། དེར་ནང་བ་དང་། ཧིན་དུ། གཅེར་བུ་བའི་ཆོས་ལུགས་བཅས་ཀྱི་ལྷ་ཁང་བཅས་ཡོད་ཅིང་། སྤྱིར་དེ་དག་ཀུན་གྱི་ནང་ནས་ངོ་མཚར་རྨད་དུ་བྱུང་བ་ནི་ཀེ་ལ་ཤ་ནཱ་ཐ་སྟེ་གངས་རིའི་མགོན་པོའི་ལྷ་ཁང་ཞེས་པ་དེ་ཡིན་ཅིང་། དེའི་རྒྱ་ཁྱོན་ལ་སྲིད་དུ་ཁྲུ ༡༦༥ དང་། སྤམས་ལ་ཁྲུ། ༩༦ ཡོད་པ་བྲག་ཧྲིལ་པོ་གཅིག་ལས་རྟེན་དང་། བརྟེན་པར་བཅས་པ་གྲུབ་པ། བཟོ་བོའི་རྩལ་ལ་འགྲམ་དུ་མེད་པ་འཛམ་གླིང་ཀུན་ལ་གྲགས་ཆེ་བ་དེའོ།། ཨ་ཇན་ཏའི་ཕྲག་ཕུག་རྣམས་ནི་སྤྱི་ལོ་བརྒྱ་ཕྲག་དང་པོ་ནས། བདུན་པའི་བར་ལ་བྱུང་བ་ཡིན་ཅིང་ཨེ་ལོ་ར་དང་མི་རིང་བའི་ས་ན་ཡོད། བྲག་ཕུག་དེ་རྣམས་ལས་རྣམ་པ་གཉིས་སུ་དབྱེ་སྟེ། ཁག་ཅིག་ནི་ནང་པའི་གཙུག་ལག་ཁང་ལ་སོགས་པའི་ལྷ་ཁང་དང་། ཁག་ཅིག་ནི་དགེ་སློང་དང་། དགེ་ཚུལ་རྣམས་གནས་བཅའ་བའི་བསྟི་གནས་བྲག་ཁང་ཡིན། ངོ་མཚར་ཆེ་བའི་ཁྲག་ཕུག་དེ་རྣམས་ཀྱི་ནང་ན་རྡོ་བ་ལས་གྲུབ་པའི་དེ་བཞིན་གཤེགས་པའི་སྣང་བརྙན་དང་། གླང་ཆེན་ལ་སོགས་པའི་གཟུགས་ཀྱི་བཀོད་པ་ཕུལ་དུ་བྱུང་བ་དུ་མ་ཡོད་པ་དེ་དག་ལས་ཀྱང་། སངས་རྒྱས་ཀྱི་རྣམ་ཐང་དང་། སྐྱེས་རབས་ཀྱི་རི་མོ་ལྡེབས་རིས་སུ་ཡོད་པ་རྣམས་འཛམ་གླིང་ཁྱོན་ལ་སྙན་གྲགས་དང་། ངོ་མཚར་ཆེས་ཆེར་འཛིན་པས་ན་བྱིན་རླབས་ཅན་ཀྱི་གནས་མཇལ་བ་དང་། འཇིག་རྟེན་འདིའི་ངོ་མཚར་ཆེ་བའི་བཟོ་པོའི་སྒྱུ་རྩལ་ལ་ལྟ་ཕྱིར་ཅིས་ཀྱང་གནས་དེར་བཞུད་པ་ལ་བརྩོན་པར་འོས་སོ། །
<<རྒྱ་གར་ནང་པའི་གནས་ཆེན་ཁག་གི་གནས་ཡིག>> ལས་བཤུས།
གནས་ཡིག་འདི་ནི་བོད་གཞུང་ཤེས་རིག་དཔར་ཁང་གིས་ཕྱི་ལོ ༡༩༩༦ ལོར་དཔར་བསྐྲུན་བྱས།