ཨལ་ཧྥིར་ཌི་ནོ་བྷེལ།

ཡོང་ཁུངས་Wikipedia

སྐུ་ཞབས་ཨལ་ཧྥིར་ཌི་ནོ་བྷེལ་ལགས་ནི་ཕྱི་ལོ་ 1833 ་ཟླ་10 ཚེས་21 ཉིན་སི་ཌན་གྱི་གྲོང་ཁྱེར་སི་ཊོག་ཁོམ་དུ་འཁྲུངས་ཤིང་། ཕ་མ་གཅིག་པའི་སྤུན་མཆེད་བརྒྱད་ཡོད་པའི་བཞི་བ་དེ་ཡིན། ཁོང་ནི་རྫས་འགྱུར་རིག་པ་བ་དང་། འཆར་འགོད་པ། གསར་གཏོད་པ། གོ་མཚོན་བཟོ་གྲྭའི་བདག་པོ་ཡིན་པར་མ་ཟད། འགྲོ་བ་མིའི་ཚེ་སྲོག་ལ་རྒོལ་བ་དང་སྲུང་སྐྱོབ་གཉིས་དཔེ་མེད་བྱས་མྱོང་བའི་མི་སྣ་རེད་ཟེར་ཆོག ཕྱི་ལོ་ 1842ལོར་ཁོའི་ཕ་མ་གཉིས་དཔལ་འབྱོར་ཡག་པོ་ཆགས་པས་ཁོ་གྲོང་ཁྱེར་དུ་བཏང་བར་མ་ཟད། ཁོ་གཅིག་པུར་ཟུར་བསྟེན་དགེ་རྒན་ཞིག་ཀྱང་གླས་པར་བཤད། ཁོ་ཆུང་དུས་ནས་སློབ་སྦྱོང་ལ་བཟང་བའི་ཐོག་རྫས་འགྱུར་རིག་པ་དང་སྐད་རིགས་ཐད་འབུར་དུ་ཐོན། དབྱིན་ཇི་དང་། ཧྥ་རན་ཆི། རྗར་མན། ར་ཤི་ཡའི་སྐད་རྣམས་རང་རྐྱ་ཐུབ་པར་ཤེས། ཁོ་ལོ་བཅོ་བརྒྱད་ཐོག་ཨ་རིར་བསྐྱོད་དེ་ལོ་ངོ་བཞིའི་རིང་རྫས་འགྱུར་རིག་པར་སློབ་སྦྱོང་བྱས། ཕྱི་ལོ་1867 ལོར་ཁོས་འབར་རྫས་གསར་གཏོད་བྱས་པ་དེ་སྐད་གྲགས་ཧ་ཅང་ཆེན་པོ་བྱུང་བས། རྡུལ་ཕྲན་རང་བཞིན་ཅན་གྱི་རྫས་སྦྱོར་ཁམས་རིགས་ཤིག་ལ་ནོ་བྷེ་ལུམ་ nobelium, ཞེས་མིང་བཏགས་པ་རེད། དེ་བཞིན་ཁོའི་མིང་དེང་རབས་བཟོ་ཚོང་ཁང་ཁག་ལ་ཐོགས་པ་དཔེར་ན། རྗེར་མན་གྱི་རྫས་འགྱུར་དང་གོ་མཚོན་བཟོ་ཁང་ཌེ་ནམ་མི་ཐྲི་ནོ་བྷེལ་ Dynamit Nobel,ཞེས་པ་དང་། ཨ་ཁཱ་རྫོ་ནོ་བྷེལ་ Akzo Nobel, དེ་རིགས་ཟླ་སྒྲིལ་བཏང་བའི་རོགས་ནོ་བྷེལ་རང་ཉིད་ཀྱིས་བྱས་པ་རེད། སྐབས་དེ་ཤེད་དུ་ཁོང་སི་ཌན་གྱི་བྷོ་ཧྥོར་སི་ Bofors,ཞེས་པའི་གོ་མཚོན་བཟོ་ཚོང་ཁང་གི་བདག་པོ་ཡིན་ལ། དེ་སྔོན་གྱི་བཟོ་ཚོང་ཁང་དེའི་བྱེད་སྒོ་ལས་ཁ་ཕྱོགས་བསྐྱར་བསྒྱུར་བྱས་པ་དང་། གཞི་རྩའི་ལྕགས་དང་ངར་ལྕགས་རྣམས་ལས་སྣོན་ཐོག་མེ་སྒྱོགས་དང་གོ་ལག་སྣ་ཚོགས་བཟོ་བཞིན་ཡོད། དེའི་ཐོག་ནོ་བྷེལ་ལ་རྣམ་གྲངས་སུམ་བརྒྱ་ལྔ་བཅུ་ཙམ་ལ་བདག་དབང་ཡོད་མྱོང་། ཁོ་ཚོང་དོན་ཆེད་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་དང་བྱང་ཨ་རིའི་ནང་ཐེངས་མང་པོར་འགྲུལ་སྐྱོད་བྱས། ཕྱི་ལོ་ 1888 ལོར་ནོ་བྷེལ་གྱི་སྤུན་མཆེད་ལུ་ཌི་ཝིག་ Ludvig, འདས་གྲོངས་ཕྱིན་སྐབས་ཁོང་ཧྥ་རན་སིའི་གྲོང་ཁྱེར་ཁཱན་ནེ་སིར་གཉེན་འཕྲད་དུ་ཕྱིན་སྐབས་གསར་འགོད་པ་ཞིག་གིས་ནོར་བས་ནོ་བྷེལ་གྱི་འདས་ཆོས་གསར་འགྱུར་སྤེལ་བ་རྐྱེན་བྱས་ཏེ། ཁོས་འབར་རྫས་གསར་གཏོད་དེས་མི་ས་ཡ་མང་པོའི་ཚེ་སྲོག་གི་གཤེད་མར་གྱུར་པ་ལ། ཁོང་གིས་རང་གནོངས་འགྱོད་བཤགས་ཆེད་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་བདེ་རྩ་ལ་བྱས་རྗེས་འཇོག་མཁན་རྣམས་ལ་གཟེངས་རྟགས་འབུལ་དགོས་པའི་ཁ་ཆེམས་ཡི་གེ་སྔ་ཕྱི་དག་བཞག་ཅིང་། ཕྱི་ལོ་ 1896 ་ཟླ་12 ཚེས་10 ཉིན་ཁོང་སྐུ་གཤེགས་པ་རེད།