ཨའི་ཅི།

ཡོང་ཁུངས་Wikipedia

སྔོན་བོད་ཡིག་དུ་བསྒྱུར་བའི་མིང་དག་གི་ཁྲོད་དུ། ཨའི་ཅི, ཨེ་ཟིབ , ཨེད་ཅི , ཨེད་ཟི , ཨེ་ཅི་སོགས་ནི་ནོར་འཁྲུལ་ཡིན་པ་དང་། རྒྱལ་སྤྱིའི་སྒྲ་གདངས་ལ་བསྟུན་པའི་བསྒྱུར་ཚུལ་ནི་ཨེ་ཅིབ་ཡིན་པ་རེད།

རྒྱལ་དར།

ཨ་རབ་ཨེ་ཅིབ་སྤྱི་མཐུན་རྒྱལ་ཁབ་སྟེ་བསྡུས་མིང་ལ་ཨེ་ཅིབ་ཅེས་འབོད་པ་ནི་གནའ་བོའི་ཤེས་རིག་དར་བའི་རྒྱལ་ཁབ་ཆེན་མོ་བཞིའི་ཡ་གྱལ་ཡིན་ལ། ནུབ་སི་རི་ཡ་དང་ལྷོ་སུའུ་དན། བྱང་སྐོར་དཀྱིལ་རྒྱ་མཚོ་དང་ས་དི་ཨ་རབ་བཅས་དང་འདབ་འབྲེལ་དུ་གནས་ཤིང་། མཁའ་དབུགས་སྐམ་ཤས་ཆེ་ཞིང་ཆར་བ་འབབ་ཚད་ཉུང་བའི་རྒྱལ་ཁབ་ཅིག་ཡིན། ཨེ་ཅིབ་ཏུ་ཡུལ་སྐོར་བའི་དང་བ་འདྲེན་པའི་མཛེས་ལྗོངས་དང་ཁྱད་མཚར་གྱིས་ཕྱུག་པའི་རིག་གནས་ཤུལ་བཞག་མང་པོ་ཞིག་ཡོད་པས་ཡུལ་སྐོར་ལས་རིགས་ནི་ཨེ་ཅིབ་ཀྱི་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་ཞིག་ཏུ་གྱུར་ཡོད།


ས་བབ་དང་གནམ་གཤིས་ཀྱི་དབང་གིས་ཨེ་ཅིབ་ཀྱི་རྒྱལ་ཁོངས་ས་ཁུལ་ཆེན་མོ་བཞིར་དབྱེ་ཡོད་དེ། ཉི་ལའོ་གཙང་པོའི་བཞུར་རྒྱུད་དང་ཉི་ལའོ་གཙང་པོའི་ཟུར་གསུམ་གླིང་ཁུལ། ནུབ་རྒྱུད་ཀྱི་བྱེ་ཐང་ས་ཁུལ། ཤར་རྒྱུད་ཀྱི་བྱེ་ཐང་ས་ཁུལ། ཞི་ནེ་ཕྱེད་གླིང་བཅས་སོ།། ཁེ་རོ་ལྷོ་རྒྱུད་ནི་ཞེང་གི་རིང་ཚད་ལ་སྨི་ཁྲི་3ནས་16ཡོད་པའི་ཉི་ལའོ་གཙང་པོའི་ལྗང་མདོག་བར་ཁྱམས་ཡིན་ལ། འདིར་ཨེ་ཅིབ་སྟོད་རྒྱུད་ཅེས་འབོད། ཁེ་རོའི་བྱང་རྒྱུད་ལ་ཨེ་ཅིབ་སྨད་རྒྱུད་ཅེས་འབོད། ཉི་ལའོ་གཙང་པོའི་ཟུར་གསུམ་གླིང་ནི་ཨེ་ཅིབ་ཀྱི་གནའ་བོའི་ཤེས་རིག་གི་འབྱུང་ཁུངས་ཡིན་པར་མ་ཟད་ཨེ་ཅིབ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁུལ་གཙོ་བོ་ཞིག་ཀྱང་ཡིན། ཨེ་ཅིབ་རྒྱལ་ཁབ་ཀྱི་མི་མང་ཆེ་བ་དེར་འདུས་སྡོད་བྱས་ཡོད་གཤིས་འཛམ་གླིང་གི་མི་འདུས་སྡོད་ཆེས་ཆེ་བའི་ས་ཁུལ་དུ་ངོས་འཛིན།


གཞན་དང་མི་མཚུངས་པའི་འཚོ་སྡོད་ཁོར་ཡུག་དང་རིག་གནས་སེམས་ཁམས་ཀྱིས་ཨེ་ཅིབ་མི་དམངས་ལ་ཐུན་མོང་མ་ཡིན་པའི་བསམ་བློའི་འདུ་ཤེས་དང་འཚོ་བའི་གོམས་གཤིས་ཤིག་གྲུབ་ཡོད། ཨེ་ཅིབ་མི་ཁ་དོག་དཀར་པོ་དང་ལྗང་གུར་དམིགས་བསལ་གྱི་འདངས་རྩིས་ཡོད་དེ། ཁོ་ཚོས་ཁ་དོག་དེ་གཉིས་ནི་བདེ་སྐྱིད་དང་བཀྲ་ཤིས་མཚོན་པའི་རྟགས་སུ་ངོས་འཛིན་བྱེད་པ་དང་། གྲངས་ཀ་དག་ལས་བདུན་པ་དང་ལྔ་པ་ནི་རྟེན་འབྲེལ་བཟང་པོ་དང་བཀྲ་ཤིས་པའི་གྲངས་ཀར་ངོས་འཛིན་བྱེད། ཨེ་ཅིབ་མིའི་བསམ་བློའི་འདུ་ཤེས་ཁྲོད་གཡས་གཡོན་གཉིས་ལས་གཡས་ནི་དགེ་བ་དང་གུས་ལུགས་མཚོན་ལ། གཡོན་ནི་བཀྲ་མི་ཤིས་ཤིང་སྡིག་པ་མཚོན་པའི་ཁ་ཕྱོགས་ཤིག་ཏུ་ངོས་འཛིན་བྱེད་དེ། དཔེར་ན། མགྲོན་པོར་ལག་འཇུ་བྱེད་པ་དང་བཟའ་བཏུང་ལ་རོལ་བ། མི་གཞན་ལ་དངོས་པོ་སྤྲོད་སྐབས་སུ་ངེས་པར་དུ་ལག་པ་གཡས་པ་བཀོལ་བ་དང་མི་གཙང་བའི་ལས་ལ་འཇུག་སྐབས་ལག་པ་གཡོན་པ་བཀོལ་བའི་གོམས་སྲོལ་མ་ཉམས་པར་གནས་ཡོད།


ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོའི་བཅིངས་གྲོལ་ཐང་ཆེན་ལྟེ་གནས་སུ་འཛམ་གླིང་ན་མིང་དུ་གྲགས་ཤིང་གཞི་རྒྱ་ཆེས་ཆེ་བའི་རིག་དངོས་བཤམས་སྟོན་ཁང་ཞིག་ཡོད་ཅིང་། དེ་མིང་ལ་ཨེ་ཅིབ་དངོས་མང་བཤམས་སྟོན་ཁང་ཞེས་འབོད། བཤམས་སྟོན་ཁང་དེ་ནི་སྤྱི་ལོ་1902ལོར་ལེགས་པར་བཞེངས། བཤམས་སྟོན་ཁང་དེར་ལོ་ངོ་ལྔ་སྟོང་སྔོན་གྱི་གནའ་བོའི་ཨེ་ཅིབ་དང་ཧྥ་ལོ་(གནའ་བོའི་རྒྱལ་པོའི་སྤྱི་མིང་། ཨེ་ཅིབ་སྐད་དང་ཞི་པོ་ལེ་སྐད་ལས་ཟུར་ཆག་པ་རེད།)དུས་སྐབས་ནས་དུས་རབས་དྲུག་པའི་བར་གྱི་ལོ་རྒྱུས་རིག་དངོས་ཁྲི་25ཉར་ཚགས་བྱས་ཡོད།

གཞུང་ཕྱོགས་ནས་གཏན་ཁེལ་བྱེད་པའི་རྒྱལ་རྟགས།

འཛམ་གླིང་སྟེང་མིང་དུ་གྲགས་པའི་གཏོར་གཟུགས་མཆོད་རྟེན་ནི་སྤྱི་ལོ་སྔོན་གྱི་2600ལོར་བསྐྲུན་འགོ་ཚུགས་ཤིང་ད་ལྟའི་བར་ཁྱོན་བསྡོམས་གཏོར་གཟུགས་མཆོད་རྟེན་བརྒྱ་ལ་ཉེ་བ་གསར་རྙེད་བྱུང་། དེ་ནི་འཛམ་གླིང་ཐུན་མོང་གི་ཁས་ལེན་པའི་གནའ་བོའི་འཛམ་གླིང་གི་ངོ་མཚར་ཆེན་པོ་བརྒྱད་ཀྱི་གཅིག་གྲས་ཡིན། གཏོས་ཆེ་ཞིང་མིང་དུ་གྲགས་པ་ནི་མི་རབས་གསུམ་གྱི་གཏོར་གཟུགས་མཆོད་རྟེན་ཏེ་ཧོ་ཧྥོ་གཏོར་གཟུགས་མཆོད་རྟེན་དང་ཧ་ཧྥོ་ལ་མཆོད་རྟེན་ཆེན་མོ། མེན་ཁ་ཝོ་ལ་གཏོར་གཟུགས་མཆོད་རྟེན་བཅས་ཡིན། དེ་ལས་རྔམ་བརྗིད་ལྡན་ཞིང་མིང་དུ་གྲགས་པ་ནི་ཧོ་ཧྥོ་གཏོར་གཟུགས་མཆོད་རྟེན་ཆེན་མོ་ཡིན། གཏོར་གཟུགས་མཆོད་རྟེན་འདིའི་རྨང་མཐའི་རིང་ཚད་ལ་སྨི་270དང་མཐོ་ཚད་ལ་སྨི་157.1ཡོད་ལ། བརྩེགས་རྡོ་ཆེན་པོ་ཁྲི་230ཡིས་གྲུབ་ཅིང་རྡོ་ལེབ་རེའི་ལྗིད་ཚད་ལ་ཆ་སྙོམས་ཀྱི་ཏུན་205ཡོད་པ་རེད། བཟོ་བཀོད་ཀྱི་གཏོས་ཆེ་ཞིང་སྒྲིག་གཞིའི་ཚགས་དམ་པའི་གནའ་བོའི་ཤེས་རིག་གི་བསྡུས་གཟུགས་འདི་ཚན་རིག་ཆེད་མཁས་པ་མང་པོ་ཞིག་གི་མཚར་འཛིན་གྱི་བློ་ཁ་ཕྱོགས་ཡུལ་ཞིག་ཏུ་གྱུར་ཡོད། གནའ་བོའི་ཨེ་ཅིབ་མིའི་བཤད་རྒྱུན་ལྟར་ན་གཏོར་གཟུགས་མཆོད་རྟེན་ནི་གནའ་བོའི་ཨེ་ཅིབ་ཀྱི་རྒྱལ་རབས་སོ་སོའི་རྒྱལ་པོ་དག་གི་བང་སོ་ཡིན་པ་དང་། རྒྱལ་པོ་དང་འབྱོར་ལྡན་སྐུ་དྲག་དག་ཚེ་ལས་འདས་རྗེས་ཀྱི་འདོད་རྒུ་ལོངས་སུ་སྤྱོད་སའི་གནས་ཤིག་ཀྱང་ཡིན་པར་གྲགས།


ཚན་རིག་ཉམས་ཞིབ་པ་དག་གིས་མིང་དུ་གྲགས་པའི་གནའ་བོའི་བཟོ་བཀོད་དེ་གཏོར་གཟུགས་མཆོད་རྟེན་ད་ལ་གནམ་དཔྱད་རིག་པའི་ཤེས་བྱ་མང་པོ་འདུས་པར་བཞེད། གནའ་བོའི་ཨེ་ཅིབ་མིས་མིའི་ལུས་པོ་ནི་རྣམ་ཤེས་ཀྱི་སྦྲུམ་གནས་ཤིག་ཏུ་ངོས་འཛིན་བྱེད་པ་དང་། རྣམ་ཤེས་དུས་གཏན་དུ་གནས་པར་བྱེད་འདོད་ན་ངེས་པར་དུ་བེམ་པོར་བདག་གཉེར་བྱ་དགོས་ཏེ། ཐོག་མར་སྐུ་གཤེགས་པའི་རྒྱལ་པོ་དང་སྐུ་དྲག་གང་ཞིག་གི་ཀླད་པ་དང་གློ་སྙིང་སོགས་བྲུས་ཏེ་ཁོག་པར་ཚྭ་ཆུས་བཀྲུས་ཤིང་ཚྭ་ཆུ་སྐམ་རྗེས་ཁོག་པའི་ནང་བྲོ་རྫས་བརྫངས་ནས་ལུས་པོའི་ཕྱི་ངོས་སུ་ཤིང་སྤྱིན་བླུག་རྗེས་རས་ཀྱིས་དམ་པོར་དཀྲིས་ཚེ་བེམ་པོ་རང་བཞིན་གྱིས་སྐམ་པོར་འགྱུར་ངེས། བེམ་རོ་སྐམ་འགྱུར་ནི་གནའ་བོའི་ཨེ་ཅིབ་ཀྱི་རྒྱལ་རབས་དང་པོ་ནས་འགོ་བརྩམས་ཤིང་སྤྱི་ལོ་1991ལོར་ཚན་རིག་པ་མོ་ཧན་མོ་ཏི་སད་པི་ཐི་ཡིས་གནའ་བོའི་ཨེ་ཅིབ་མིས་བཟོས་པའི་བེམ་མོ་སྐམ་འགྱུར་ལས་འགྱེད་འཕྲོ་རང་བཞིན་གྱི་དངོས་པོ་ཡོད་པ་གསར་དུ་རྙེད། འདི་ལས་གནའ་བོའི་ཨེ་ཅིབ་མིས་ལོ་ངོ་4000ལྷག་གི་སྔོན་དུ་འགྱེད་འཕྲོ་རང་བཞིན་གྱི་དངོས་པོ་སྤྱད་དེ་རྒྱལ་པོ་དང་སྐུ་དྲག་དག་གི་བེམ་པོ་ཉར་ཚགས་དང་སྲུང་སྐྱོབ་བྱེད་ཤེས་པ་ར་སྤྲོད་བྱུང་།


ཉི་ལའོ་གཙང་པོ་ནི་ཨེ་ཅིབ་མི་དམངས་ཀྱིས་ཚེ་སྲོག་གི་གཙང་པོར་ངོས་འཛིན་བྱེད། གཙང་པོ་འདིའི་མགོ་ཁུངས་ནི་ཨ་ཧྥེ་རི་ཁའི་ཤར་ཕྱོགས་ཀྱི་པའོ་ལོན་ཏི་མཐོ་སྒང་ཡིན་ལ། པུ་རུན་དི་དང་རུ་ཝང་ཏ། ཐན་ཟ་ཉི་ཡ། ཡུ་གེན་ད། སུའུ་དན། ཨེ་ཅིབ་རྒྱལ་ཁབ་སོགས་བརྒྱུད་དེ་མཇུག་མཐར་ས་དབུས་རྒྱ་མཚོར་བཞུར་པ་རེད། ཉི་ལའོ་གཙང་པོའི་སྤྱིའི་རིང་ཚད་ལ་སྨི་སྟོང་6670ཡོད་པས་འཛམ་གླིང་གི་བཞུར་རྒྱུན་ཆེས་རིང་བའི་གཙང་པོར་ངོས་འཛིན་བྱེད་བཞིན་ཡོད། ཉི་ལའོ་གཙང་པོ་ནི་ཁ་གེད་ལ་གཙང་པོ་དང་ཉི་ལའོ་གཙང་པོ་དཀར་པོ། ཉི་ལའོ་གཙང་པོ་ལྗང་གུ་བཅས་མཉམ་དུ་འདྲེས་པ་ལས་གྲུབ་ཅིང་། ཨེ་ཅིབ་མི་དམངས་ཀྱི་མ་ཡུམ་ལྟ་བུའི་གཙང་པོ་འདིས་ཨེ་ཅིབ་མི་དམངས་ཀྱི་ཚེ་སྲོག་གི་རྒྱུན་བསྐྱངས་ཞིང་ངོ་མཚར་གྱིས་བརྟས་པའི་ཤེས་རིག་མང་པོ་བསྐྲུན་པར་མ་ཟད། སྣ་མང་དཀྱེལ་ཡངས་ཀྱི་རིག་གནས་ཁོར་ཡུག་ཅིག་ཀྱང་བསྐྲུན་པ་རེད།


མིའི་གདོང་སེང་གེའི་ལུས་ཅན་གྱི་སྐུ་བརྙན་ནི་ལོ་ངོ་4500སྔོན་དུ་བསྐྲུན་འགོ་ཚུགས་ཤིང་། དེ་ནི་འཛམ་གླིང་གི་ལོ་རྒྱུས་ཆེས་རིང་བའི་རྡོ་བརྐོས་སྐུ་བརྙན་ཡིན། སྐུ་བརྙན་འདིའི་རིང་ཚད་ལ་སྨི་57དང་མཐོ་ཚད་ལ་སྨི་21ཡོད། སྐུ་བརྙན་འདི་བཞེངས་པའི་ཐོག་མའི་དམིགས་ཡུལ་ཐད་ལ་ཆེད་མཁས་པ་དག་གི་ལྟ་དགོངས་གཅིག་མཚུངས་མིན་ཏེ། ལ་ལས་སྐུ་བརྙན་དེ་དག་གིས་སྐབས་དེའི་དབང་སྒྱུར་བ་དག་གི་རྔམ་བརྗིད་དང་ཟིལ་ཤུགས། དབང་དྲག་མཚོན་པར་བཞེད་ཅིང་། རྟོག་ཞིབ་པ་ལ་ལས་སྐུ་བརྙན་དེ་དག་དང་ཆ་འདྲ་བ་མང་པོ་རོ་མའི་གནའ་བོའི་བཟོ་བཀོད་དང་བང་སོ། ཕབ་ངོས་སུ་མཐོང་རྒྱུ་ཡོད་པ་དང་དེ་ནི་མི་གཙང་བ་དང་བར་ཆད་སོགས་སེལ་བའི་ཆེད་དུ་བསྐྲུན་པར་འགྲེལ། །