ཨ་ལགས་ཤའི་འཁྲུལ་སྤོངས་

ཡོང་ཁུངས་Wikipedia

དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་པར་བཤད་པའི་སྐྱ་རེངས་གསར་པ།

༄༅། །༼ཤིས་བརྗོད་ཀྱི་རྒྱན།༽རྒྱལ་ཀུན་འཕྲིན་ལས་མཛེས་སྡུག་ལྷ་མོ་ཡི། །རྣམ་པའི་གར་བསྒྱུར་རྗེ་བཙུན་སྒྲོལ་མ་དང༌། །གཉིས་མེད་ཀློང་རྡོལ་ངག་དབང་བློ་བཟང་ལ། །སྐྱབས་སུ་མཆིའོ་ཀུན་ཏུ་ཤིས་གྱུར་ཅིག །༼ངོ་བསྟོད་ཀྱི་དཔེ༽དུས་གསུམ་རྒྱལ་བ་མཚན་དཔེ་ཡོངས་སུ་རྫོགས། །བདག་གི་བཤེས་གཉེན་མགྲིན་པའི་མདུད་བཀྲོལ་ཙམ། །དེ་ལྟ་ན་ཡང་རྒྱལ་བ་ཀུན་དངོས་དང༌། །གཉིས་སུ་མེད་པར་ཤེས་ནས་དད་པས་བསྟེན། །༼ཡོངས་བརྗེས་ཀྱི་རྒྱན༽ལུས་དང་ལོངས་སྤྱོད་དུས་གསུམ་དགེ་ཚོགས་སོགས། །བདག་ལ་ཅི་བདོག་མཁྱེན་པའི་གཏེར་ལ་དབུལ། །དེས་ཀྱང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག །ལུས་པ་མེད་པར་འགྱངས་མིན་སྩོལད་ཅིག་གུ། །༼དངོས་དཔེ༽ཉིན་བྱེད་སྟོང་གིས་འཁྱུད་པའི་འོ་མཚོ་ཡིས། །ལན་བརྒྱར་བྱུགས་པའི་ཤེལ་གྱི་ས་འཛིན་ཀྱང༌། །གང་གི་དཀར་མཛེས་དཔལ་ལ་མི་བཟོད་པའི། །དབྱངས་ཅན་ལྷ་མོ་མགྲིན་པར་རྟག་རོལ་ཅིག །༼ཁྱད་འཕགས་ཕུལ་བྱུང༽སྲིན་པོས་བཟུང་བའི་མཐའ་འཁོབ་གངས་ལྗོངས་སུ། །བཀའ་བསྟན་འགྱུར་བའི་ཐབས་སུ་བོད་ཡིག་སྲོལ། །བྱེད་པོ་སཾ་བྷོ་ཊ་ཡི་བཀའ་དྲིན་མཐའ། །ཁྱབ་འཇུག་གནས་ཀྱིས་གཞལ་བར་མི་ནུས་སོ། །༼ཆ་ཤས་གཟུགས་ཅན༽བོད་ཡིག་གིས་བསྐྲུན་གཙུག་ལག་ནམ་མཁའི་ནོར། །ཐུགས་རྗེ་རྟ་བདུན་རོལ་བས་རབ་དྲངས་ནས། །ཐུབ་བསྟན་པད་མའི་སྲོག་ཟུངས་གསོ་མཛད་པའི། །གནའ་བོའི་ཆོས་རྒྱལ་ལོ་པཎ་རྣམས་ལ་དད། །༼བྱ་བའི་རང་བཞིན་བརྗོད་པ༽གང་གི་ཚད་མེད་ཐུགས་རྗེ་གཡོ་ཙམ་གྱིས། །རྨད་བྱུང་མྱུར་བའི་སྤོབས་པ་མ་འབད་པར། །བདེ་བླག་སྟེར་བའི་ཀློག་གི་སློབ་དཔོན་དྲིན། །ད་གཟོད་དྲན་ནས་དྲིན་གཟོའི་བསམ་པས་བསྟེན། །༼བསྡུས་པའི་གཟུགས་ཅན༽དཔྱད་ཀྱང་ཐེ་ཚོམ་མུན་པས་བཅད་མ་མྱོང༌། །ཉེས་བཤད་འདབ་མ་བརྒྱ་ཡིས་བཏུམ་པའི་ནང༌། །བློ་གསལ་རྐང་དྲུག་འཕུར་འདོད་སྐལ་ཞན་ན། །ལེགས་བཤད་སྐྱ་རེངས་གསར་པ་འདི་སྒུགས་ཤིག །༼མཐའ་ཐོག་ཟུང་ལྡན༽བསྟན་པའི་རྩ་བ་ཡི་གེ་འདི་ལ་ཟེར། །ཟེར་སྒྲོས་བསྒྲིགས་པའི་དག་ཡིག་ཕལ་པ་ལ། །ལ་ལས་ཆོག་པར་འཛིན་མོད་བྱིས་པའི་བློ། །བློ་རྩལ་ཡོད་ན་འདི་ཉིད་བསྟེན་རིགས་སོ། །
 ཐོག་མར་མགོ་ཅན་བཤད་པ་ལ། །ཆུ་རྐ་འཐེན་པ་ར་རྐ་ཡིན། །ས་སྐ་རོ་ཡི་བྱེ་བྲག་གོ །རྒྱུ་ཡི་རྐྱེན་ནི་ར་རྐྱེན་ཡིན། །མྱུར་བའི་སྐྱེན་ནི་ས་སྐྱེན་ནོ། །ས་དོང་བརྐོས་ཟིན་ར་བརྐོས་ཡིན། །ལས་ལ་བསྐོས་ཟིན་ས་བསྐོས་སོ། །འདི་གཉིས་འདས་ཚིག་ཡིན་པས་ན། །རྗེས་འཇུག་ཐོབ་མོད་བྱ་ཚིག་ལ། །མེད་ཀྱང་རུང་བའི་གནད་གཅིག་ཡོད། །རྐུན་མ་རྐུ་བྱེད་ར་རྐུ་ཡིན། །དས་འཕུལ་དཀུ་ནི་དཔྱི་མགོའི་མིང༌། །གླེན་ཞིང་ལྐུགས་པ་ལ་ལྐུགས་ཡིན། །རྒྱལ་སྐུགས་བཙུགས་པ་ས་སྐུགས་སོ། །ཁ་ནང་རྐན་ནི་ར་རྐན་ཡིན། །ཡོད་རེ་སྐན་ནི་ས་སྐན་ནོ། །དས་འཕུལ་དཀན་ནི་དཀན་གཟར་པོ། །ཆུ་ལས་རྒལ་བ་ར་རྒལ་ཡིན། །ལུས་ཀྱི་སྒལ་བ་ས་སྒལ་ལོ། །དཀྱིལ་མཐོའི་སྒང་ནི་ས་སྒང་ཡིན། །གཅིན་སྣོད་ལྒང་ནི་ལ་མགོ་ཅན། །རི་དྭགས་རྒོ༼ཟ་མ་ཏོག་ཏུ་ད་ཡིས་འཕུལ༽བ་ར་རྒོ་ཡིན། །ཚ་སྒོ་ཅན་ནི་ས་སྒོ་ཡིན། །ཕ་བ་དགོ་དགོ་ད་ཡིས་འཕུལ། །ཟླ་བོ་སྒུག་པ་ས་སྒུག་ཡིན། །ཤིང་རེངས་དགུག་པ་ད་ཡིས་འཕུལ། །ཤིང་ཏོག་རྒུན་འབྲུམ་ར་རྒུན་ཡིན། །དུས་བཞིའི་དགུན་ནི་ད་ཡིས་འཕུལ། །ནང་ཁྲོལ་རྒྱུ་མ་སྒྱུ་མ་མཁན། །ནོར་རོ་སྙམ་པའི་དོགས་གཞི་ཆུང༌། །དབུགས་རྒོད་སྔམ་ནི་ས་སྔམ་ཡིན། །འཇིགས་སྟངས་རྔམ་ནི་ར་རྔམ་མོ། །ལུས་ཀྱི་རྔུལ་ནི་ར་རྔུལ་ཡིན། །རིན་ཆེན་དངུལ་ནི་ད་ཡིས་འཕུལ། །རིད་པའི་རྗུད་ནི་ར་རྗུད་ཡིན། །ལྕི་བའི་ལྗིད་ནི་ལ་མགོ་ཅན། །ཏིལ་གྱི་རྗང་བུ་ར་རྗང་ཡིན། །མྱུ་གུའི་ལྗང་བུ་ལ་ལྗང་ངོ༌། །དེ་བཞིན་ལྗན་ལྗིན་ཡུལ་ལྗོངས་སོགས། །ལ་ཡིག་ཐོད་དུ་བཅིངས་པའི་ཇ། །རྗེན་བཙོས་ས་རྗེན་ལ་སོགས་པ། །ཇ་ཡིག་ར་མགོ་ཅན་དུ་བྲི། །རེག་བྱ་སྙི་བ་ས་སྙི་ཡིན། །རྒྱ་ཡི་རྙི་ནི་ར་རྙིའོ། །དེ་བཞིན་མི་གཙང་རྙང་དང་རྙོང༌། །སོ་ཡི་རྙིལ་སོགས་ར་མགོར་བྲི། །རང་གིས་བསྟེན་པ་ས་བསྟེན་ཡིན། །གཞན་ལ་བརྟེན་པ་ར་བརྟེན་ནོ། །འདི་གཉིས་འཕུལ་ཡིག་ཅན་དུ་ངེས། །བྱིན་ལེན་བསྟབས་དང་གོས་བལྟབས་པ། །ས་ལའི་ཞྭ་ཅན་འདས་ཚིག་ཡིན། །འཐུག་པོའི་སྟུག་ནི་ས་སྟུག་ཡིན། །མི་གཙང་རྟུག་ནི་ར་རྟུག་གོ །མིག་གིས་བལྟས་ཟིན་རྒྱས་ཟིན་བརྟས། །རིམ་པས་ལ་རའི་ཀླད་ཅན་ནོ། །རྒྱབ་ཀྱི་ལྟག་ནི་ལ་ལྟག་ཡིན། །ཐེར་ཟུག་རྟག་ནི་ར་རྟག་ཡིན། །གཅན་གཟན་སྟག་དང་ག་ལ་མཚུངས། །སྟེས་ཀྱི་དབང་དང་ལྟས་ངན་ནི། །ས་དང་ལ་ཡི་ཞྭ་ཅན་ལགས། །མདའ་ཡི་ལྟོང་ནི་ལ་མགོ་ཅན། །གྲངས་ཀྱི་སྟོང་དང་ནོར་དོན་མེད། །དེ་བཞིན་རྟོད་ཐག་ལུས་སྟོད་དང༌། །བཀྲེས་པའི་ལྟོགས་དང་ཤེས་པའི་རྟོགས། །དེ་སོགས་ཁྱད་པར་འབྱེད་པ་གཅེས། །རིངས་པའི་རྟབ་ནི་ར་རྟབ་ཡིན། །བརྟབས་ཀྱང་འཐད་མོད་འདས་ཚིག་ཡིན། །རྗེས་མའི་རྟིང་ནི་ར་རྟིང་ཡིན། །གཏིང་ཟབ་གཏིང་དང་གཏན་མི་འདྲ། །ཐལ་མོ་བརྡབ་དང་ཕེག་རྡོབ་དང༌། །རྣོ་མེད་རྡུགས་དང་ཐབས་རྡུགས་དང༌། །རྡེག་བྱེད་བརྡེག་བྱ་ཁང་རྡིབ་རྣམས༌། །ར་མགོ་ཅན་དུ་ཤེས་པར་བྱ། །ནེ་འུ་ལྡངས་དང་ལྡོམ་བུ་བ། །གྱང་ལྡེབས་ལྡོབས་སྐྱེན་ལན་ལྡོན་དང༌། །ལུས་པའི་ལྡས་དང་བླུགས་པའི་ལྡུགས། །ལོག་པའི་ལྡོག་དང་ལྡུམ་བུ་དང༌། །ལྡབ་ལྡིབ་སྨྲ་དང་ལྡེར་བཟོ་དང༌། །ལྡེ་མིག་རེ་ལྡེ་མེ་ལ་ལྡེ། །འབྲུག་སྒྲ་ལྡིར་དང་འདབ་ཆགས་ལྡིང༌། །ཚད་ལོངས་ལྡང་དང་སྟན་ལས་ལྡང༌། །ལྕེས་བལྡག་སོ་ཡིས་བལྡད་པ་སོགས། །ལ་མགོ་ཅན་དུ་ཤེས་པར་བྱ། །ཉེར་བསྡོགས་ཐག་བསྡོགས་ཐུག་སྡོར་དང༌། །སྣོད་ཀྱི་སྡེར་མ་སྡེར་མོ་རྣམས། །ས་ཡིག་ཐོད་དུ་བཅིངས་པའི་ད། །སྐོམ་སྐྱེམས་ལྡུད་པ་ལ་མགོ་ཅན། །ཕྱོགས་སུ་སྡུད་དང་ནོར་ས་ཆུང༌། །རྟ་འདོགས་རྡང་ནི་ར་རྡང་ཡིན། །སྐས་ཀྱི་གདང་བུ་གས་འཕུལ་ཅན། །ཁང་པའི་སྡུམ་ནི་ས་སྡུམ་ཡིན། །ལྡུམ་རའི་ལྡུམ་ནི་ལ་ལྡུམ་ཡིན། །དུམ་བུར་གཏུབ་པ་དུམ་རྐྱང་ཡིན། །ཟླུམ་པོར་གཏུབ་པ་གཞན་ཡིན་ནོ། །སྲོག་བསྡོས་བས་འཕུལ་སར་བཏགས་ད། །དབུ་བ་རྡོས་པ་འཕུལ་མེད་པའི། །ར་ཡི་འོག་ཏུ་བཏགས་པའི་ད། །འགྲན་པའི་སྡོ་ནི་ས་མགོ་ཅན། །གྲི་སོགས་བརྡར་བ་ར་མགོ་ཅན། །ཕྱེ་མར་བདར་བ་བས་འཕུལ་ཙམ། །རྣག་བརྟོལ་ཞབས་རྡོལ་སྡེབ་མི་གཅིག །དེ་གཉིས་ནོར་དོགས་ཤིན་ཏུ་ཆེ། །མདུན་དུ་བརྣུར༌༼འཐེན་པའི་མིང༽དང་བརྣབ་སེམས་དང༌། །ངེས་བཟུང་བརྣན་དང་སྦས་པའི་བརྣོགས། །གྲེ་བར་ཟས་ཐོགས་བརྣངས་པ་སོགས། །བརྩེགས་འཕུལ་ཐོབ་པའི་ར་རྣའོ། །ཞིང་གི་རྣང་མ་ཁུག་རྣ་སོགས། །བརྩེགས་འཕུལ་ཐོབ་པ་མ་ཡིན་ནོ། །ཕན་ཚུན་བསྣོལ་དང་བསྣོར་བ་དང༌། །དུས་བསྣུར་ཞིབ་བསྣུར་མཇུག་མ་བསྣར། །དེ་དག་བ་འོག་སར་བཏགས་བསྣ། །ཆུ་ཡི་རྦ་རླབས་གསང་བའི་སྦ། །མགུལ་རྒྱན་ལྦ་གསུམ་རིམ་བཞིན་དུ། །ར་ས་ལ་ཡི་འོག་ཏུ་གདགས། །ནོར་མེད་སྤྲང་དང་སྦྲང་རྩི་དང༌། །ལྷ་ཡི་སྤྲུལ་དང་གདུག་སྦྲུལ་དང༌། །ལག་པའི་སྤར་མོ་མེ་སོགས་སྦར། །མཛེས་པའི་སྤ་དང་གསང་བའི་སྦ། །ཕུང་པོར་སྤུངས་དང་དམ་བཅའི་སྦུངས། །མེ་གསོའི་སྤྲ་དང་དབུབ་བྱའི་སྦྲ། །རྒྱན་གྱིས་སྤུད་དང་མེ་ཆས་སྦུད༼སྦུད་པ་ལྟ་བུ༽། །རིན་ཆེན་སྤུག་དང་ཕུག་གི་སྦུག །ལྷུང་བཟེད་ཁ་སྦུབ་སྦུ་གུའི་སྦུབས། །ཐགས་ཀྱི་སྤུན་དང་ཤུན་པའི་སྦུན། །གནས་ནས་སྤགས་དང་འདྲེས་པའི་སྦགས། །ཉེས་པ་སྤངས་དང་རྟ་སྦངས་རྣམས། །རིམ་བཞིན་སྡེ་པ་བཞི་པ་ཡི། །དང་པོ་གསུམ་པའི་པ་བར་བྲི། །སྔོན་ཆད་ནོར་བ་མང་སྣང་བས། །ད་ནི་མ་ནོར་བྲི་བ་གཅེས། སྤ་དབྱུག་སྦ་དབྱུག་གཉིས་ཀ་རུང༌། །འདི་ནི་གདམ་ང་མ་ཡིན་ཞིང༌། །ཤིང་རིགས་སོ་སོའི་མིང་ཡིན་ནོ། །རྒྱས་པར་མཐའ་དཔྱོད་སྐབས་སུ་འཆད། །ལུས་སྦྲིད་ཉིས་སྦྲགས་ར་མདའ་སྦྲོན། །འདི་ཡང་སྡེ་པ་བཞི་པ་ཡི། །ཝ་རུ་འབོད་རྒྱུའི་བ་ཡིག་ཡིན། །རྨེག་མེད་གོང་རྨེད་བལ་རྨེལ་རྣམས། །ར་ཡིག་ཀླད་དུ་བཀུར་བའི་མ། །དྲིས་པའི་རྨེད་ནི་ར་རྨེད་ཡིན། །འདྲི་བྱེད་སྨེད་ནི་ས་སྨེད་དོ། །སྨེ་ཤ་ཅན་ཡང་དེ་བཞིན་ནོ། །བཙོག་པའི་དམེ་ནི་དས་འཕུལ་ཅན། །གཞན་ལ་སྨོད་པ་ས་མགོ་ཅན། དམོད་པ་འདོར་བ་ད་ཡིས་འཕུལ། །མུན་པའི་སྨག་ནི་ས་མགོ་ཅན། །འཐབ་པའི་དམག་ནི་ད་ཡིས་འཕུལ། །བུ་མོའི་མག་པ་མག་རྐྱང་ངོ༌། །གཞན་ལ་བཀའ་སྩལ་ས་སྩལ་ཡིན། །ལུས་ཀྱི་རྩལ་སྟོབས་ར་རྩལ་ལོ། །དེ་བཞིན་སྩོལད་ཅིག་ས་སྩོལ་ཡིན། །འབད་རྩོལ་རྩོལ་སོགས་ར་རྩོལ་ལོ། །དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་བཤད་སྐྱ་རེངས་གསར་པ་ལས་མགོ་ཅན་ལ་འཁྲུལ་བ་སྤོང་བའི་ལེའུ་དང་པོའོ།། །།
 སྨྲས་པ། ༼རིགས་པའི་རྒྱུ༽མཚན་ཉིད་ལྡན་པའི་བཤེས་གཉེན་དམ་པ་མཆོག །བསམ་དང་སྦྱོར་བས་བསྟེན་ཚུལ་མ་ལོག་པས། །ཚུལ་འདི་འཆད་དང་རྩོམ་ལ་འཇུག་པ་ལ། །འཚེར་མེད་སྨྲ་བའི་སྤོབས་པ་གཟེངས་སུ་མཐོ། །༼གཟུགས་ཅན་གྱི་རྒྱན༽ལེགས་བཤད་རྫིང་བུ་ཆུ་སྐྱེས་དགའ་ཚལ་འདིར། །བློ་གསལ་ངང་མོ་ར་ཡིག་གཉིས་པའི་ཚོགས། །མི་ཤེས་དྲི་འཁྲུད་སྦྲང་རྩི་འཐུང་བཞིན་དུ། །རྩེད་འཇོའི་འཕུར་ལྡིང་རོལ་བའི་དུས་འདའ་རིགས། །༼རབ་སྤེལ༽སློབ་དཔོན་ཐུ་མིའི་དགོངས་པ་ཇི་བཞིན་པ། །བདག་གི་བློ་དང་ཡིད་གཅུགས་མཛའ་བ་འདི། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ཞགས་པའི་འོད། །འགྲོ་བ་མི་གཏོང་དམ་པོར་འཁྱུད་པ་བཞིན། །༼ཆོས་དཔེ༽བོང་བ་གསེར་གཟིགས་ཆགས་བྲལ་སྐྱེ་བོ་ལ། །མཉམ་གཞག་རོ་མྱོང་ཉིད་ལས་གཞན་ཡོད་མིན། །དེ་བཞིན་ཡིག་དོན་དཔྱོད་པའི་གཏམ་དེ་ལས། །བདག་ལ་བྱ་བ་ཅུང་ཟད་ཡོད་མ་ཡིན། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
 ད་ནི་འདོགས་ཅན་བཤད་པ་ལ། །ཆུ་སོགས་སྐྱོམས་པ་ཀ་སྡེར་གཏོགས། །ངོམ་པའི་སྤྱོམས་ནི་པ་སྡེར་གཏོགས། །དེ་བཞིན་ཟས་སྐྱུགས་བསྐྲད་པའི་སྤྱུགས། །ཆུ་དང་མཚོ་སོགས་བསྐྱིལ་བ་དང༌། །ཁང་ཆུང་སྤྱིལ་བུ་ལ་སོགས་པ། །སྡེབ་གཅིག་བྲི་ན་ཤིན་ཏུ་ནོར། །དུས་བཞིའི་དབྱར་ནི་བ་ཡིག་ཡིན། །བརྙན་པོའི་གཡར་ནི་ཡ་ཡིག་གོ །འཐབ་མོ་འགྱེད་ལ་ག་ཡིག་བྲི། །མཛོད་སྒོ་འབྱེད་ནི་བ་ཡིག་གོ །གྱེན་དུ་འཕྱུར་ལ་ཕ་ཡིག་བྲི། །སྐྱུར་ཁུ་འཁྱུར་བ་ཁ་ཡིག་གོ །དེ་བཞིན་ནོར་བའི་འཕྱུགས་པ་དང༌། །གློག་འོད་འཁྱུག་པ་ཤེས་པར་བྱ། །ལྟོགས་པའི་བཀྲེས་དང་ན་ཚོད་བགྲེས། །ཡེ་གེ་སོ་སོར་ཐོབ་པ་ཡིན། །མཚོན་ཆའི་གྲི་ནི་ག་གྲི་ཡིན། །སྣ་ཡུལ་དྲི་ནི་ད་དྲིའོ། །ལམ་རྒྱུས་འགྲུལ་པ་ག་འགྲུལ་ཡིན། །དེ་བཞིན་ནས་གྲོ་སྔ་དྲོ་དང༌། །ཟས་སྣོད་གྲོད་དང་ལུས་ཀྱི་དྲོད། །འགྱེལ་བའི་འགྲེད་དང་དུད་འགྲོ་འདྲེད། །དངར་བསྒྲིགས་གྲལ་དང་རལ་བའི་དྲལ། །བརྩི་བྱའི་གྲངས་དང་གདན་དྲངས་སོགས། །ཚིག་དོན་གཉིས་ཀ་མི་འདྲ་ཞིང༌། །མཛའ་བའི་གྲོགས་ནི་ག་གྲོགས་ཡིན། །ཁུར་པོའི་དྲོགས་ནི་ད་དྲོགས་སོ། །གྲོགས་དང་འགྲོགས་ཀྱང་ཞེད་ནས་འདྲོགས། །ཞེས་པ་ལྟ་བུ་འཕུལ་ཐོབ་པའི། །སྐབས་ཀྱང་ཡོད་པ་ཤེས་དགོས་སོ། །མཚུངས་པའི་རིགས་འགྲེ་ག་འགྲེ་ཡིན། །གནོད་བྱེད་འདྲེ་དང་ཆེས་ཐ་དད། །ཆིག་ཐུབ་ཆིག་སྟོང་ལ་སོགས་ལ། །ཙ་རྟགས་འདོགས་པ་མ་ཡིན་ནོ། །འཁྲུངས་པའི་བསྐྲུན་དང་འགྲན་པའི་བསྒྲུན། །རྒྱལ་པོས་བཀྲབས་དང་ཐུན་གྱིས་བྲབ། །དེ་དག་སོ་སོར་ཤེས་དགོས་སོ། །ག་གྲིལ་ཐུམ་གྱིས་གྲིལ་བའི་མིང༌། །ད་དྲིལ་གཅིག་ཏུ་དྲིལ་བའི་མིང༌། །ཀླན་ཀ་ཀླད་པ་ཀླ་ཀློ་དང༌། །འབྱམས་ཀླས་བཀླག་བྱ་ཀློག་པ་དང༌། །ཀླག་ཅོར་ཆུ་ཀླུང་གོས་ཀླུབས་རྣམས། །སྡེ་པ་དང་པོའི་དང་པོར་བྲི། །ནམ་མཁའི་གློག་དང་ཁ་གདངས་གླལ། །གླགས་ལྟ་གླགས་རྙེད་གླུམ་བཅོས་དང༌། །གཏམ་གླེང་གླིང་བཞི་གློས་ཕབ་ཉལ། །གླེགས་བམ་སྒོ་གླེགས་ལ་སོགས་པ། །སྡེ་པ་དང་པོའི་གསུམ་པར་བྲི། །དེ་ཕྱིར་ཀླུ་གཉན་གླུ་སྙན་རྣམས། །ཡིག་དོན་གཉིས་ཀ་གཏན་མི་གཅིག །དབའ་ཀློང་ངག་སྒྲོན་དགོངས་པ་ཡིན། །གཞན་དུ་རྦ་ཀློང་མང་ཞིག་སྣང༌། །གདམ་ང་ཡིན་མིན་བརྟག་པར་བྱ། །འཛར་བའི་རླུག་ནི་ར་རླུག་ཡིན། །ལྡུགས་པའི་བླུགས་ནི་བ་བླུགས་སོ། །རྐང་པས་གླེབས་དང་གནས་སུ་སླེབ། །མ་འདྲེས་སོ་སོར་དབྱེ་བར་བྱ། །བཟླུམས་ནི་ཚོགས་པ་བཟླུམས་པའི་མིང༌། །བསྡུམ་ནི་འགྱེད་པ་བསྡུམ་པའི་མིང༌། །དེས་ན་དབྱེན་བསྡུམ་མཆོད་རྟེན་ལ། །དབྱེན་བཟླུམས་མཆོད་རྟེན་བྲིས་ཀྱང་འཐད། །ལག་སོར་ཟླུམ་ལ་ལག་ཟླུམ་ཟེར། །དེ་ཕྱིར་དེ་གཉིས་ཐ་དད་དོ། །བཅྭ་ལྔ་བཅྭ་བརྒྱད་ཅེས་འོག་ཏུ། །བ་ཡིག་འདོགས་པ་མི་འཐད་དེ། །རྒྱུ་མཚན་གཞན་དུ་འཆད་པར་འདོད། །དེས་ན་རྣ་རུ་ཅན་དུ་བྲི། །དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་པར་བཤད་པ་སྐྱ་རེངས་གསར་པ་ལས་འདོགས་ཅན་གྱི་འཁྲུལ་བ་སྤོང་བའི་ལེའུ་གཉིས་པའོ།། །།
སྨྲས་པ། ༼རབ་རྟོག་དཔེ༽ལུས་ཅན་དབང་དུ་སྡུད་པའི་འཕྲིན་ལས་ཀྱི། །བྱེད་པོ་ང་ཞེས་ཡོངས་འདུའི་དབང་པོ་ཁྱོད། །ང་རྒྱལ་མཆོག་གི་མཐའ་ལ་ཅི་སྟེ་འཛེག །གཏམ་གསར་འདིས་ཀྱང་མཁས་མང་སྡུད་ལ་ལྟོས། །༼ཕྲེང་བའི་གསལ་བྱེད༽ཆོས་རྒྱལ་མེས་པོས་ཡི་གེ་བཟོས་པའི་མཐུས། །སྐད་གཉིས་སྨྲ་རྣམས་དམ་ཆོས་ལེགས་པར་བསྒྱུར། །དེ་ཡིས་ཀློག་པ་ཐོས་བསམ་འཁོར་ལོ་སྟེ། །ཀློག་པས་ལུང་རྟོགས་བསྟན་པ་ཉམས་མེད་འཕེལ། །༼དངོས་པོའི་དཔེ༽ཁ་དྲག་དཔུང་གིས་འཕྲོག་པར་མི་ནུས་པའི། །ཀླུ་དབང་གཙུག་གི་ནོར་བུ་རིན་ཆེན་ལྟར། །གཏམ་བཟང་འདི་ཡང་བེམ་ཆོས་རང་བཞིན་གྱི། །གསེར་དངུལ་རིན་ཆེན་ཟོང་གིས་ཉོ་བྱ་མིན། །༼གཏན་ཚིགས་ཀྱི་ལྡོག་པ་ཅན༽མཆན་དང་སྡོམ་བསྡུས་འབྲུ་ནོན་རྒྱས་བསྡུས་སོགས། །ལེགས་པར་བཤད་པའི་དག་ཡིག་མི་ཉུང་མོད། །མཐའ་དཔྱོད་རིགས་པས་དག་ཐེར་མེད་པའི་ཕྱིར། །ལེགས་བཤད་གསར་པ་འདི་ལས་ཅུང་ཟད་དམན། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
 ད་ནི་འཕུལ་ཡིག་བཤད་པ་ལ། །འཕུལ་ཡིག་ལྔ་པོ་དེ་ལས་ནི། །ག་ད་བ་ཡི་སྔོན་འཇུག་གསུམ། །བྱ་བྱེད་དབང་གིས་ཐོབ་པ་དང༌། །འདོར་དགོས་སྐབས་སོགས་ཤིན་ཏུ་མང༌། །མིང་དུ་གྲུབ་པའི་རིགས་རྣམས་ལ། །རང་རང་སྔོན་འཇུག་རྒྱུན་དུ་གཅེས། །དེ་ཕྱིར་འདིར་ཡང་མིང་རྐྱང་ཙམ། །འགའ་ཞིག་བརྗོད་ཀྱི་མཐའ་དག་མིན། །དེ་ལ་ག་ཡིས་འཕུལ་ཡིག་ནི། །སུམ་ཅུའི་ཅུ་ནི་ཅུ་རྐྱང་ཡིན། །འཁྱོག་པོའི་གཅུ་ནི་ག་ཡིས་འཕུལ། །དེ་བཞིན་ཅལ་ཅོལ་གཅལ་ཏུ་བཀྲམ། །དེའི་ཚིག་བླ་དྭགས་མིང་གིས་གདགས། །ལོང་ཡོད་དལ་དང་ཁྱབ་གདལ་དང༌། །སྡོམ་པ་ནོད་དང་གཞན་ལ་གནོད། །རང་བཞིན་ནག་པོ་ཤིན་ཏུ་གནག །འདས་པའི་ཞིག་པ་བརྟག་གཞིག་དང༌། །ལུས་ཟུངས་དྲས་དྲུབ་གཟུངས་༼འདུལ་བ་ལས་དྲའོ་དྲུབ་བོ་གཟུངས་བཏབ་བོ་ལྟ་བུའོ༽བཏབ་དང༌། །ལོ་སྙིང་ཡོས་དང་ཟས་གཡོས་དང༌། །སེམས་ཡེངས་པ་དང་རྣམ་གཡེང་དང༌། །ཡུང་ང་དང་ནི་གཡུང་དྲུང་དང༌། །མིག་གི་ཡུལ་དང་གཡུལ་སྤྲོད་གཡུལ། །ཁང་པའི་མདའ་ཡབ་དབུབ་བྱའི་གཡབས། །མདུན་དུ་ཤོག་དང་འདབ་གཤོག་དང༌། །ལག་ནས་ཤོར་དང་དབུ་སྐྲ་གཤོར། །ཉུག་རུམ་སྤོས་ཉུག་གཉུག་མའི་སེམས། །ཤིས་བརྗོད་བཀྲ་ཤིས་གཤིས་ལུགས་དང༌། །ཁ་དོག་སེར་དང་རིན་ཆེན་གསེར། །སོག་པོའི་མི་ལ་གསོག་རྫུས་མེད། །དེ་རྣམས་འཕུལ་ཡིག་མེད་པ་དང༌། །ཡོད་པའི་ཚུལ་གྱི་ས་བོན་ཙམ། །གཞན་ཡང་གཅོམ་སྐྱུངས་གདགས་སྲིབས་དང༌། །གཤོག་རྩལ་གཤོལ་མདའ་གཡའ་གསང་དང༌། །མིག་གཡོར་མཉེས་གཤིན་སྙུན་གདངས་དང༌། །དྲིན་གཟོ་གཅན་གཟན་སྦས་གསང་སོགས། །གས་འཕུལ་མིང་མཐའ་བརྗོད་མི་ལང༌། །ལན་ཅིག་ཐང་ཅིག་ཁ་ཅིག་དང༌། །ལྷན་ཅིག་སྐད་ཅིག་ཐབས་ཅིག་དང༌། །ཅིག་ཅར་ཅིག་ཤོས་རྣམས་ལ་ནི། །ག་ཡིས་འཕུལ་ཡིག་དོར་བར་བྱ། །དེ་བཞིན་༼ཉིས་རིམ༽ཉིས་འགྱུར་ཉིས་ལྡབ་དང༌། །ཉིས་བརྒྱ་སུམ་བརྒྱ་སུམ་ཅུ་ཡང༌། །འཕུལ་མེད་བྲི་བའི་སྲོལ་ཡོད་དོ། །
 ད་ནི་དས་འཕུལ་བཤད་པ་ལ། །གླང་ཆེན་ཐལ་ཀར་དཀར་ཆག་དང༌། །ཀླད་ཀོར་པད་ཀོར་དཀོར་རྫས་དང༌། །བྱ་གག་དང་ནི་དགག་དབྱེ་དང༌། །ཟུར་གྱི་གྲྭ་དང་གནོད་བྱེད་དགྲ། །རི་ཡི་ངོས་དང་དངོས་པོ་དང༌། །ལྟོ་བའི་པང་དང་གཟུ་དཔང་དང༌། །སྤོས་ཀྱི་པོག་དང་རྗེས་སུ་དཔག །ཤིང་བལ་དང་ནི་མེ་དབལ་དང༌། །འཇལ་བྱེད་བྲེ་དང་བཙོག་པའི་དབྲེ། །འགོར་བའི་བུལ་དང་བཀྲེན་པའི་དབུལ། །དབང་པོའི་མིག་དང་བུ་གའི་དམིག །རྒྱུད་མངས་དང་ནི་དམངས་རིགས་དང༌། །འབྲི་ཡི་མར་དར་ཁ་དོག་དམར། །གཞན་ཡང་ཞོ་དཀྲུགས་རོལ་མོ་དཀྲོལ། །དཀའ་ཐུབ་དགུང་སྔོན་དཔྱ་ཁྲལ་དང༌། །དཔྱིས་ཕྱིན་དཔུང་ཆུང་ལ་སོགས་པ། །གཞན་དུ་ཤེས་པར་བྱ་བ་མང༌། །
ད་ནི་བས་འཕུལ་བཤད་པར་བྱ། །ཐོབ་སྐལ་ཆགས་འཇིག་བསྐལ་པ་དང༌། །རོ་ཁ་སྐྱུར་དང་རྒྱབ་ཏུ་བསྐྱུར། །སྐུར་བ་འདེབས་དང་ཡིག་བསྐུར་དང༌། །སྒོས་ཀྱི་དོན་དང་བག་ཆགས་བསྒོས། །ལུས་ཀྱི་རྒྱབ་དང་དབྱུག་པ་བརྒྱབ། །དྲེགས་པས་རྒྱགས་དང་བརྒྱགས་ཕྱེ་དང༌། །དྲུང་གི་གམ་དང་ཚོད་བགམ་དང༌། །སྣོད་ཀྱི་སྒམ་དང་ཟབ་པའི་བསྒམ། །སྤྱང་པོའི་སྒྲིན་དང་འགྲན་པའི་བསྒྲིན། །མཁས་པའི་གྲུང་པོ་རྙོག་མ་བགྲུངས། །སུམ་ཅུ་དང་ནི་བཞི་བཅུ་དང༌། །དྲུག་ཅུ་དང་ནི་ལྔ་བཅུ་དང༌། །བདུན་ཅུ་དང་ནི་དགུ་བཅུ་དང༌། །བརྒྱད་ཅུ་དང་ནི་སྐྱོགས་ཀྱིས་༼མ་འོངས་པ༽བཅུ། །ལག་པའི་རྗེས་དང་ཕན་ཚུན་བརྗེས། །བཀུར་བཟོའི་རྗེད་དང་བསྐྱུད་པའི་བརྗེད། །སྙོན་མོངས་༼ཉོན་མོངས་ཀྱི་བྱེད་ལས༽དང་ནི་བསྙོན་འདོར་དང༌། །སྙུང་ངུར་བྱས་དང་བསྙུང་གཞི་དང༌། །སྙད་འདོགས་པ་དང་བཤད་པའི་བསྙད། །མི་འགྱུར་རྟག་དང་བརྟག་དཔྱད་དང༌། །དབང་པོ་རྟུལ་དང་བརྟུལ་ཞུགས་དང༌། །གནས་སུ་རྟོལ་དང་རྣག་ཁྲག་བརྟོལ། །སྡིགས་མཛུབ་དང་ནི་གཞན་ལ་བསྡིགས། །ཁང་པའི་སྡུམ་དང་འགྱེད་པ་བསྡུམ། །གཞི་ཡི་རྟེན་དང་དེ་ལ་བརྟེན། །མཚན་མའི་རྟགས་དང་ཀུན་བརྟགས་དང༌། །མང་ཇའི་དོད་དང་འབུར་དུ་བཏོད། །སྐར་མིང་སྣར་མ་མཇུག་མ་བསྣར། །རྒྱུ་མཚན་རྩད་གཅོད་བརྩད་ཅིང་དྲི། །རྩེད་མོ་རྩེ་དང་སྙིང་བརྩེ་དང༌། །རྫུས་ཏེ་སྐྱེས་དང་ཁྲོ་བོར་བརྫུས། །མིག་ཡ་ཞར་དང་སྐྲ་བཞར་དང༌། །མི་ཟད་པ་དང་མི་༼འཇིགས་སུ་རུང་བ༽བཟད་པ། །རྐང་རྗེས་ཤུལ་དང་ལམ་གྱི་བཤུལ། །ཉེས་པ་སེལ་དང་བསེལ་མ༌༼སྐྱེལ་མའི་མིང༽དང༌། །རྨུགས་གཉིད་སངས་དང་སྐྱོ་བསངས་དང༌། །རིགས་རྒྱུད་གདུང་རྒྱུད་འཕུལ་མེད་ཀྱང༌། །སྙན་བརྒྱུད་བླ་བརྒྱུད་བ་ཡིས་འཕུལ། །ལོ་རྒྱུས་ལམ་རྒྱུས་འཕུལ་མེད་ཀྱང༌། །ཕྲེང་བརྒྱུས་སྐུད་བརྒྱུས་འཕུལ་ཐོབ་བོ། །མིག་གིས་ལྟོས་ཤིག་འཕུལ་མེད་ཀྱང༌། །བལྟོས་ས་བལྟོས་འཇོག་འཕུལ་ཐོབ་བོ། །བཀུར་སྟིའི་སྟི་ལ་འཕུལ་མེད་ཀྱང༌། །བསྟི་སྟང་བསྟི་ལ་འཕུལ་ཐོབ་དགོས། །གཞན་ཡང་སྤ་བཀོང་བརྒྱད་བཀག་དང༌། །བཀའ་བཀྱོན་སྡུག་བསྔལ་རྣམ་པར་བསྔོས། །ཞབས་ཀྱིས་བཅགས་དང་ཕན་ཚུན་བསྡུར། །བཞམས་བསྒོ་ལ་སོགས་མཐའ་མེད་པས། །གསུང་རབ་དག་པ་རྣམས་ལ་ལྟོས། །
 ད་ནི་མས་འཕུལ་ཅུང་ཟད་བཤད། །ཕྱིང་པའི་གུར་དང་མགུར་བཞེངས་དང༌། །དྲེགས་པས་ངར་དང་རོ་མངར་དང༌། །གཤིས་ཀ་ངན་ལ་མངན་བགྲང་དང༌། །གྲི་གུག་ཆན་པ་མཆན་ཁུང་དང༌། །རྒྱལ་པོའི་ཆད་པ་དུར་༼རོ་སྒམ་ལ་ཡང་འཇུག༽གྱི་མཆད། །ཇེ་བཟང་ཇེ་དགའ་ཕོ་མཚན་མཇེ། །ཉེས་པས་ཉེན་དང་རེག་བྱ་མཉེན། །སྟེང་ནས་ཐུར་དང་སྲབ་ཀྱི་མཐུར། །ཚོས་ཀྱི་ཁ་དོག་མདོག་མདངས་དང༌། །ནན་ཏན་བྱེད་དང་འོག་ཏུ་མནན། །ཐམས་ཅད་ཚང་དང་སྐྱོན་གྱི་མཚང༌། །ཁ་མཆུ་ར་མདའ་ར་མཉེ་ལ། །རྗེས་འཇུག་དོར་ནས་སྔོན་འཇུག་སྦྱོར། །གཞན་ཡང་མཁལ་རྐེད་མཁྲང་མཁྲེགས་དང༌། །མགལ་དུམ་མགྲོན་པོ་མངོན་སུམ་དང༌། །མཆེ་བ་མཆིལ་པ་མཆིས་བྲང་དང༌། །མི་མཇེད་ཞིང་དང་ཐུགས་མཉེས་དང༌། །རྒྱ་མཐོངས་མཐའ་མཐིལ་མེ་མདའ་དང༌། །མནའ་མ་མནལ་གཟིམས་ན་བཟའ་མནབས། །དྲི་མ་མནམ་དང་མཚུན་ལྷ་དང༌། །ཁྱིམ་མཚེས་མཚེ་མ་མཚེར་ས་དང༌། །མཛུབ་མོ་མཁས་པའི་མཛངས་ལ་སོགས། །རྒྱ་ཆེར་ཡོད་པ་གཞན་ལས་ཤེས། །
 ད་ནི་འས་འཕུལ་བཤད་པར་བྱ། །དགུན་འབབ་ཁང་དང་གཞན་ལ་འཁང༌། །གཞིབ་བྱའི་ཁུ་བ་གཞན་ལ་འཁུ། །ཁྲབ་རྨོག་གྱོན་ནས་བྲོ་གར་འཁྲབ། །དྲུང་གི་གན་དང་འགན་འཁུར་དང༌། །ས་ཡི་གོང་བུ་སེམས་མི་འགོང༌། །བརྩི་བྱའི་གྲངས་དང་ལྟོ་འགྲངས་དང༌། །སྡེ་ཚན་གྲས་དང་ཞེ་འགྲས་དང༌། །ཉི་མའི་གྲིབ་མ་འཕེལ་འགྲིབ་དང༌། །རིག་པ་གྲིམ་དང་འགྲིམ་འགྲུལ་དང༌། །དཀར་ཡོལ་ཆག་དང་འཆག་སར་འཆག །སྣ་ཆམ་ཕོག་དང་འཆམས་ལྭ་གོན། །ཆོམ་རྐུན་ཇག་པ་རྩྭ་འཇག་མ། །མེ་ཡི་ཐབ་དང་འཁྲུག་པའི་འཐབ། །རིང་མིན་ཐུང་དང་སྐོམ་སྐྱེམས་འཐུང༌། །ལན་ཅིག་ཐེངས་དང་རྐང་པ་འཐེང༌། །སོང་བའི་དོང་དང་འགྲོ་བའི་འདོང༌། །རྒྱ་ཡི་དྲ་བ་མཚུངས་པའི་འདྲ། །མོ་པ་ཕྱྭ་མཁན་འཕྱ་སྨོད་དང༌། །ལྟོ་བའི་ཕང་དང་ཁྲི་འཕང༌༼གོ་འཕང་དབུ་འཕང་སོགས༽རྣམས། །རྣ་རྒྱན་ཕྱང་ཕྲུལ་རྣམ་འཕྲུལ་དང༌། །ཕྱུགས་རྫི་དང་ནི་ནོར་བའི་འཕྱུགས། །ལག་པ་ཕྱི་དང་དུས་འཕྱི་བ། །སོང་བའི་བྱེར་དང་འགྲོ་བའི་འབྱེར། །གཏམ་གྱི་ཚིག་དང་མེ་ཡིས་འཚིག །རྒྱལ་བའི་ཚབ་དང་སྐྱིན་པ་འཚབ། །གཞན་ཡང་འཁྲ་སར་འཁྲེན་པ་དང༌། །འཁྱགས་རོམ་སྙིམ་འཁྱོར་འཁོབས་པ༌༼ཁྱབ་པའི་དོན༽དང༌། །འཆུམས་དང་འཆེལ་དང་ཁས་འཆེས་དང༌། །སེར་སྣའི་འཇུངས་དང་བཞབས་པའི་འཇབས། །འཇིམ་པའི་འཇི་བ་ཞི་འགྱུར་འཇིལ། །རྩ་འཇིང་མཚོ་འཇིང་གྲོགས་སུ་འཐམས། །མགོ་འཐོམ་ཤིང་འདྲུད་མདའ་འཕེན་དང༌། །ནམ་འཕང་གོ་འཕང་འབྲི་དང་འབྲོང༌། །ཚེ་འབྱིད་ཅ་འབྱིད་འབྱངས༌འབྱོངས་༼སྦྱང་བ་སྦྱོང་བ་མཐར་ཕྱིན་པའི་མིང༽དང༌། །གྲལ་དུ་འཚང་དང་ལོངས་པའི་འཚར། །འོད་འཚེར་བློ་འཚེངས་སྣོད་འཛེད་དང༌། །ཆུད་འཛའ་འཛད་འགྱུར་ནོར་བའི་འཛོལ། །འདུ་འཛི་ཕན་ཚུན་འཛིངས་ལ་སོགས། །ཤེས་པར་བྱ་བ་མཐའ་ཡས་སོ། །འདིར་ནི་ས་བོན་ཙམ་བཀོད་ཀྱི། །གཞན་དག་གཞན་ལས་ཤེས་པར་བྱ། །དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་པར་བཤད་པ་སྐྱ་རེངས་གསར་པ་ལས་འཕུལ་ཅན་གྱི་འཁྲུལ་བ་སྤོང་བའི་ལེའུ་གསུམ་པའོ། །
 སྨྲས་པ། ༼འོས་ཤིང་མི་འོས་པའི་དོན་གཞན་བཀོད་པ༽བོད་གཞུང་ཆེན་པོའི་དགོངས་དོན་དཔྱད་དཀའ་མོད། །ཡི་གེ་ཙམ་གྱི་དོན་ནི་ཅི་སྟེ་དཀའ། །བག་ཆགས་སྲབ་པའི་རིགས་ལ་དེ་འོས་ཤིང༌། །སྔོན་སྦྱངས་ལས་འཕྲོ་ཅན་ལ་མ་ཡིན་ནོ། །༼གཞི་གཅིག་གི་བྱེད་པ་འགལ་བ༽ཚུལ་འདི་མཁས་པའི་སྤྱན་ལ་ཐོགས་གྱུར་ན། །ཤེས་འདོད་དོན་ལ་བློ་སྐྱེད་མང་དུ་འཕེལ། །འགྲན་སེམས་ཅན་གྱིས་བལྟས་ཚེ་སེམས་འཁྲུགས་ནས། །སྔར་ཤེས་ཡོན་ཏན་དག་ཀྱང་ཉམས་པར་འགྱུར། །༼བསྟོད་པའི་མཚུངས་སྦྱོར༽ཟླ་བས་དགའ་སྐྱེད་ཉི་མས་གསལ་བར་བྱེད། །ལྷོ་རླུང་བསིལ་སྟེར་ལུང་གི་བསྟན་པ་ཡང༌། །འགྲོ་བའི་ཕན་བདེ་སྒྲུབ་བྱེད་ཡིན་ནོ་ཞེས། །ཡིད་ལ་བརྣག་སྟེ་ཚོགས་གསུམ་ཞིབ་ཏུ་སྦྱངས། །༼སྨད་པའི་མཚུངས་སྦྱོར༽སྒྱུ་མའི་ན་ཆུང་རི་མོའི་མར་མེ་དང༌། །ཤོག་བུས་བཟོས་པའི་བཅོས་མའི་མེ་ཏོག་དང༌། །བླུན་པོས་བསྒྲིགས་པའི་དག་ཡིག་སྡོམ་ཚིག་སོགས། །མིག་སྔར་མཛེས་ཀྱང་དགོས་དོན་བསླུ་བ་མང༌། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
 ད་ནི་འཕུལ་ཅན་ནང་ཕན་ཚུན། །ཅུང་ཟད་ནོར་འཁྲུལ་བཤད་པར་བྱ། །དྲི་ཞིམ་བདའ་བ་བ་ཡིས་འཕུལ། །ཡོད་པའི་གདའ་ནི་ག་ཡིས་འཕུལ། །དེ་བཞིན་གཏུགས་བཤེར་རླན་གྱི་གཤེར། །བཟའ་བ་བཟས་ཟིན་བརྡེག་པར་གཟས། །ཆང་གིས་བཟི་དང་ནོར་བུ་གཟི། །ཆོས་གོས་བཟོ་དང་བཀའ་དྲིན་གཟོ། །བསྲན་ཐུབ་བཟོད་དང་ད་གཟོད་དང༌། །བྱ་བ་བཤོལ་དང་ཐོང་གཤོལ་དང༌། །གསོལ་བའི་བཞེས་དང་བཞུགས་པའི་གཞེས། །གཞུ་རྒྱུད་བདུང་དང་རུས་ཀྱི་གདུང༌། །ས་དམར་བཙག་དང་ཁྲག་གཏར་གཙག །སྔུན་ནས་བསུས་དང་གསུས་པ་སྦོ། །ཐུབ་པའི་བཏུབ་དང་དུམ་བུར་གཏུབ། །སྐྱོགས་ཀྱིས་བཅུས་དང་འཁྱོག་པོར་༼འདས་པ༽གཅུས། །གཞན་ཡང་བཞོན་པ་ན་ཚོད་གཞོན། །རྟ་ལ་ཞོན་པ་ཞོན་རྐྱང་ངོ༌། །རླན་གྱི་བཞའ་དང་འཇའ་ཚོན་གཞའ། །ཞ་བོའི་ཞྭ་མོ་ཞ་རྐྱང་ངོ༌། །མར་ཁུ་བཞུ་དང་གནམ་རུའི་གཞུ། །འཚམས་ཞུ་བྱེད་པ་ཞུ་རྐྱང་ངོ༌། །འཇིབ་པའི་བཞིབས་དང་བསྒྲིགས་པའི་གཞིབས། །ཞིབ་ཏུ་དཔྱོད་པ་ཞིབ་རྐྱང་ངོ༌། །གྲང་བའི་བསིལ་དང་དུམ་བུར་གསིལ། །རོལ་མོ་སིལ་སྙན་སིལ་རྐྱང་ངོ༌། །ཞིམ་པའི་དྲི་བསུང་རྒྱལ་བའི་གསུང༌། །རུལ་བའི་སུང་ནི་སུང་རྐྱང་ངོ༌། །བདུག་སྤོས་བདུག་དང་གདུག་པ་ཅན། །གསོད་བྱེད་དུག་ནི་དུག་རྐྱང་ངོ༌། །སྤུངས་པའི་བཅེར་དང་ལུས་གཅེར་དང༌། །སྐྲ་མེད་སྤྱི་ཅེར་ཅེར་རྐྱང་ངོ༌། །བསེར་བུའི་རླུང་དང་རིན་ཆེན་གསེར། །ཁ་དོག་སེར་པོ་སེར་རྐྱང་ངོ༌། །འཁར་གསིལ་ཡིན་གྱི་མཁར་བསིལ་མིན། །ཁ་གསག་ཡིན་གྱི་ཁ་བསག་མིན། །ནེའུ་གསིང་ཡིན་གྱི་ནེའུ་བསིང་མིན། །གསོག་འཇོག་འཐད་ཀྱི་བསོག་འཇོག་ནོར། །ཚ་གསུར་འཐད་ཀྱི་ཚ་བསུར་ནོར། །ལུས་གསིག་ཡིན་གྱི་ལུས་བསིག་མིན། །བཤང་ལམ་ཡིན་གྱི་གཤང་ལམ་འཁྲུལ། །སྐུ་གཞོགས་འཐད་ཀྱི་སྐུ་བཞོགས་མིན། །དེ་ཡིས་བ་དང་གས་འཕུལ་བའི། །དབྱེ་བསྲེས་ཅུང་ཟད་འབྱེད་ནུས་སོ། །གཞན་ཡང་འཁོས་ཆུང་མཁོས་ཕབ་དང༌། །མགུལ་ནས་འཁྱུད་དང་དཔེ་མཁྱུད་དང༌། །རྒྱ་མཚོའི་འཇིང་དང་སྐེ་ཡི་མཇིང༌། །ཐོག་མའི་འགོ་དང་ལུས་ཀྱི་མགོ །གཡོ་བའི་འགུལ་དང་མགྲིན་པའི་མགུལ། །ཟད་འགྱུར་འཛད་དང་ཞེ་སའི་མཛད། །ལག་རྟེན་འཁར་བ་རྫོང་བཙན་མཁར། །གཏན་གྱི་འདུན་མ་དྲུང་གི་མདུན། །བློ་ཡིས་འཇལ་དང་བླ་མར་མཇལ། །སྨད་འཚོང་འཇུད་འཐུན་མཛའ་བའི་མཐུན། །གྲལ་དུ་འཚང་དང་སྐྱོན་གྱི་མཚང༌། །ནོར་བའི་འཛོལ་དང་མཛོལ་༼རི་དྭགས་འཛིན་པའི་ཐབས༽བུ་དང༌། །ནང་དུ་འཇུག་དང་རྗེས་མའི་མཇུག །འཆིང་བྱེད་དང་ནི་མཆིང་བུ་དང༌། །རྙི་ལས་འཆོར་དང་རྒྱན་གྱིས་མཆོར། །བྱ་བ་འཚར་དང་ངོ་མཚར་དང༌། །ཆུད་འཛའ་བ་དང་མཐུན་པའི་མཛའ། །དྲི་མ་འདག་འགྱུར་མེ་མདག་དང༌། །འཐིང་སླད་སྨྲ་དང་བྱ་མཐིང་རིལ། །འཚོག་ཆས་ལུས་ཀྱི་མཚོག་མ་དང༌། །ཚོང་པའི་འགྲོན་པོ་འབོད་རྒྱུའི་མགྲོན། །དོན་མེད་གྲོན་ཅན་གྲོན་རྐྱང་ངོ༌། །ཤེས་པའི་འཚལ་དང་ཚོན་རྩིའི་མཚལ། །ནགས་ཚལ་སྐྱེད་ཚལ་ཚལ་རྐྱང་ངོ༌། །ཡུན་རིང་འཚོ་དང་ཆུ་ཡི་མཚོ། །དར་བབ་ལང་ཚོ་ཚོ་རྐྱང་ངོ༌། །ཉི་འོད་འཚེར་ཞིང་ལས་ལ་མཚེར། །ཤིང་གི་ཚེར་མ་ཚེར་རྐྱང་ངོ༌། །ཟས་རིགས་སྣུམ་འཁུར་ཟ་འགྲམ་མཁུར། །རྒྱབ་ཏུ་ཁུར་བ་ཁུར་རྐྱང་ངོ༌། །འདུ་བའི་ས་ལ་འདུན་ས་ཟེར། །མདུན་གྱི་ས་དང་ཁྱད་པར་ཆེ། །གཞན་ཡང་གང་འཚམ་བློ་དང་འཚམ། །འཚམས་ཞུ་བྱེད་པ་འ་ཡིས་འཕུལ། །བར་མཚམས་ཐུན་མཚམས་ཕྱོགས་མཚམས་དང༌། །ས་མཚམས་ཉིང་མཚམས་སྦྱོར་བ་རྣམས། །མ་ཡིས་འཕུལ་ཞེས་ཁོ་བོས་སྨྲ། །ཁ་ཅིག་དེ་ལས་ལྡོག་སྟེ་སྨྲ། །གང་འཐད་མཁས་པས་བརྟག་པར་བྱ། །དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་བཤད་སྐྱ་རེངས་གསར་པ་ལས་འཕུལ་ཡིག་ཕན་ཚུན་ལ་འཁྲུལ་བ་སྤོང་བའི་ལེའུ་བཞི་པའོ།། །།
 སྨྲས་པ། ༼སྔོན་མེད་བསྡུས་བརྗོད༽ཚ་གདུང་སེལ་བའི་བསིལ་ཟེར་མི་སྤྲོ་ཞིང༌། །པད་དཀར་ཚོགས་ཀྱང་རྣམ་པར་འབྱེད་བྱེད་པའི། །ཀྱེ་མ་རི་དྭགས་ཀྱིས་མཛེས་ཟླ་བ་ནི། །ནག་པོའི་ཕྱོགས་ལ་རིམ་གྱིས་འགྲིབ་པར་འགྱུར། །༼རབ་རྟོག་གི་དཔེ༽ཐུབ་བསྟན་ལང་ཚོའི་འཕེལ་འགྲིབ་མཚོན་པའི་ཆེད། །ཟླ་ཁྱོད་གོམ་པ་སྐྱེད་ལ་བྲེལ་མི་དགོས། །ལམ་བཟང་ལུང་སྟོན་ཚོགས་གསུམ་དག་པའི་གཟུགས། །ཕྱོགས་འདིར་ནུབ་པ་ལ་ཡང་དེ་ཡོད་ཕྱིར། །༼བསྡུས་པའི་དཔེ༽དེང་གི་བསྟན་པ་མར་ངོ་བཅུ་བཞི་པའི། །ཟླ་བའི་འཕེལ་དང་འདྲ་ཞེས་བཤུང་བ་འདི། །དྲན་དབང་ནུབ་པ་གཅིག་པུས་མཚུངས་པ་མིན། །བསྟན་རྩ་ཡིག་སྲོལ་ཉམས་པ་འདིས་ཀྱང་ངོ༌། །༼དེ་ཉིད་བརྗོད་པའི་དཔེ༽ཡི་གེ་འདི་ནི་མིང་ཡིན་སྒྲོན་མེ་མིན། །མིག་ཡངས་སྟོན་བྱེད་ཡིན་གྱི་དམིགས་བུ་མིན། །བསླབ་གཞི་ཡོན་ཏན་མ་ལུས་སློབ་པ་ཡང༌། །བརྩོན་འགྲུས་མ་ཡིན་ཡི་གེའི་དྲིན་ཁོ་ན། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
 ད་ནི་རྗེས་འཇུག་བཤད་པར་བྱ། །རྗེས་འཇུག་བཅུ་ལས་ད་ས་གཉིས། །ཡང་འཇུག་ཡིན་ཞིང་ལྷག་མ་བརྒྱད། །རྗེས་འཇུག་ཙམ་གྱི་ཐ་སྙད་བྱ། །འདིར་ནི་ས་ཡི་འཇུག་ཚུལ་བཤད། །གཞན་དག་ཞར་ལས་ཤེས་པར་བྱ། །སྐྱེ་འགྱུར་སྐྱེ་ལ་ས་མཐའ་དབྱི། །སྐྱེས་ཟིན་སྐྱེས་ལ་ས་མཐའ་སྦྱོར། །དེ་བཞིན་སོ་སྐྱེ་སྐྱེས་བུ་དང༌། །འཁྲི་ཤིང་དང་ནི་ཚིག་འཁྲིས་དང༌། །ཆུང་མིན་ཆེ་དང་ཡིད་ཆེས་དང༌། །མདའ་རྟེན་གཞུ་དང་ལྕག་གིས་གཞུས། །གསེར་གྱི་རི་དང་རིས་སུ་བོར། །ལྕགས་ཀྱི་བཙའ་དང་ཞིང་གི་བཙས། །སྐུངས་པའི་གཞའ་དང་གླུ་ལེན་གཞས། །བྱ་བའི་བགྱི་དང་བྱས་པའི་བགྱིས། །གཉེན་གྱི་སྲུ་མོ་ནས་ཀྱི་སྲུས། །དེ་བཞིན་རྒྱུ་དང་ལོ་རྒྱུས་དང༌། །སྐྱབས་སུ་མཆི་དང་ཡོད་པའི་མཆིས། །ཐུགས་རྗེ་ཆོས་རྗེ་ཞབས་རྗེས་དང༌། །ཉེ་རིང་ཉེ་དུ་ཉེས་པ་དང༌། །གནོད་བྱེད་འདྲེ་དང་མཉམ་བསྲེས་འདྲེས། །ཡུལ་གྱི་གཞི་དང་གཞིས་ཀ་དང༌། །དམུ་རྒོད་དམུ་དང་དམུས་ལོང་དང༌། །འཛིན་སྤྱད་ཡུ་བ་བདེན་པའི་ཡུས། །སྲོག་ཆགས་བྱི་བ་བྱིས་པ་ཆུང༌། །གྲངས་ཀྱི་བྱེ་བ་བྱེས་སུ་འགྲོ། །ཚེ་རིང་ཚེ་དང་ཟླ་ཚེས་དང༌། །མཉམ་སྐྱེས་མཚེ་མ་ཁྱིམ་མཚེས་དང༌། །རྨ་རིགས་མཛེ་དང་ལེགས་པའི་མཛེས། །དེ་དག་ས་མཐའ་མེད་པ་དང༌། །ཡོད་པས་རབ་ཏུ་ཕྱེ་བ་ཡིན། །དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་བཤད་སྐྱ་རེངས་གསར་པ་ལས་ས་མཐའ་ཡོད་མེད་ལ་འཁྲུལ་བ་སྤོང་བའི་ལེའུ་ལྔ་པའོ།། །།
 སྨྲས་པ། ༼མཆོག་གི་ངེས་བསྟན༽ཇི་སྙེད་ཤེས་བྱ་ཚོགས་གསུམ་རྣམ་དག་གིས། །རབ་ཏུ་གསལ་བར་བྱེད་པ་མཚོན་སླད་དུ། །ནམ་མཁའི་ནོར་བུ་འོད་སྟོང་རབ་བཀྱེ་སྟེ། །གླིང་བཞིའི་མུན་པ་སེལ་བའི་སྣང་བ་འཛིན། །༼སྔ་ནས་མེད་པའི་རྒྱུ༽རིག་པའི་གནས་འདི་སྦྱང་རིན་མེད་ཅེས་དོར། །མཁས་པར་མ་དྲིས་ཐེ་ཚོམ་ཡོངས་མ་བསལ། །བསླབ་པར་འོས་པ་མ་སྦྱངས་སྐྱེས་བུ་འགའ། །བླུན་པོའི་གོ་ས་ཐོབ་འདི་སྐལ་བ་ཕྲ། །༼རྒྱུའི་གཟུགས་ཅན༽འདི་ནི་དོན་ལ་དཀྲི་ཕྱིར་དམིགས་བུ་སྟེ། །ཐར་ལམ་དམ་པར་བསུ་ཕྱིར་གྲོགས་ཀྱི་མཆོག །མཁས་རྣམས་མགུ་བ་བསྐྱེད་པས་སྐྱེས་ཀྱི་ཕུལ། །མ་དག་རྙོག་མ་བགྲུང་ཕྱིར་ཀེ་ཏ་ཀ །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
 ད་ནི་ཡང་འཇུག་བཤད་པར་བྱ། །སྤྱང་པོའི་གྲུང་དང་རྙོག་མ་གྲུངས། །ཉིན་ཞག་ཚིལ་ཞག་འཆིང་བྱེད་ཞགས། །ཞིང་ལས་སོ་ནམ་བསོད་ནམས་དང༌། །ནད་རོ་དྲག་དང་ཐལ་བའི་དྲགས། །ཚིག་གི་གཏམ་དང་བྱུར་བུར་གཏམས། །གོ་འཕང་དང་ནི་མདའ་རྡོ་འཕངས། །འཕོང་སྐྱེན་དང་ནི་ལུས་སྨད་འཕོངས། །ཐུང་མིན་རིང་དང་བྲེལ་བའི་རིངས། །ལྗིད་མེད་ཡང་དང་རྒྱ་ཆེའི་ཡངས། །མིག་གིས་མཐོང་དང་ནམ་མཁའི་མཐོངས། །ཐུན་མོང་དང་ནི་ཉོན་མོངས་དང༌། །ཁོམ་པའི་ལོང་དང་ཚད་ལོངས་པ། །འཁྲིག་པ་སྤྱོད་དང་དུད་སྤྲིན་འཁྲིགས། །ཁོང་དུ་ཆུད་དང་ཁོངས་སུ་གཏོགས། །གཏམ་གྱི་ཚིག་དང་ཚིགས་བཅད་དང༌༼གཏན་ཚིགས། ལྷུ་ཚིགས། དུས་ཚིགས་ཀྱང༽། །བུ་གའི་ཁུང་དང་འབྱུང་ཁུངས་༼ཁུངས་བཙུན་ཡང༽དང༌། །ཤན་འབྱེད་གཟུ་དཔང་མཐོ་བའི་དཔངས། །གཉིས་ཀྱི་ཟུང་དང་ལུས་ཀྱི་ཟུངས། །འགྲོ་འོང་ལས་དང་མ་འོངས་དུས། །སྤང་ལྗོངས་དང་ནི་ཉེས་པ་སྤངས། །ཁང་རུལ་ཤིག་དང་མི་ཤིགས་ཁམས། །རིན་ཆེན་མཆོང་དང་འོབས་ལ་མཆོངས། །གོམ་སྟབས་གོམ་དང་འབྱངས་པའི་གོམས། །བཏུང་བྱའི་ཆང་དང་ཟན་ཆངས་དང༌། །གྲོང་ཁྱེར་གྲོང་དང་ཤི་བའི་གྲོངས། །ལུས་པའི་ལྷག་དང་མདུན་དུ་ལྷགས། །གྲོག་མ་ངམ་གྲོག་མཆེད་གྲོགས་དང༌། །མེ་ཡི་ཐབ་དང་ཐབས་ཤེས་ཐབས། །སང་ཉིན་སང་ཞོགས་གཉིད་ལས་སངས། །ཕྱིན་ཅི་ལོག་དང་ལོགས་སུ་བཀར། །གཡོ་མེད་དྲང་དང་གཞན་དུ་དྲངས། །ཁང་ཆུང་དོག་པོར་ཆུད་ཀྱིས་དོགས། །གདེང་ཐོབ་གདེང་དང་རལ་གྲི་གདེངས། །དྲས་དྲུབ་ཚེམ་དང་ཞལ་གྱི་ཚེམས། །ལས་སུ་རུང་དང་མ་རུངས་པ། །སྣོད་ཀྱི་གཞོང་པ་ལྗོངས་ཀྱི་གཞོངས། །སྒ་སེར་ཡུང་བ་ཡུངས་ཀར་དང༌། །རྟོགས་དཀའི་ཟབ་དང་གཏིང་རིང་ཟབས། །བསིལ་བའི་གྲང་དང་བརྩི་བྱའི་གྲངས། །རུས་པའི་རྩིབ་དང་འཁོར་ལོའི་རྩིབས། །མཁར་གྱི་རྫོང་དང་འབུལ་བའི་རྫོངས། །སོ་ཡི་དྲེག་དང་རྒྱགས་པས་དྲེགས། །སྐས་ཀྱི་གདང་དང་སྐད་ཀྱི་གདངས། །ལག་པའི་ཕྱག་དང་རྡུལ་ཕྱགས་དང༌། །བུ་གའི་དམིག་དང་བློ་ཡིས་དམིགས། །མཎྜལ་ཚོམ་བུ་ཁང་པའི་ཚོམས། །ཆུ་ཡི་ཆབ་དང་ཆབས་ཅིག་དང༌། །ཁ་དོག་ནག་དང་ནགས་ཚལ་ནགས། །ཚེར་མའི་རྩང་དང་རྩངས༌པ་༼སྲོག་ཆགས༽དང༌། །བྲན་གྱི་གཡོག་དང་གོས་ཀྱིས་གཡོགས། །དཀར་ཡོལ་ཆག་དང་འཇིག་རྟེན་ཆགས། །ལུས་བཟུར་སྐྱོག་དང་གཟར་བུའི་སྐྱོགས། །རྟ་སྐུལ་ལྕག་དང་ཁྲོ་རིགས་ལྕགས། །སྩལ་བའི་གནང་དང་དུས་ཀྱི་གནངས། །ཁང་པའི་ཐོག་དང་གཏུགས་པའི་ཐོགས། །ཕྱུག་པོ་དང་ནི་ཕྱུགས་རྫི་དང༌། །ཆུ་བོའི་རབ་དང་སྐྱེས་རབས་དང༌། །ཞིག་རྒྱུའི་འཇིག་དང་སྐྲག་པའི་འཇིགས། །ལྷུན་པོའི་ལྕོག་དང་བློ་ཡིས་ལྕོགས། །གདུག་པ་ཅན་དང་ཉིན་མོའི་གདུགས། །རྒྱང་རིང་གྲགས་པའི་གད་རྒྱངས་དང༌། །ཚད་མའི་གཞུང་དང་ཡིད་གཞུངས་དང༌། །ད་དུང་འདོད་ཡོན་སྲེད་པས་དུངས། །རུས་ཀྱི་གདུང་དང་ཚ་བས་གདུངས། །ཟ་བའི་ཁམ་དང་ས་ཡི་ཁམས༼ཁམས་གསུམ་ཁམས་བདེ་སོགས༽། །ཤུབ་བུར་སྨྲ་དང་གྲི་ཡི་ཤུབས། །སྟེར་བའི་སྟོབ་དང་རྩལ་གྱི་སྟོབས། །ཆང་གི་སྦང་མ་རྟ་ཡི་སྦངས། །བརྗིད་པའི་རྔམ་དང་འཐུག་པོའི་རྔམས ༼ཧ་ཅང་རྔམས་སྲོག་ལ་རྔམས་ཀྱང༽། །བྱ་ཡི་གླག་དང་གླགས་ལྟའི་གླགས། །བྲག་གི་ཕུག་དང་གཏན་གྱི་ཕུགས། །ཤ་གཟུག་གཅིག་དང་དབྱིབས་ཀྱི་གཟུགས། །ཕྲད་པའི་ཐུག་དང་ལྷ་ཡི་ཐུགས། །རྫས་ནོར་སོག་དང་སྡུད་ཚིག་སོགས། །སྐྱིན་པ་འཚབ་དང་བློ་འཚབས་དང༌། །ནོམ་པ་ལག་པས་ནོམས་ཉུག་བྱེད། །དམའ་བའི་གཤོང་དང་སྤང་གཤོངས༌༼སྤང་ལྗོངས༽དང༌། །ཡུལ་གྱི་མཐའ་འཁོབ་ཁྱབ་པའི་འཁོབས། །སྙོམ་ལས་བྱེད་དང་བཏང་སྙོམས་དང༌། །བསྟི་སྟང་བྱེད་དང་ལྟ་སྟངས་དང༌། །ཟས་ཀྱི་མནབ་རྩལ་ན་བཟའ་མནབས། །གྲངས་ཀྱི་སྟོང་དང་ཟད་པའི་སྟོངས༼འཁོར་བ་སྟོངས་གྲོང་ཁྱེར་སྟོངས༽། །ཡི་གེའི་ཚེག་དང་དཀའ་ཚེགས་༼ཕྲན་ཚེགས་ཀྱང༽དང༌། །ཆུ་ནང་བྱིང་དང་བྱིངས་ན་གནས། །རིམ་པ་བཞིན་དང་གོ་རིམས་དང༌། །རྩིག་པའི་འགྲམ་དང་འགྲམས་ཚད་རིམས། །བོང་བུ་ལུས་ཀྱི་བོངས་ཚོད་དང༌། །པདྨའི་འདབ་༼འདབ་གཤོག་ཀྱང་༽དང་རི་ཡི་འདབས། །འཆག་སར་འཆག་དང་ཉེས་པ་འཆགས། །ཁྱེའུ་ཕྲུག་དང་ཟུང་གི་ཕྲུགས༼སྣམ་བུའི་ཕྲུགས་དང་ཟ་ཕྲུགས་སོགས༽། །ཕྱི་ཡི་ནང་དང་སང་ནངས་དང༌། །རྟ་རྨིག་སྲོག་ཆགས་རྨིགས་པ་དང༌། །སྤྱོམས་པའི་ངོམ་དང་ཚིམ་པའི་ངོམས། །སྲུབ་ཐག་སྲུབ་ཤིང་ཡིད་སྲུབས་དང༌། །ཐིག་ལེ་ཆུ་ཐིགས་གཏིགས་པ་དང༌། །དེ་ལ་རག་ལས་ཕྲ་རགས༌༼ཆུ་ཡི་རགས་ཀྱང༽སོགས། །གཞན་ཡང་ཉམ་ང་༼ཉམ་དམའ་ཡང་༽ཉམ་ཐག༌ལ། །ཡང་འཇུག་འདོར་ཞིང་ཉམས་ལེན་དང༌། །ཉམས་དགའ་ཉམས་མྱོང་གར་དགུའི་ཉམས། །ཕམ་པས་ཉམས༌པ་༼བསོད་ཉམས་ཀྱང༽ལ་སོགས་ལ། །ཡང་འཇུག་ནན་གྱིས་བཅུག་དགོས་སོ། །གཞན་ཡང་སྐྱིགས་བུ་མགྱོགས་པ་དང༌། །མིང་གདགས་བླུགས་གཟར་གཞོགས་སྟེགས་དང་། །མུན་སྲིབས་སྲོལ་འཛུགས་ལ་སོགས་པའི། །མིང་ལ་ས་མཐའ་རྒྱུན་དུ་དགོས། །རྒྱས་པར་ཤེས་རབ་འོད་ཟེར་དང༌། །ཀུན་གྲོལ་གྲགས་པའི་ཡང་འཇུག་མཐའི། །ཐོབ་ཚུལ་རབ་གསལ་སྒྲོན་མེ་ཟུང༌། །ཞིབ་ཏུ་གཟིགས་ཤིག་བློ་ལྡན་ཚོགས། །དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་བཤད་སྐྱ་རེངས་གསར་པ་ལས་ས་མཐའི་ཡང་འཇུག་ལ་འཁྲུལ་བ་སྤོང་བའི་ལེའུ་དྲུག་པའོ།། །།
 སྨྲས་པ། ༼ཆོས་ལ་སྙོན་དོར་གྱི་རྒྱན༽གངས་ཅན་ཡི་གེ་བཅུ་ཕྲག་གསུམ་ཙམ་ཞེས། །བཤུང་བའི་སྐད་ངན་སྒྲོགས་པ་ཡ་མ་བརླ། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སྟོན་ནུས་ཕྱིར། །བོད་ཀྱི་ཡི་གེའི་གྲངས་ལ་མཐའ་མེད་དོ། །༼ཕན་ཚུན་དཔེ༽ཡི་གེའི་འཇུག་ཚུལ་ཕ་མཐའ་མི་མངོན་ཞིང༌། །རིན་ཆེན་འབྱུང་གནས་སྲིད་ཞེང་བསམ་ལས་འདས། །ཆུ་སྲིན་གྲོང་གི་རྒྱ་ཁྱོན་ཇི་བཞིན་དུ། །གསར་རྙིང་བརྡ་ཡི་འཇུག་ཚུལ་འབྱམས་ཀླས་སོ། །༼ངོ་མཚར་ཕུལ་བྱུང༽སྔོན་རྗེས་འཇུག་པ་འདྲ་མིན་སྣ་ཚོགས་པ། །ཀུན་མཁྱེན་གྱིས་ཀྱང་གཞལ་བར་དཀའ་བ་དེ། །དུས་མཐར་སྐྱེས་པའི་བདག་གི་བློ་ཡུལ་དུ། །གུ་དོག་མེད་པར་ཤོང་བ་ཨེ་མ་མཚར། །༼གཞི་གཅིག་གི་ལས་འགལ་བ༽ཕྱོགས་རིས་ཅན་དག་འདི་འདྲ་མཐོང་ཙམ་ནས། །འགྲན་སེམས་ཕྲག་དོག་ཕན་ཚུན་དཀྲུགས་པའི་མཐུས། །ཤུགས་ཆེན་མེ་ལ་ལྡེ་བ་མ་ཡིན་ཡང༌། །ལུས་ཀྱི་དྲོད་ནི་ཡང་དག་འབར་བར་འགྱུར། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
 བྱ་བྱེད་དུས་གསུམ་སོགས་ཀྱིས་དབང༌། །ཡང་འཇུག་ཐོབ་དང་མི་ཐོབ་པའི། །རྣམ་གཞག་ཤེས་རབ་འོད་ཟེར་གྱི། །དག་ཡིག་རབ་གསལ་སྒྲོན་མེ་རུ། །ཆེས་ཆེར་ཤིན་ཏུ་གསལ་ཡོད་པ། །དེ་ལ་གཟིགས་པས་ཤེས་པར་འགྱུར། །དག་ཡིག་དེ་རུ་མ་ཆུད་པ། །འགའ་ཞིག་འདི་རུ་བཤད་ཀྱི་ཉོན། །༼དོན༌༽བརྟག་བྱ་རྟོག་བྱེད་བརྟགས་རྟོག་ཅིག །༼ཚགས་སུ༌༽གཟུད་བྱ༌འཛུད་བྱེད་བཙུད་ཚུད་ཅིག །༼བསོད་ནམས༽བསག་བྱ༌གསོག་བྱེད་བསགས་སོག་ཅིག །༼སྣོད་ཀྱི་ཁར༌༽བསྣན་བྱ༌སྣོན་བྱེད་བསྣནད་སྣོནད་ཅིག །༼མཚོན་ལས༽གཟུར་བྱ་འཛུར་བྱེད་བཟུརད་ཟུརད་ཅིག །༼གྲངས་ཀྱི་ཁ་ནས༌༽དབྲི་བྱ་བྲི་བྱེད་ཕྲིས་ཕྲི་ཞིག །༼ངལ༌༽གསོ་བྱ་འཚོ་བྱེད་བསོས་སོས་ཤིག །༼ནས་༽བརྔོད་བྱ་རྔོད་བྱེད་བརྔོས་རྔོས་ཤིག །༼ཟས༌༽བཟའ་བྱ་ཟ་བྱེད་བཟས་ཟོ་ཞིག །༼རི་མོ་༽དབྱི་བྱ་འབྱིད་བྱེད་ཕྱིས་ཕྱི་ཞིག །༼སྐྱོན་༽སྦ་བྱ་སྦེད་བྱེད་སྦས་སྦོས་ཤིག །༼ཤ་༽བཙོ་བྱ་འཚོད་བྱེད་བཙོས་ཚོས་ཤིག །ག་ང་བ་མའི་རྗེས་འཇུག་གི །ཡང་འཇུག་རིམ་པས་བཤད་པ་ལ། །
ག༽ ༼མཚང༌༽བསྔོག་བྱ་སྔོག་བྱེད་བསྔོགས་སྔོགས་ཤིག །༼ཐག་པས་༽བཀྱིག་བྱ་འཁྱིགས་བྱེད་བཀྱིགས་ཁྱིགས་ཤིག །དཔག་བྱ་དཔོག་བྱེད་དཔགས་དཔོགས་ཤིག །༼ལྕེས་༽བལྡག་བྱ་ལྡག་བྱེད་བལྡགས་ལྡོགས་ཤིག །༼ཀ་ཅ་༽བརྣོག་བྱ་རྣོག་བྱེད་བརྣོགས་རྣོགས་ཤིག །༼རལ་པ་༽བསིག་བྱ་གསིག་བྱེད་བསིགས་སིགས་ཤིག །
ང༽ ༼ཡི་གེ༽བསྐུང་བྱ་སྐུང་བྱེད་བསྐུངས་སྐུངས་ཤིག །བཏུང་བྱ་འཐུང་བྱེད་འཐུངས་ཐུངས་ཤིག །༼གདན་༽གདིང་བྱ་འདིང་བྱེད་བཏིངས་ཏིངས་ཤིག །༼བློ་༽སྦྱང་བྱ་སྦྱོང་བྱེད་སྦྱངས་སྦྱོངས་ཤིག །༼སྦྱིན་པ་༽གཏང་བྱ་གཏོང་བྱེད་བཏང་ཐོངས་ཤིག །
བ༽ ༼ཉེས་པ་༽བཅབ་བྱ་འཆབ་བྱེད་བཅབས་ཆོབས་ཤིག །༼ཁུ་བ་༽གཞིབ་བྱ་འཇིབ་བྱེད་བཞིབས་ཇིབས་ཤིག །༼མགྲོན་ལ་ཟས་༽བསྟབ་བྱ་སྟོབ་བྱེད་བསྟབས་སྟོབས་ཤིག །༼ཞོན་པ་༽བཅིབ་བྱ་འཆིབ་བྱེད་བཅིབས་ཆིབས་ཤིག །༼རྐང་རྗེས༽གསུབ་བྱ་སུབ་བྱེད་བསུབས་སུབས་ཤིག །༼ཞོ་༽བསྲུབ་བྱ་སྲུབ་བྱེད་བསྲུབས་སྲུབས་ཤིག །༼གོས་༽བལྟབ་བྱ་ལྟེབ་བྱེད་བལྟབས་ལྟེབས་ཤིག །
མ༽ ༼མཚོ་༽བསྐྱམ་བྱ་སྐྱོམ་བྱེད་བསྐྱམས་སྐྱོམས་ཤིག །༼མེ་ཏོག༽དགྲམ་བྱ་འགྲེམས་བྱེད་བཀྲམས་གྲེམས་ཤིག །༼གོས་ཀྱིས་༽བཏུམ་བྱ་འཐུམ་བྱེད་བཏུམས་ཐུམས་ཤིག །༼ཁ་༽བསུམ་བྱ་སུམ་༼ཟུམ་ཡང་འཐད༽བྱེད་བཙུམས་ཚུམས་ཤིག །༼གོས་༽བཙེམ་བྱ་ཚེམ་བྱེད་བཙེམས་ཚེམས་ཤིག །༼ཡེ་ཤེས་པ་༽བསྟིམ་བྱ་སྟིམ་བྱེད་བསྟིམས་ཐིམ་ཞིག༼སྟིམས་ཤིག༽ །དེ་ལྟར་བྱ་བྱེད་བྱས་གསུམ་གྱི། །ཐ་མའི་ཚིག་ནི་འདས་ཚིག་ཡིན། །འདི་ལ་ཡང་འཇུག་ཕལ་ཆེར་འཇུག །སྐུལ་ཚིག་ཕལ་ཆེན་སྔོན་འཇུག་མེད། །ཡང་འཇུག་སྦྱོར་དགོས་མང་ཞིག་ཡོད། །ཡང་འཇུག་མེད་པའང་ཡོད་པས་ན། །གོང་སྨོས་ཁ་འཕངས་དཔེར་བརྗོད་དང༌། །འདིར་ཡང་ཅུང་ཟད་བཤད་པས་མཚོན། །དཔག་པར་བྱ་བ་མང་མཆིས་པས། །རིག་པ་རྒྱ་བཀྱེད་ཤེས་པར་འཚལ། །དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་བཤད་སྐྱ་རེངས་གསར་པ་ལས་དུས་གསུམ་གྱི་ཡང་འཇུག་ལ་འཁྲུལ་བ་སྤོང་བའི་ལེའུ་བདུན་པའོ།། །།
 སྨྲས་པ། ༼འགོག་པའི་གཟུགས་ཅན༽གངས་ཅན་མིང་བརྡ་ལྷ་ཡི་གོས་བཟང་འདི། །བློ་གསར་མདེའུ་ཙམ་གྱིས་འབིགས་དཀའ་བའི། །སྲ་ཞིང་མཁྲེགས་པའི་རེག་བྱ་འཛིན་པས་ན། །སྲབ་འཇམ་ཡང་བའི་གོས་སུ་བརྗོད་མི་རིགས། །༼བསྙོན་དོར་གྱི་གཟུགས་ཅན༽གཏམ་འདི་མིང་མིན་གླེགས་བམ་ཀློག་པའི་ལྕེ། །ཡི་གེ་མ་ཡིན་ལེགས་ཉེས་ལྟ་བའི་མིག །ཚིག་མིན་ཞུས་ཆེན་ཐུབ་ངེས་ཞུས་དག་པ། །བསྟན་བཅོས་མ་ཡིན་ལམ་སྟོན་བཤེས་གཉེན་ནོ། །༼སྔ་ན་མེད་པའི་རྒྱུ༽རིག་གནས་མ་བསླབ་མི་ཤེས་ངང་དུ་འཕྱན། །དམ་པ་མ་བསྟེན་ཡང་དག་ལམ་དང་བྲལ། །རྣམ་གཡེང་འདུ་འཛི་རྩེ་དགས་འདའ་བའི་མི། །རྒས་ཁར་བྲང་ལ་སེན་མོ་འདེབས་པར་འགྱུར། །༼བྱ་བ་ཐོག་གསལ༽འབྱེད་དོ་ཉིན་བྱེད་འོད་ཀྱིས་ཆུ་སྐྱེའི་སྦུབས། །སྐེད་མེད་ཆང་གིས་སིནདྷུ་ཝཱ་རའི་ཁ། །གསེར་གྱི་ལྡེ་ཆུང་བང་མཛོད་བཙན་པོའི་སྒོ། །ལེགས་བཤད་འདི་ཡིས་སུམ་རྟགས་དཀའ་བའི་གནད། །༼འགོག་པའི་དཔེ༽དག་ཡིག་མང་ཡང་ལ་ལ་བསྡུས་དྲགས་ཤིང༌། །ཕལ་ཆེར་གཞན་ཚིག་བལྡབ་སྐྱོར་བྱེད་པ་མང༌། །འགའ་ཞིག་རང་རང་སྐད་ཀྱི་ཤན་འདྲེས་པས། །གསར་བཤད་འདི་དང་འགྲན་ཟླར་མི་འོས་སོ། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
 ད་ནི་གདམ་ང་ཅན་དག་བྲི། །༼ཡི་གེ༽འདྲི་བར་བྱེད་དང་འབྲི་བར་བྱེད། །སྐྱོན་མཚང་འདྲུ་དང་འབྲུ་བར་བྱེད། །ཁུང་བུ་འདྲུ་དང་འབྲུད་པར་བྱེད། །རིག་པའི་རལ་གྲིས་འདི་བཞིན་བཞེད། །བྱམས་པ་གླིང་པས་དགག་པར་མཛད། །ཁོ་བོས་བསམ་ན་རུང་བ་འདྲ། །གན་རྐྱལ་གན་ཀྱལ་གདམ་ང་ཡིན། །དེ་བཞིན་མཐོལ་བཤགས་འཐོལ་བཤགས་དང༌། །ལོང་བའི་མིག་གདོངས་མིག་ལྡོངས་དང༌། །གང་བའི་གཏམས་དང་བལྟམས་པ་དང༌། །སྐྲག་པའི་དངངས་སྔངས་གཉིས་ཀ་རུང༌། །དེ་བཞིན་སྙན་དངགས་སྙན་ངག་དང༌། །མིག་བགྲད་མིག་བསྒྲད་གང་ཡང་རུང༌། །ཐུར་དུ་འདྲིལ་བར་བྱེད་པ་དང༌། །འགྲིལ་བར་བྱེད་པ་གཉིས་ཀ་འཐད། །དམིགས་ཀྱིས་བཀར་དང་དགར་བ་དང༌། །དམིགས་བསལ་དམིགས་གསལ་རུང་བ་འདྲ། །དབྱེན་བཟླུམས་དབྱེན་བསྡུམ་གང་ཡང་རུང༌། །སྔོ་བསངས་སྔོ་སངས་གང་ཡང་རུང༌། །གསར་པ་སར་པ་གང་ཡང་རུང༌། །གཟེགས་མ་ཟེགས་མ་གང་ཡང་རུང༌། །འཕྲེང་བ་ཕྲེང་བ་གང་ཡང་རུང༌། །སྐད་ཅིག་སྐ་ཅིག་གང་ཡང་རུང༌། །རྨོངས་བརྟུལ་རྨོངས་རྟུལ་གང་ཡང་རུང༌། །བདེར་གཤེགས་བདེ་གཤེགས་གང་ཡང་རུང༌། །སྨྱུ་གུ་སྨྱི་གུ་གང་ཡང་རུང༌། །དམའ་འབེབས་སྨ་འབེབས་གང་ཡང་རུང༌། །སྒྲིམ་ནས་བག་ཟོན་བྱ་བའི་མིང༌། །གཟབས་བཟབས་གཉིས་ཀ་རུང་བ་ཡིན། །གོས་བཟངས་ཁང་བཟངས་དྲི་བཟངས་དང༌། །རྒྱུད་མངས་ཁུར་མངས་གོ་རིམ་སོགས། །ཡང་འཇུག་སྦྱོར་རམ་མི་སྦྱོར་ཡང༌། །ཁྱད་མེད་གདམ་ང་ཡིན་ནོ་ཞེས། །སྔོན་གྱི་མཁས་པ་མང་པོས་བཞེད། །རྒྱུ་མཚན་ཅི་ཡིན་མ་གོ་ལགས། །དག་ཡིག་ངག་གི་སྒྲོན་མེ་རུ། །མཐོ་བཙམས་པ་དང་མཐོ་འཚམས་དང༌། །ལས་ལ་མཚེར་དང་འཚེར་བ་དང༌། །དྲི་མ་མནམ་དང་བསྣམས་པ་དང༌། །གཉིས་ཆར་བྱུང་བས་རུང་བསམ་སྟེ། །ཁོ་བོས་གདམ་ངའི་སྡེབས་སུ་བཤད། །རྔམས་པའི་འཐུག་དང་ཞབས་ལ་འཐུད། །ཟ་མ་ཏོག་ཏུ་འས་འཕུལ་བཤད། །ངག་གི་སྒྲོན་མེར་མས་འཕུལ་བཤད། །ངག་སྒྲོན་ཟ་མ་ཏོག་གཉིས་ཀར། །གློ་བུར་བཤད་ཀྱང་སྨྲ་རྒྱན་དུ། །བློ་བུར་འཐད་པའི་ཕྱོགས་སུ་མཛད། །དེ་དག་གདམ་ངའམ་ཡང་ན་ནི། །མི་གཙང་མིང་ལ་བཙོག་རྩོག་དང༌། །ཁར་སང་མིང་ལ་ཁ་རྩང་དང༌། །འཐུག་པོ་མཐུག་པོ་ཟེར་བ་དང༌། །འཐུད་པ་མཐུད་པ་ཟེར་བ་དང༌། །གློ་བུར་བློ་བུར་ཟེར་བའི་གདངས། །མངོན་སུམ་སྒྲོགས་པར་སྣང་བ་བཞིན། །སོ་སོའི་སྐད་ཀྱིས་བལྡབ་ལུགས་སམ། །གདམ་ང་ཡིན་མིན་བརྟག་པར་འཚལ། །གཅེས་པའི་ཕངས་དང་དབུལ་ཕོངས་ལ། །འས་འཕུལ་ཡོད་མེད་གཉིས་ཀ་རུང༌། །སྟོངས་གྲོགས་སྡོངས་གྲོགས་གཉིས་ཀ་རུང༌། །གདམ་ང་གདམ་ཀ་ཟེར་བ་དང༌། །ལྟེང་༼ཡང་འཇུག་ཆད་དམ༽ཀ་ལྕུང་ཀ་ཟེར་བའི་ཚིག །ངག་སྒྲོན་རང་དུ་བྱུང་མོད་ཀྱང༌། །གལ་ཏེ་ཚིག་དེ་ཞུས་དག་ན། །སློབ་དཔོན་ཐུ་མིའི་སུམ་ཅུ་པར། །མོ་ཡིས་མོ་ཡི་མིང་མཐའ་དྲངས། །ཞེས་པ་དེ་དང་མི་འགལ་ལམ། །ཅི་ལྟར་ཡིན་ཞེས་དཔྱད་རིགས་སོ། །དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་བཤད་སྐྱ་རེངས་གསར་པ་ལས་གདམ་ང་ཅན་གྱི་རིགས་ལ་འཁྲུལ་བ་སྤོང་བའི་ལེའུ་བརྒྱད་པའོ།། །།
 སྨྲས་པ། ༼ཐེ་ཚོམ་གྱི་དཔེ༽དག་ཡིག་རྣམས་ཀྱི་ཡི་གེ་མཐུན་མིན་དེ། །བྱེད་པོ་སོ་སོའི་ཡུལ་སྐད་ཡིན་ནམ་ཅི། །ཡང་ན་ཁྱད་མེད་གདམ་ང་ཡིན་པའམ། །བདག་གི་ཡིད་ནི་ཐེ་ཚོམ་དཔྱང་ཐག་འཛིན། །༼ཟླ་བོའི་དངོས་དཔེ༽དག་ཡིག་མང་ཡང་ངག་གི་སྒྲོན་མེ་དང༌། །ཟ་མ་ཏོག་དང་དཔེ་ཟླར་འོས་པ་དཀོན། །མཁའ་ལ་འོད་ལྡན་རྒྱུ་སྐར་མི་ཉུང་མོད། །མུན་སྟུག་མཐར་བྱེད་ཉི་ཟླ་ཟུང་ཙམ་མོ། །༼རྐང་པ་བཞིའི་ཐོག་མའི་བར་ཆོད་ཟུང་ལྡན༽དེ་ཕྱིར་གཞན་གྱི་ལུགས་མང་གཟུང་དཀའ་བས། །དེ་གཉིས་ཁོ་ན་ཚད་མར་ཡིད་རྟོན་ཅིང༌། །དེ་ལ་མེད་པའི་གཏམ་གསར་འགའ་བསྣན་ཏེ། །དེ་ཡི་གསལ་བྱེད་རྒྱན་དུ་འདི་ཡང་བསྐྲུན། །༼ཕུལ་བྱུང་གི་དཔེ༽སློབ་དཔོན་ཨ་ནུས་ཡིག་སྲོལ་ཐོག་མར་ཕྱེ། །བདག་ནི་དེང་གི་དུས་སུ་ཕྱེ་བ་ཙམ། །དེ་ལས་གཞན་པའི་ཁྱད་པར་འབྱེད་ཆོས་ཤིག །མིག་སྟོང་ལྡན་པའི་ལྷས་ཀྱང་རྙེད་པ་མིན། །༼འོས་པའི་དོན་གཞན་བཀོད་པ༽ཡི་གེ་ཙམ་ལ་དཔྱད་པ་ཞིབ་འཇུག་འདིས། །བསམ་གཏན་པ་ཡི་རྣ་བ་སུན་པར་བྱེད། །སྣང་ཞེན་ལོག་པའི་ཡིད་ངོར་ཀུན་རྫོབ་ཆོས། །ཕལ་ཆེར་ཚེར་མར་རིགས་པ་མ་ཡིན་ནམ། །༼རིགས་ཀྱི་རང་བཞིན་བརྗོད་པ༽ཐོས་བྲལ་དབེན་གནས་བསྟེན་པའི་དཀའ་ཐུབ་པ། །ཚིག་སྐམ་ཁོ་ནར་ཞེན་པའི་རྟོག་གེ་པ། །དེ་གཉིས་ཚུལ་འདིར་དཔྱད་པ་བཅུག་པ་བས། །སྙིང་ལས་ཆུང་ངུར་གཞེས་ན་སོས་ཀྱང་བདེ། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
ད་ནི་མིང་གཅིག་དོན་གཉིས་ལ། །འཇུག་པའི་ཚུལ་ལ་ཅུང་ཟད་དཔྱད། །ཀོ་བ་མཉེས་དང་དགྱེས་པའི་མཉེས། །མེ་ཏོག་མགོ་ལྕོགས་བློ་ཡིས་ལྕོགས། །སྟན་ལས་ལྡང་དང་ཚད་ལོངས་ལྡང༌། །བཤད་པའི་སྒྲོས་༼ཟེར་སྒྲོས་ལྟ་བུ༽དང་རྨ་ཤུལ་སྒྲོས། །བཟོད་པའི་བརྣག་དང་བསམ་པའི་བརྣག །རྡོག་པས་བརྫིས་དང་བག་ཕྱེ་བརྫིས། །བཞུགས་པའི་གཞེས་དང་དུས་ཀྱི་༼གཞེས་ཉིན་ལྟ་བུ༽གཞེས། །གྲངས་ཀྱི་དཀྲིགས་དང་དུད་སྤྲིན་དཀྲིགས། །ཆབ་སྲིད་ཆབ་དང་ཆུ་ཡི་ཆབ། །ཕྱགས་དར་ཕྱགས་དང་ལྷམ་གྱི་ཕྱགས༼ཞེ་ཚིག༽ །དུད་འགྲོའི་ལྕི་བ་ལྕིད་ཀྱི་ལྕི། །བཤུལ་ཤ་དང་ནི་ལམ་གྱི་བཤུལ། །རོ་ཞིམ་བདའ་དང་རི་དྭགས་བདའ། །རི་དྭགས་གླ་དང་རྔན་པའི་གླ། །ཡི་ཆད་དམུས་བྱུང་དམུས་ལོང་དང༌། །ཆག་བཅོམ་དཀྲུགས་༼འབྲས་དཀྲུགས་ལྟ་བུ༽དང་གོང་འོག་དཀྲུགས། །རྟ་ཡི་སྲབ་དང་འཐུག་མིན་སྲབ། །རྟ་ཡི་སྲབ་སྐྱོགས་གཟར་བུའི་སྐྱོགས། །ཁོངས་སུ་གཏོགས་དང་སེ་གོལ་གཏོགས། །ཉིན་མོའི་གདུགས་དང་མཆོད་རྫས་གདུགས། །རོ་ཡི་སྐ་དང་གར་བའི་༼ཐུག་པ་ཆུ་ཉུང་བ༽སྐ། །འཇིགས་རུང་རྔམས་དང་འཐུག་པོའི་རྔམས། །སྲོག་ཆགས་ཉ་དང་བཅོ་ལྔའི་ཉ། །དྲས་དྲུབ་དྲ་དང་རྒྱ་ཡི་དྲ། །གཏང་རག་དེ་ལ་རག་ལས་དང༌། །སྐྱ་རྦབ་དང་ནི་རྦབ་རྡོ་དང༌། །འོ་བརྒྱལ་ས་ལ་དྲན་མེད་བརྒྱལ། །བསྒོ་བ་རྣར་གཟོན་ཆུད་གཟོན་དང༌། །རྒྱགས་པའི་ལོངས་དང་ཚད་ལོངས་པ། །གདོང་གི་གཡར་དང་བརྙན་པོའི་གཡར། །སྐྲ་ཡི་རལ་བ་དྲལ་བའི་རལ། །དུམ་བུར་གསིལ་དང་འཁར་གསིལ་དང༌། །ཆུ་༼ཐུག་པ༽མང་སླ་དང་ལས་སླ་བ། །སྲོག་ཆགས་འཕྱི་བ་དུས་འཕྱི་བ། །ལྕགས་ཀྱི་བཙའ་དང་མིག་རས་བཙའ། །ལུས་ཀྱི་བརླ་དང་ཡ་མ་བརླ། །ཡི་གེ་བྲི་དང་ཁ་ནས་བྲི། །ཁང་པའི་ཐོག་དང་རྔོ་མི་ཐོག །རྣ་ཡི་མཉན་བྱ་མཉན་པ་༼གྲུ་པ༽དང༌། །གཡར་པོའི་བརྙས་དང་བརྙས་ཐབས་བྱེད། །མཚོན་ཆ་བསྣམས་དང་དྲི་བསྣམས་པ། །ཐགས་ཀྱི་སྤུན་དང་གཉེན་གྱི་སྤུན། །མིང་གཅིག་དོན་མང་ལ་འཇུག་དཔེ། །ངམ་གྲོག་ཆུ་གྲོག་གྲོག་མ་དང༌། །ཕྲག་དོག་ཁ་དོག་ས་ཁོངས་དོག །གཟུགས་བརྙན་སྒྲ་བརྙན་ཕྱག་བརྙན་༼འཁོར་གཡོག༽སོགས། །ཐོར་ཚུགས་ཤ་ཚུགས་ཆེ་ཚུགས་དང༌། །སིམ་གདུང་རུས་གདུང་གདུང་མ་འདེགས། །འཁྲུག་ལོང་ཆེ་ལོང་ལོང་སྐབས་སོགས། །ལྐོག་གྱུར་ལྐོག་མ་ལྐོག་ཤལ་དང༌། །རྩ་ལག་ཁོ་ལག་༼རྒྱ་ཁྱོན༽འཛིན་བྱེད་ལག །གཟར་སྟན་རི་གཟར་གཟར་བུ་དང༌། །ན་བཟའ་བཟའ་བཏུང་བཟའ་མི་དང༌། །གཡང་ས་གཡང་གཞི་གཡང་ལུག་སོགས། །བྲོ་བརྡུངས་རོ་བྲོ་བྲོ་འཚལ་དང༌། །སྒ་གློ་གློ་ལུད་ཟུར་གྱི་གློ། །ཁལ་ཁྲལ་སྐུད་པ་བཀལ་བ་སོགས། །སྙུན་གདངས་སྐད་གདངས་ཁ་གདངས་སོགས། །གླེགས་བམ་སྒོ་གླེགས་གླེགས་བུ་སོགས། །མུ་སྟེགས་གཞོགས་སྟེགས་སྟེགས་བུ་དང༌། །ཀུན་བརྟགས་བརྒལ་བརྟགས་བརྟགས་ཟིན་དང༌། །ཆུ་ཐིགས་གསོ་ཐིགས་བདུད་རྩི་ཐིགས། །མི་གཙིགས་གཙིགས་ཆེ་མཆེ་བ་གཙིགས། །གཏམས་ནི་བཅོལ་གྲངས་གང་བ་དང༌། །རྒྱ་ནི་རྙི་དང་སྨ་ར་དང༌། །རྒྱ་གར་རྒྱ་ནག་སོགས་ལའོ། །དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་བཤད་སྐྱ་རེངས་གསར་པ་ལས་མིང་གཅིག་དོན་དུ་མར་འཇུག་པ་དཔྱོད་པའི་ལེའུ་དགུ་པའོ།། །།
 སྨྲས་པ། ༼སྤྱིའི་བསྡུས་བརྗོད༽སྐོམ་པའི་གདུང་སེལ་ཡན་ལག་བརྒྱད་ལྡན་པའི། །སྐལ་ལྡན་ཤིང་རྟའི་བུ་མོ་ཕྱིར་བསལ་ནས། །བ་ཚྭའི་ཁྲོན་ཆུས་སྐོམ་གདུང་སེལ་རེ་མོད། །དོན་མེད་ངལ་བ་བསྟེན་པ་ཙམ་དུ་ཟད། །༼འགལ་བའི་དོན་གཞན་བཀོད་པ༽འགའ་ཞིག་རིག་པ་གསལ་ཡང་ཕ་རོལ་པོའི། །ཡོན་ཏན་སྒྲིབ་ནས་སྐྱོན་གྱི་གོང་བུར་མཐོང༌། །ལག་ན་གསལ་བྱེད་མར་མེ་ཐོགས་ན་ཡང༌། །སྣོད་ཀྱི་གྲིབ་མས་ལག་མཐིལ་ནག་པོར་མཐོང༌། །༼ངོ་བསྟོད་ཀྱི་དཔེ༽སྔོན་གྱི་སྐད་གཉིས་སྨྲ་རྣམས་སྒྲ་ལ་མཁས། །གསར་རྙིང་བརྡ་སྐད་སྐྱེས་པའི་སྟོབས་ཀྱིས་སྨྲ། །ཁོ་བོ་གཟབ་གཤར་ཡི་གེ་ཆོད་ཙམ་ཡིན། །བརྡ་དོན་བཤད་ཚུལ་དེ་དག་དང་ནི་མཚུངས། །༼དཔའ་བའི་ཉམས༽བདག་ནི་རིག་པའི་གནས་ལ་མ་སྦྱངས་ཤིང༌། །གསར་རྙིང་བརྡ་དག་ཁོག་བུབས་མ་ཡིན་ལ། །དག་ཡིག་གཞུང་མང་དཔྱིས་ཕྱིན་མི་ཤེས་པར། །རང་དགར་མིང་ཚིག་སྨྲ་བའི་རྒྱལ་པོར་གྱུར། །༼བྱ་བ་མ་ཚང་བའི་ཁྱད་པར་བརྗོད་པ༽སྡེབ་སྦྱོར་སྒྲ་ལ་སྦྱངས་པ་མ་བྱས་ཤིང༌། །སུམ་རྟགས་འཇུག་ཚུལ་སྙན་ངག་བསླབ་པ་མེད། །བསྟན་བཅོས་རྩོམ་པའི་རྒྱུ་ཙམ་མ་བསྒྲུབས་པར། །རིག་བྱེད་བསྟན་བཅོས་འདི་ནི་བརྩམས་བྱས་སོ། །༼ཁྱད་པར་ཕུལ་བྱུང༽རབ་དྭངས་དྲི་མེད་ཀུན་རྟོག་རླུང་གཡོས་ཏེ། །གཏམ་འདི་བསྐྲུན་པའི་འབྲས་བུའི་ཆ་ཤས་ནི། །ཁྱད་འཕགས་མཁའ་ལ་སྤྱོད་པའི་མེས་པོ་ཡི། །བསོད་ནམས་བཞི་པོ་དག་གིས་མཚོན་མ་ཡིན། །༼མང་བའི་དཔེ༽དེ་ལྟར་འབད་པ་ལས་བྱུང་རྣམ་དཀར་ལས། །པད་དཀར་ཆུ་ཤེལ་ཁ་བ་དུང་ལྟ་བུ། །གཅིག་ཏུ་དཀར་བ་གང་ཞིག་བསགས་པ་དེས། །དམ་ཆོས་སྨྲ་བའི་རྒྱལ་པོ་ཐོབ་གྱུར་ཅིག །ཅེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
 མིང་མང་དོན་གཅིག་བརྗོད་པའི་དཔེ། །བུག་པ་བུ་ག་དམིག་བུ་དང༌། །ཧར་མིག་རྣམས་ནི་ཁུང་བུའི་མིང༌། །འབིགས་དང་འབུགས་དང་འབུག་པ་དག །ཁུང་བུ་རྟོལ་བར་བྱེད་པའི་མིང༌། །སྐ་དང་གར་ནི་ཐུག་པ་སྟེ། །ཡོན་པོ་ཀྱོག་པོ་གཅུ་པོ་དང༌། །འཆུས་པོ་དང་ནི་འཁྱོག་པོ་རྣམས། །དྲང་པོ་མིན་པའི་མིང་ལ་འཇུག །ཡིབ་དང་གབ་དང་སྐུངས་པ་དང༌། །བག་ལ་ཉལ་དང་གཞའ་བ་རྣམས། །སྦ་བའི་མིང་དུ་གྲགས་པ་ཡིན། །སིམ་དང་སྟིམ་དང་ཞུ་འཇུ་དང༌། །ཐིམ་པ་རྣམས་ནི་ནུབ་པའི་དོན། །རྐང་ལག་དམ་པོར་བཅིངས་པ་ལ། །དཀྱིགས་དང་བཀྱིགས་དང་འཁྱིགས་པ་དང༌། །བཅིགས་པ་ལ་སོགས་དཔེ་དག་པར། །ཡོད་པ་མཐོང་བས་དུས་གསུམ་ལ། །བལྟོས་ཏེ་འཇུག་སྐབས་ཡོད་དམ་སྙམ། །གྲུང་པོ་སྤྱང་པོ་གཡེར་བག་ཅན། །སྒྲིན་པོ་སྒྲིམ་པོ་གྲིམ་པོ་རྣམས། །མཁས་པའམ་ཤེས་རབ་ཅན་ལ་འཇུག །གམ་དང་གན་དང་དྲུང་དང་ནི། །གློ་དང་ལོགས་དང་གཞོགས་དག་ཀྱང༌། །མདུན་ནམ་ཉེ་འཁོར་ཉེ་བའི་མིང༌། །འཕྱན་པ་ཡན་པ་འཁྱར་བ་དག །འཁྱམ་པའི་མིང་དུ་སྐབས་འགར་འཇུག །བརྙན་དང་བརྙས་དང་བསྐྱིས་པ་རྣམས། །གཡར་པོའི་མིང་ལ་འཇུག་པ་ཡོད། །བཀར་དང་དགར་དང་བཀོལ་བ་དག །ལོགས་སུ་བསལ་བའི་དོན་ཅན་ནོ། །རྗུད་དང་རིད་པ་སྦྲིབས་པ་དང༌། །སྐེ་རྩོང་དག་ནི་ཤ་སྲབ་ཅིང༌། །སྐེམ་པའི་མིང་ལ་འཇུག་ཏུ་རུང༌། །རུམ་དང་པང་དང་ཕང་དག་ནི། །ལྟོ་བའི་མིང་ལ་འཇུག་པ་ཡོད། །འདྲིད་དང་བྲིད་དང་བརྗོད་པ་རྣམས། །བསླུ་བའི་མིང་དུ་གྲགས་པ་ཡིན། །འཇི་བ་འཇིམ་པ་འདམ་བག་མིང༌། །གཅིན་དང་གཅི་བ་དྲི་ཆུའི་མིང༌། །བསྙེལ་དང་བསྐྱུད་པ་བརྗེད་པའི་མིང༌། །འདི་ནི་མཚོན་ཙམ་སྨོས་པ་སྟེ། །དེ་ཙམ་ཤེས་པའང་དཀོན་པོ་ཡིན། །མ་ཤིའི་ཚུན་ལ་ཐོས་པ་གཅེས། །མིང་གི་མཐའ་ལ་ཟད་པ་མེད། །ཐམས་ཅད་སུས་ཀྱང་བརྗོད་མི་ནུས། །མངོན་བརྗོད་སོགས་ཀྱི་མིང་སྣ་ཚོགས། །མཁས་པས་བཤད་པ་དག་ལ་ལྟོས། །དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་བཤད་སྐྱ་རེངས་གསར་པ་ལས་མིང་དུ་མ་དོན་གཅིག་ལ་འཇུག་ཚུལ་དཔྱོད་པའི་ལེའུ་བཅུ་པའོ།། །།
 སྨྲས་པ། ༼ཀུན་ཕན་གྱི་རྒྱན༽དེ་འདྲ་ཞིག་ཀྱང་རྩོམ་འདུན་ངར་དྲགས་པས། །དཔེ་མང་གསོག་པའི་རྩོལ་སྒྲུབ་རྩོམ་པ་ནི། །སྔོན་མཐོང་མེད་པའི་དག་ཡིག་དུ་མ་ཞིག །སྟེས་ཀྱི་དབང་གིས་རྗེས་མཐུན་གྲོགས་སུ་འབྱོར། །༼དགའ་བས་འགྱུར་བ་སྒེག་པའི་ཉམས༽སྐྱེས་སྦྱངས་སྟོབས་ལས་འཁྲུངས་པའི་དྲི་མེད་ཀྱི། །རིག་པས་ཡུན་རིང་སྦྱང་འོས་རིག་གཞུང་འདི། །ཐོས་ཉུང་བདག་གིས་ཅི་དགར་རྩོམ་པ་ནི། །སློབ་དཔོན་དྲིན་ལས་ཐོབ་པས་འཛུམ་དམུལ་ལོ། །༼སྤྱིའི་བསྡུས་བརྗོད༽རྒྱུ་སྐར་ཕྲེང་བས་རབ་མཛེས་རི་བོང་འཛིན། །ནམ་མཁའ་མཐོན་པོར་རྒྱུ་བ་ཡོངས་བཏང་ནས། །དྭངས་པའི་མཚོ་རུ་ཉལ་བར་གནས་སོ་ཞེས། །སྣང་བརྙན་དངོས་པོར་འཛིན་པ་བྱིས་པའི་བློ། །༼བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན༽བློ་མིག་མི་ཤེས་རབ་རིབ་གྲིབ་མས་གཡོགས། །གཞན་གྱིས་ཟེར་སྒྲོས་རྫུ་བག་འཁར་བར་བརྟེན། །ལོག་སྨྲའི་གཡང་ཁ་འགྲིམ་པའི་གྲོགས་པོ་དག །མིག་ཡངས་སྟོབ་བྱེད་གཏམ་བཟང་འདི་བསྟེན་རིགས། །༼མང་བའི་དཔེ༽ཚུལ་འདིར་སྤྲོས་པ་ལས་འོངས་ཕུན་ཚོགས་དགེ །བསིལ་ཟེར་ཅན་དང་པད་དཀར་རྩ་བ་དང༌། །དྲི་མེད་མུ་ཏིག་མདངས་ལ་འཁུ་བ་གང༌། །བཤེས་གཉེན་མཉེས་བྱེད་ཀུན་བཟང་མཆོད་པར་དབུལ། །༼དཔེ་ལས་དཔེ་ཅན་ལྷག་པའི་ལྡོག་པ་ཅན༽བླུན་པོས་སྨྲ་ཡང་སྡེ་སྣོད་འཆད་པ་དང༌། །ལེགས་བཤད་རྩོམ་ཞིང་རྒོལ་བ་ཚར་གཅོད་མིན། །མཁས་པའི་བྱ་བ་གསུམ་གྱིས་རྒྱུད་གཏམས་ཤིང༌། །དམའ་ས་འཆའ་བའི་མཁས་རྣམས་འདུ་གྱུར་ཅིག །༼བྱ་བ་མ་ཚང་བའི་ཁྱད་པར་བརྗོད་པ༽མི་བཟད་རྣོ་བའི་མདའ་མཚོན་འཕངས་པ་མེད། །ཁྲོས་པའི་གཉེར་མ་དཔྲལ་བར་མ་བསྡུས་ཤིང༌། །མི་སྡུག་ཉམས་ཀྱི་འགྱུར་བ་མ་བསྟན་པར། །ཆུ་སྲིན་རྒྱལ་མཚན་སྡེ་ལས་རྒྱལ་གྱུར་ཅིག །༼གཞི་གཅིག་གི་ཆོས་དུ་མ་འགལ་བ༽རྣམ་མང་མཁྱེན་པས་ཕྱུག་ཀྱང་རྨོངས་པས་དབུལ། །ལུས་ཅན་བརྩེ་བས་འཁྱུད་ཀྱང་ཆགས་པས་བཏང༌། །ཕ་རོལ་འཇོམས་ནུས་ལྡན་ཡང་མི་འཚེ་བའི། །བཤེས་གཉེན་དམ་པས་རྗེས་སུ་འཛིན་གྱུར་ཅིག །༼ཕྲེང་བའི་གསལ་བྱེད༽བཤེས་གཉེན་དམ་པའི་དྲིན་ལས་བདག་བློ་རྒྱས། །བདག་བློ་རྒྱས་པས་གཏམ་སྙན་འདི་སྤེལ་བས། །རྒྱལ་བའི་བསྟན་པ་ཉམས་མེད་ཕྱོགས་སུ་དར། །དེས་ཀྱང་ལུས་ཅན་ཕན་བདེ་འཕེལ་གྱུར་ཅིག།། །།ཅེས་དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་བཤད་སྐྱ་རེངས་གསར་པ་ཞེས་བྱ་བ་འདི་ནི་སྔ་མོ་ནས་བསྒྲིགས་འདུན་ཐོག འགས་ཀྱང་བསྐུལ་མ་བྱེད་པ་ལྟར་ལྷ་ལྡན་གྲྭ་སྐོར་བའི་མིང་ཅན་ཨ་ལག་ཤའི་ས་མཐར་སྐྱེས་པའི་གྱི་ན་བ་ངག་དབང་བསྟན་དར་གྱིས་བསྒྲིགས་པའོ། །འདིས་ཀྱང་རྒྱལ་བསྟན་རིན་པོ་ཆེ་ཡུན་རིང་དུ་རྒྱས་པའི་རྒྱུར་གྱུར་ཅིག ། །།