ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ་
རྗེ་འདི་ནི་མདོ་སྨད་རེབ་གོང་གསེར་ལྗོངས་དབེན་གནས་སེང་གེ་རྩེའི་ཉེ་འདབས་ལྕང་ལུང་ཞེས་པར་ལྡོང་གི་རིགས་སུ་ཡབ་ཆོས་འབུམ་རྒྱས་དང་ཡུམ་ཀླུ་མོ་རྒྱལ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་གླང(༡༨༠༥)ལོར་སྐུ་འཁྲུངས། དགུང་ལོ་བདུན་ལ་རོང་སྤྲུལ་དགེ་འདུན་མཁྱེན་རབ་དཔལ་བཟང་པོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་དགེ་འདུན་ལུང་རིགས་རྒྱ་མཚོ་ཞེས་གསོལ། དགུང་ལོ་བརྒྱད་ཐོག་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་ལུང་གསན། དགུང་ལོ་བཅུ་གཉིས་ལ་ཐོས་བསམ་ནོར་བུ་གླིང་གི་ཆོས་གྲྭར་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད་འགོ་ཚུགས། དགུང་ལོ་བཅོ་ལྔ་ལ་རྣམ་འགྲེལ་འཛིན་གྲྭར་ཕེབས། དགུང་ལོ་ཉི་ཤུ་ལ་གསེར་ཁང་བློ་བཟང་བསྟན་འཛིན་གྱི་དྲུང་དུ་བསྙེན་རྫོགས་བསྒྲུབས། མཚན་བློ་བཟང་ལུང་རིགས་རྒྱ་མཚོ་ཞེས་བསྩལ། དགུང་ལོ་ཉེར་ལྔ་ལ་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་མཐར་ཕྱིན་ཟིན་ཏེ་ཤིང་བཟའ་བློ་བཟང་དར་རྒྱས་དང་། གསེར་ཁང་པ། སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་གྲགས་སོགས་བླ་མ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། གྱང་སྐྱའི་རི་ཁྲོད་དུ་རྒྱུན་རིང་བཞུགས། དགུང་ལོ་ང་དགུའི་ཐོག་རོང་པོར་ཕེབས་ནས་ཆོས་སྐོར་རྒྱ་ཆེར་བསྐོར། སྐུ་ཆེའི་རིང་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་གནང་བའི་མི་གྲངས་ལྔ་སྟོང་ཙམ་ཟིན། དགུང་ལོ་དོན་དྲུག་ལ་ཕེབས་པ་ལྕགས་འབྲུག(༡༨༨༠)ལོར་སོག་ཡུལ་དུ་ཕེབས་ནས་ཆོས་འཁོར་རྒྱ་ཆེར་བསྐོར། བཀའ་རྩོམ《འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་སྨྱུང་བར་གནས་པའི་ཆོ་ག་བདུད་རྩིའི་སྙིང་པོ》ཞེས་བྱ་བ་དང་། 《སྨྱུང་གནས་ཀྱི་ཆོ་གའི་ཟུར་རྒྱན་བདེ་བ་ཅན་དུ་བགྲོད་པའི་མྱུར་ལམ》 《བླ་མགོན་དབྱེར་མེད་ཕྱག་དྲུག་པའི་རྒྱས་པའི་གཏོར་སྒྲུབ་ཀྱི་འདོན་བསྒྲིགས》 《ཟབ་དོན་གཅོད་ཀྱི་གདམས་པའི་ཁྲིད་ཡིག་མན་ངག་བདུད་རྩིའི་སྙིང་པོ》 《དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བཅུ་ཆའི་སྦྱིན་སྲེག་གི་ངག་འདོན་བཀླགས་ཆོག་ཏུ་བཀོད་པ》སོགས་པོད་འབྲིང་གསུམ་ལྷག་མཛད། དགུང་ལོ་གྱ་བཞི་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ས་བྱི(༡༨༨༨)ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།