ཨ་རིག་མཁན་ཆེན་པདྨ་ཚེ་དབང

ཡོང་ཁུངས་Wikipedia

༈ ཨ་རིག་མཁན་པོ་པདྨ་ཚེ་དབང་མཆོག་གི་མཛད་བསྡུས།

File:Image
ཨ་རིག་མཁན་ཆེན

[[༡]] གང་དུ་སྐུ་འཁྲུངས་པའི་ཡུལ།

ལྔ་རིག་སྨྲ་བའི་དབང་པོ་ཨ་རིག་མཁན་པོ་པདྨ་ཚེ་དབང་རིན་པོ་ཆེ་ནི། བོད་ཤར་ཕྱོགས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ནང་ཚན་རྨ་ཆུ་གཡས་ནས་འབབ་ཅིང་རྫ་ཆུ་གཡོན་ནས་འབབ་པའི་རྨ་རྫ་ཟལ་མོ་སྒང་གི་ཆ། སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་མངའ་རིས་རོང་སྡེ་རྫོང་ཁག་ཉེར་ལྔ་དང་འབྲོག་སྡེ་ལྷོ་བྱང་གཉིས་སུ་དབྱེ་བའི་བྱང་རྫ་ཆུ་ཁ་བའི་དགེ་རྩེ་ཨ་རིག་རྫ་བ་ཞེས་པའི་འབྲོག་སྡེ་རུ། དག་སྣང་ཉམས་རྟོགས་ཀྱི་གདེང་དང་ལྡན་པའི་རྣལ་འབྱོར་པ་ཡབ་གྲགས་པ་རྒྱལ་མཚན་དང། ཡུམ་ཞི་འཇམ་གྱི་ཀུན་སྤྱོད་ལྡན་པའི་མཁའ་འགྲོ་མ་དཀའ་ལྡོག་ལྷ་མོ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་ཕྱི་ལོ་༡༩༣༡ ལོར་སྐུ་འཁྲུངས། བྱིས་དུས་ནས་བྱམས་སྙིང་རྗེ་སོགས་ལྷན་སྐྱེས་སུ་མངའ་ཞིང། ཕྱི་ལོ་༡༩༣༨ ལོར་དགུང་ལོ་བརྒྱད་ཐོག་ཀློག་གི་སློབ་དཔོན་དཀོན་མཆོག་བསྟན་འཛིན་ལས་ཡི་གེ་འབྲི་ཀློག་གི་འགོ་བཙུགས་ནས་ཚེགས་མེད་དུ་མཁྱེན།

མདོ་སྔགས་རིག་གནས་ཀྱི་ཆོས་ཚུལ་ཇི་ལྟར་གསན་ཚུལ།

ཕྱི་ལོ་༡༩༣༩ ལོར་རྒྱལ་བ་ཞེ་ཆེན་པའི་དགོན་ལག་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ཕྱག་བཞེས་འཁྲུལ་མེད་དུ་སྐྱོང་བའི་ཆོས་སྡེ་ཆེན་པོ་ཆེ་རྫ་ཕུ་ཁུངས་དགོན་བདེ་ཆེན་ཆོས་འཁོར་ལྷུན་པོ་རུ་ཚོགས་ཞུགས་གནང། ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེའི་མདུན་ནས་སྔ་འགྱུར་བཀའ་མའི་དབང་ལུང་ཡོངས་རྫོགས་དང་ཞེ་ཆེན་རྒྱལ་ཚབ་བཀའ་འབུམ་དབང་ལུང་སོགས་གསན། དགུང་ལོ་བཅུ་གཅིག་པར་བརྟན་མཁས་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཕུ་ཁུངས་མཁན་རྒན་དགེ་ལེགས་གྲགས་པ་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་མདུན་ནས་རབ་ཏུ་བྱུང། དེ་ནས་རིམ་བཞིན་སྐུ་ཞང་མཁན་པོ་ཤེས་རབ་མཆོག་གི་མདུན་ནས་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་སྨིན་ཁྲིད་ལན་གསུམ་སོགས་དང། བོད་ཡིག་གི་དབུ་ཅན་དབུ་མེད་འཁྱུག་བྲིས་སོགས་སྦྱངས་ནས་པོད་བརྒྱ་ཕྲག་ལྷག་ཕྱག་བྲིས་གནང། གཞན་ཡང་ཨོ་རྒྱན་སྨིན་གྲོལ་གླིང་གི་ལུགས་ཀྱི་མཐོང་བ་བརྒྱུད་པའི་ཕྱག་བཞེས་རྣམས་བྱང་ཆུབ་པར་སྦྱངས། དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱི་མདུན་ནས་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་སྨིན་ཁྲིད་རྒྱས་པར་གསན། མཁན་པོ་འཇིགས་མེད་བསྟན་འཛིན་ལས་དཀར་རྩིས་ཉིན་བྱེད་སྣང་བ་དང་འབྱུང་རྩིས་ཟླ་བའི་འོད་ཟེར། རླུང་ནག་མཁན་པོ་ལས་དབྱངས་འཆར་ས་རིས་དང་བཅས་པ་གསན། རྩིས་པ་ཚེ་རིང་རྡོ་རྗེ་ལས་དཀར་རྩིས་ཀྱི་མཐའ་དཔྱད། མགར་ལྷ་རྒྱལ་ལས་གཟའ་ལྔའི་དཀའ་གནད་དང་གོ་ལའི་ཐིག་རྩ། བཻ་དཀར་དང་བཅས་པའི་གོ་དོན་དང་བྱེད་གྲུབ་ཟུང་འབྲེལ་གྱི་ལོ་ཐོའི་ལག་ལེན་དམར་ཁྲིད་སོགས་གསན། ཕུགས་ལུགས་བྱེད་གྲུབ་ཟུང་འབྲེལ་གྱི་ལོ་ཐོ་ལོ་བརྒྱད་ཙམ་ལ་འདོན་སྤེལ་གནང། དེ་བཞིན་མགར་ལྷ་རྒྱལ་གྱི་མདུན་ནས་དགེ་རྩེ་མ་ཧཱ་པཎྜི་ཏས་མཛད་པའི་དབྱངས་ཅན་སྒྲ་མདོའི་འགྲེལ་པས་མཚོན་ཀ་ཙན་དབྱངས་གསུམ་ལ་ལོ་ཤས་རིང་ལེགས་པར་སྦྱངས། བླ་མ་མཁས་བཙུན་ལས་དཀྱིལ་འཁོར་གྱི་ཐིག་རྩ་དང་རྡུལ་ཚོན་སོགས་མཐོང་བ་བརྒྱུད་པའི་ཕྱག་བཞེས་དང། ཡིག་མཁན་ཁྲོམ་ཐོག་ཨ་པད་ཀྱི་མདུན་ནས་ཞེ་ཆེན་དབོན་སྤྲུལ་ཕྱག་རྒྱུན་ལཉྫ་ཝརྟུ་སོགས་ཡིག་རིགས་དུ་མའི་བྲིས་རྒྱུན་སྦྱངས། མཁན་པོ་ཆོས་རྡོར་ལས་མཆོད་རྟེན་གྱི་ཐིག་རྩ་སྣ་ཚོགས་དང་ལྷའི་ཐིག་རྩ་དང་འབྲེལ་བའི་ཐང་ཀའི་རི་མོ་སོགས་ལ་སྦྱངས་ནས་ལག་ལེན་རང་སྐྱ་ཐུབ་པར་གྱུར། ༡༩༤༩ ལོ་དགུང་གྲངས་བཅུ་བདུན་ཐོག་རྫ་ཕུ་ཁུངས་དགོན་པའི་བཤད་གྲྭར་ཞུགས་ནས་ལོ་བརྒྱད་ཀྱི་རིང་ལ། མཁན་པོ་ཆོས་རྡོར་དང་མཁན་པོ་པདྨ་ཐབས་མཁས། མཁན་པོ་འགྱུར་མེད་མཁྱེན་རབ། མཁན་པོ་འཇིགས་མེད་བསྟན་འཛིན་སོགས་མཉེས་པ་གསུམ་གྱི་སྒོ་ནས་བསྟེན་ནས་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་བཀའ་སྲོལ་རྨད་དུ་བྱུང་བའི་དགོངས་དོན་གསལ་བར་སྟོན་པ་འཇམ་མགོན་མི་ཕམ་ཡབ་སྲས་ཀྱི་གཞུང་འགྲེལ་རྣམས་དང། ཇི་སྐད་དུ། མདོ་དང་མདོ་རྩ་འདུལ་བའི་སྡེ་སྣོད་དང།། རྩ་འཇུག་བཞི་སྤྱོད་ཟབ་མོ་དབུ་མའི་གཞུང།། བྱམས་ཆོས་སྡེ་ལྔ་མདོ་སྡེའི་སྡེ་སྣོད་དེ།། མཛོད་དང་ཀུན་བཏུས་མངོན་པའི་སྡེ་སྣོད་ཡིན།། ཞེས་གཞུང་ཆེན་བཅུ་གསུམ་རྩ་འགྲེལ་སོགས་གཙོ་བྱས་པའི་ས་སྐྱ་བཀའ་བརྒྱུད་དགེ་ལྡན་བཅས་ཀྱི་ཡིག་ཆ་ཆེ་ཁག་གཞུང་འགྲེལ་རྣམས་ལ་ཐོས་བསམ་མཐའ་དཔྱད་དཔྱིས་ཕྱིན་པ་གནང་ནས་གྲུབ་མཐའ་ཀུན་ལ་དག་སྣང་རིས་མེད་འཇོག་གནང་མཛད། དགུང་གྲངས་བཅོ་བརྒྱད་པར་ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེའི་མདུན་ནས་རིན་ཆེན་གཏེར་མཛོད་ཀྱི་དབང་དང་སྤྱི་བོའི་དགེ་སློང་མཆོག་གིས་ལུང་བཅས་རྒྱས་པར་ཐོབ། དགུང་ལོ་བཅུ་དགུ་པར་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ལས་རྫོགས་པ་ཆེན་པོའི་ཁྲིད་ཡིག་ཡེ་ཤེས་བླ་མ་དང་དབང་བཞིའི་མན་ངག་དང་འབྲེལ་བའི་ཟབ་པའི་གདམ་པ་མང་པོ་གསན་ནས་ཚེ་དང་སྒྲུབ་པ་མཉམ་པའི་རྟེན་འབྲེལ་བཟང་པོ་ངང་གིས་འགྲིག བྱ་བྲལ་ཨ་ཁུ་ནམ་མཁའ་ཡེ་ཤེས་ལས། ཤེར་འགྲེལ་ཀེ་ཏ་ཀ་དང་བརྒལ་ལན་རྣམ་གསུམ་དང་རལ་གྲི་ལྔ་དང་ཨུཏྤལ་ལྔ་སོགས་གསན། དེ་ནས་དགུང་ལོ་ཉི་ཤུ་ནས་ཉེར་དྲུག་བར་ལོ་རེ་བཞིན་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་བསྙེན་མཚམས་ལ་ཞག་བརྒྱ་རེ་བཞུགས། ཕྱི་ལོ་༡༩༥༥ ལོར་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མཁན་པོ་ཐུབ་དགའ་ཡིད་བཞིན་ནོར་བུ་ལས་རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་པ་ཕྱོགས་བཅུའི་མུན་སེལ་སོགས་རྩ་འགྲེལ་ཆ་ལག་དང་བཅས་པ་དང་གསང་སྙིང་ཞག་བཅུའི་སྒྲུབ་མཆོད་གྱིེ་ཕྱག་བཞེས་སོགས་གསན། བྱང་སེམས་སྤྱོད་འཇུག་གི་སྨིན་ཁྲིད་ཟབ་མོ་དཔལ་སྤྲུལ་ནས་བརྒྱུད་པ་དེ་ཐོབ་ནས་ཐུགས་ཉམས་སུ་བསྟར་ཅིང་གཞན་ཟབ་ཆོས་མང་དུ་གསན། ཕྱི་ལོ་༡༩༤༧ ལོར་དགེ་གོང་དུ་བོད་སྤྲུལ་མདོ་སྔགས་བསྟན་འཛིན་གྱི་མདུན་ནས་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་བ་དང། དབུ་མ་བཞི་བརྒྱ་པའི་འགྲེལ་པ། ལྟ་གྲུབ་ལྟ་འབྱེད་རྩ་འགྲེལ་སོགས་གསན། ཀུན་མཁྱེན་རོང་ཀློང་དང་འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་རབ་ལ་གཞན་དྲིང་མི་འཇོག་པའི་སྤོབས་པ་བརྙེས། ཕྱི་ལོ་༡༩༥༨ ལོར་ཨ་འཛོམས་དགོན་པར་ཕེབས་ནས། ཚེ་རབས་ལས་ཀྱིས་འབྲེལ་བའི་བླ་མ་ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་མདུན་ནས་རྫོགས་པ་ཆེན་པོ་སྙིང་ཐིག་གི་ཡང་ཞུན་ཁྲིད་ཡིག་ཡེ་ཤེས་བླ་མའི་སྙན་བརྒྱུད་སྨིན་ཁྲིད་ཆ་ལག་དང་བཅས་པ་བུམ་པ་གང་བྱོས་ཀྱི་ཚུལ་དུ་གསན། དེ་ཡང་ཨ་འཛོམས་ཚང་གི་ཁྲིད་རྒྱུན་ལྟར་རུ་ཤན་སོགས་ཕྱི་ནང་གི་སྔོན་འགྲོའི་ཁྲིད་རྐང་རྣམ་གྲུབ་རྗེས་མཁན་རིན་པོ་ཆེ་གཅིག་པུ་ལ་མན་ངག་སྙན་བརྒྱུད་ཟབ་མོ་སྨིན་ཁྲིད་རྒྱས་པར་གནང། དེ་ནས་བཟུང་ཁྲེགས་ཆོད་ཐོད་རྒལ་གྱི་ཉམས་ལེན་ཆུ་བོའི་རྒྱུན་བཞིན་བསྐྱངས་ནས་རང་སྣང་རིག་སྟོང་ཡེ་ཤེས་ཀྱི་དགོངས་པ་ལ་མངའ་དབང་འབྱོར། ཨ་འཛོམས་སུ་བཞུགས་དུས་ཨ་འཛོམས་རྒྱལ་སྲས་ཀྱིས། རྫོགས་ཆེན་དུ་མཁན་ཆེན་ཞི་འཚོའི་སྤྲུལ་པ་བཅུ་གསུམ་བྱོན་རྒྱུ་ཡིན་པ་ལུང་བསྟན་ཡོད་པས། བསྙེན་རྫོགས་རྫོགས་ཆེན་མཁན་པོ་ཐུབ་སྙན་ལས་ཞུས་ན་རྟེན་འབྲེལ་ལེགས་ཚུལ་གསུངས་པས། རྫོགས་ཆེན་དགོན་པ་ལ་ཕེབས་ནས་མཁན་པོ་ཐུབ་སྙན་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། རྫོགས་ཆེན་དུ་གསང་སྙིང་སྤྱི་དོན་མཛོད་ཀྱི་ལྡེ་མིག་སོགས་གསུང་ཆོས་མང་དུ་གསན། གཞན་ཡང་མཁན་པོ་ཐུབ་པེ་དང་མཁན་པོ་ཚུལ་དགའ་སོགས་བཤེས་གཉེན་མང་པོ་བསྟེན། དེ་རྗེས་ཞེ་ཆེན་དགོན་པར་ཕེབས་ནས་རབ་འབྱམས་དྲུག་པ་སྣང་མཛད་གྲུབ་པའི་རྡོ་རྗེས་ཐུགས་མཉེས་པའི་ངང་ནས་ཞེ་ཆེན་བཤད་གྲྭར་བཞུགས་དགོས་ཚུལ་གསུངས་པ་བཞིན་བཞུགས་ནས་དེ་རུ་མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་མདུན་ནས་གཉུག་སེམས་སྐོར་གསུམ་སོགས་ཟབ་ཆོས་མང་པོ་གསན། རབ་འབྱམས་རིན་པོ་ཆེས་བཀའ་ལྟར་ཨ་རིག་རྫ་རུ་ཕྱིར་ཕེབས་གནང་བ་དང། དེ་ནས་བོད་ཁམས་རྒྱ་ནག་གིས་བཙན་བཟུང་བྱས་ནས་དགོན་སྡེ་གཏོར་བ་སོགས་དུས་ངན་གྱི་སྐབས་སུ། མཁན་རིན་པོ་ཆེ་ལ་འཐབ་འཛིང་སོགས་མ་བྱས་པར་ལོ་ཉི་ཤུ་ལྷག་གི་རིང་ལ་གནས་གཅིག་ཏུ་བཞུགས་ནས། མདོ་སྔགས་ཀྱི་གཞུང་ལ་ཉམས་ལེན་འབའ་ཞིག་མཛད།


རྗེས་འཇུག་གདུལ་བྱའི་ཆེད་དུ་མཛད་པའི་གསུང་རྩོམ་གྱི་སྐོར།

རྗེས་འཇུག་གདུལ་བྱའི་ཆེད་དུ་བཞག་པའི་གསུང་རྩོམ་གྱི་སྐོར་ལ། དགེ་རྩེའི་སྒྲ་ཊཱིཀ་གི་ལྷན་ཐབས། བླ་མའི་རྣལ་འབྱོར་དང། རྒྱལ་བསྟན་རིན་པོ་ཆེ་གནས་ཚད་ཀྱི་ལོ་ཚིགས། དབུ་མ་ཐལ་རང་གི་ཁྱད་པར་དང་གོ་དོན། ངེས་དོན་དབུ་མ་ཆེན་པོའི་སྒོམ་རིམ། དབུ་ཕར་ཚད་མངོན་སོགས་མདོ་སྔགས་གཞུང་ཆེན་འགའི་དཀའ་གནད། མདོ་སྔགས་གཞུང་ཆེན་ཁག་གི་དཀའ་གནད་ཞུས་ལན་པཎ་ཆེན་བླ་མའི་ཞལ་ལུང། ངག་རླུང་བྱིན་གྱིས་རླབས་ཚུལ་གྱི་ཞལ་རྒྱུན། གླིང་དཀར་དུས་སྟོན་གྱི་གཏམ་དགྲ་བླ་དགྱེས་པའི་ཚངས་དབྱངས། བདེ་ཆེན་ཞིང་ཁྲིད་ཀྱི་བཤད་པ་མདོར་བསྡུས། གཞན་ཡང་བསྟོད་ཚོགས་དང་ཞལ་གདམ་མགུར་གླུའི་སྐོར་སོགས་བཞུགས་སོ།།

གསུང་ལས་སྐྱེས་པའི་རྒྱུན་འཛིན་ཞལ་སློབ་ཀྱི་སྐོར།

མཁན་ཆེན་པདྨ་ཚེ་དབང་རིན་པོ་ཆེའི་གསུང་ལས་སྐྱེས་པའི་ཞལ་སློབ་ཅི་སྙེད་ཅིག་ཡོད་པའི་ནང་ནས་སློབ་མའི་གཙོ་བོ་ཁག་ཅིག་ངོ་སྤྲོད་ཞུས་ན། རྫོགས་ཆེན་མཁན་ཆེན་ཁྲི་པ་ཨོ་རྒྱན་རིག་འཛིན། ཨ་རིག་མཁན་ཆེན་རིན་ཆེན་ཕུན་ཚོགས། རྫོགས་ཆེན་མཁན་པོ་ཆོས་དགའ། ཟུར་མང་མཁན་པོ་ཀརྨ་མཆོག་ལྡན། གོ་འཇོ་མཁན་པོ་པདྨ་བསྟན་འཛིན། སྒྲུབ་བརྒྱུད་སྤྲུལ་སྐུ་སྐྱེ་སྔ། གད་ཐོག་མཁན་པོ་སྨུག་རྡོག སྐུ་ཚ་འབྲུག་གྲགས་སྤྲུལ་སྐུ། དཔལ་སྤུངས་བྱེས་ཀྱི་མཁན་པོ་ཚུལ་ཁྲིམས་རྣམ་དག བྱ་བྲལ་འོད་གསལ་རང་གྲོལ། རི་བོ་ཆེ་སྤྲུལ་སྐུ་དགེ་རྒྱམ། ཨ་རིག་མཁན་པོ་ཐུབ་བསྟན་སྨོན་ལམ། མཁན་པོ་པདྨ་རིག་འཛིན། ཕུ་ཁུངས་མཆོག་སྤྲུལ། སྐྱོ་བྲག་མཁན་པོ་དམ་ཆོས་ཟླ་བ། ཁྲོ་ཤུལ་མཁན་པོ་དམ་ཆོས་རྡོ་རྗེ། གོ་ཆེ་མཁན་པོ་བསྟན་རབ། ཨ་རིག་མཁན་པོ་ཤེར་བཟང་། ནང་ཆེན་མཁན་པོ་ཚུལ་ཁྲིམས་དཔལ་ལྡན། མཁན་པོ་ཚེ་རིང་བཀྲ་ཤིས། ཚོགས་ཤུལ་སྤྲུལ་སྐུ་ཕྲིན་ལས་དོན་གྲུབ་སོགས་མཁས་ཤིང་གྲུབ་པའི་ཞལ་སློབ་གང་མང་ཞིག་གསོ་སྐྱོང་གནང་ཡོད་པ་རེད།

སངས་རྒྱས་ཀྱི་བསྟན་པ་མཛད་རྗེས་ཇི་ལྟར་བཞག་ཚུལ།

རྒྱ་ནག་གཞུང་གིས་སྲིད་ཇུས་ཅུང་གུ་ཡངས་བཏང་བའི་རྗེས་སུ་ད་ལྟ་དར་མདོ་གཡག་ར་ལྟག་སྒོ་རུ་ཡོད་པའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཐོག་མར་དཀར་མཛེས་ཁུལ་སྡེ་དགེ་རྫོགས་ཆེན་དུ་བཙུགས་སྐབས། བོད་ཀྱི་ཆོས་དང་རིག་གནས་ལ་ཉམ་ཆགས་ཆེན་པོ་ཞིག་བྱུང་བ་དེ་སླར་གསོ་ཕྱིར་དུ། གཟན་དཀར་སྤྲུལ་སྐུ་ཐུབ་བསྟན་ཉི་མ་སོགས་ཀྱིས་གདན་ཞུས་གནང་བ་བཞིན་ཕྱི་ལོ་༡༩༨༢ ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་སླེབས་ནས་དཀར་མཛེས་ཁུལ་དང་རྔ་བ་ཁུལ་ནས་གཙོ་བོ་ཕེབས་པའི་སློབ་མ་བརྒྱ་ཕྲག་འགའ་ལ། ལོ་ལྔའི་རིང་ལ་བཅུ་ཕྲག་རིག་གནས་འཆད་རྩོད་རྩོམ་གསུམ་གྱི་སློབ་ཁྲིད་བཟང་པོ་གནང་ནས། བོད་ཀྱི་ཆོས་དང་རིག་གཞུང་ནུབ་ལ་ཉེ་བའི་སྐབས་དེར། སྲོག་མཐུད་པ་ལྟར་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ལ་མཛད་རྗེས་བླ་ལྷག་བཞག སྐབས་དེའི་སློབ་མ་དེ་ཚོ་ད་ལྟ་བོད་ནང་གི་བོད་ཀྱི་རིག་གནས་དར་སྤེལ་སྲུང་སྐྱོབ་བྱེད་པའི་རྐང་འཛིན་པ་གཙོ་བོ་ཞིག་ཆགས་ཡོད་པ་རེད། ཕྱིས་སུ་ཐེངས་དུ་མར་སི་ཁྲོན་བོད་ཡིག་སློབ་གྲྭ་རུ་སློབ་ཁྲིད་གནང་བར་ཕེབས་གནང། དེ་རྗེས་ལོ་ཤས་དབྱར་ཁའི་སྐབས་སུ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་ཕེབས་ནས་དབྱར་གནས་གསར་འཛུགས་དང་ཞེ་ཆེན་བཤད་གྲྭ་གསར་བཙུགས་གནང་སྟེ་ལན་གྲངས་དུ་མར་ཕེབས་ནས་གཞུང་ཆེན་མང་པོ་འཆད་ཁྲིད་གནང། ཕྱི་ལོ་༡༩༨༧ ལོར་རྫ་ཕུ་ཁུངས་དགོན་དུ་ཨ་རིག་ཆོས་གྲྭ་ཆེན་མོ་རྟེན་བརྟེན་པར་བཅས་པ་གསར་བཞེངས་གནང་ནས། མཁན་ཆེན་དམ་པ་མཆོག་གིས་གདན་ས་གཙོ་བོ་གནང། ཕྱོགས་ནས་ཕེབས་པའི་དད་ལྡན་སློབ་ཚོགས་རྣམས་ལ་མདོ་སྔགས་རིག་གནས་དང་བཅས་པའི་ཟབ་རྒྱས་ལེགས་བཤད་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་དུ་བསྐོར། དེ་བཞིན་ས་དགེ་བཀའ་རྙིང་གི་ཆོས་སྡེ་དུ་མའི་ནང་ཕེབས་ནས་མདོ་སྔགས་ཀྱི་གཞུང་མང་པོ་འཆད་སྤེལ་གནང།

ཕྱི་ལོ་༡༩༩༦ ལོ་ནས་མཁན་རིན་པོ་ཆེ་བོད་ཡུལ་སྟོད་སྨད་དང་རྒྱ་ནག བལ་ཡུལ། རྒྱ་གར། འབྲུག འབྲས་ལྗོངས། ཡོ་རོབ། ཨུ་རུ་སུ། ཨ་རི། ཁེ་ན་ཌ། ཉི་ཧོང། ཐེ་ཝན། ཧོང་ཀོང། སིང་ག་ལ། སིངྒ་པོར་སོགས་འཛམ་གླིང་གི་རྒྱལ་ཁབ་ཁག་ཅིག་ཏུ་ཕེབས་ནས། གདུལ་བྱ་དུས་ལ་བབ་རྣམས་ལ་ཟབ་མོ་ཆོས་ཀྱི་བགོ་སྐལ་གནང་ནས་སེམས་ཅན་མང་པོའི་སེམས་སྨིན་པར་བྱས་པ་དང་སེམས་ལ་ཟབ་ཆོས་ཀྱི་བག་ཆགས་བླ་ན་མེད་པ་འཇོག་གནང་མཛད།།

མཛད་པ་མཐའ་མ་སྐུ་གཤེགས་པའི་སྐོར།

དམ་པ་གང་ཉིད་དགུང་གྲངས་བདུན་ཅུ་དོན་གཉིས་བཞེས་པ་ཆུ་རྟ་ཕྱི་ལོ་༢༠༠༢ ལོའི་ཧོར་ཟླ་དང་པོའི་ཡར་ཚེས་ནང་བསམ་ཡས་མཆིམས་ཕུར་ཕེབས་པའི་ཐུགས་བཞེད་བཞིན། རྒྱ་ནག་ཁྲིན་ཏུའུ་ནས་གནམ་གྲུར་བཞུགས་ཏེ་བསམ་ཡས་སུ་ཕེབས་པར་འདུས་སྡེ་ཡོངས་ཀྱིས་བསུ་མ་རྒྱ་ཆེན་དང་བཅས་བསམ་ཡས་སུ་ཞབས་སོར་བཀོད། སྐབས་དེར་བསྙུན་གཞི་ཅུང་ཙམ་བཞེས་པའི་ཚུལ་བསྟན་ཡོད་ཀྱང། ཉིན་འགའི་རྗེས་སྙུན་གཞི་ཡར་དྭངས་དང་སྐུ་ལུས་ཇེ་ཡང་ལྟ་བུར་གྱུར་ནས་ཚོགས་མང་ཡོངས་ལ་ཐེག་ཆེན་བྱང་སེམས་ཀྱི་ཕན་ཡོན་ལས་བརྩམས་པའི་ཆོས་འབྲེལ་གསུངས་པ་དང། ཕྱི་ཉིན་ཚེས་བཅུའི་སྔ་དྲོར་ཚོགས་མཆོད་ཅིག་ཕུལ་ནས་དེ་ཉིན་ཞིང་དུ་གཤེགས་རྒྱུ་ཡིན་ཚུལ་གསུངས་པ་ན། བུ་སློབ་རྣམས་ཀྱིས་གསོལ་བ་ནན་གྱིས་བཏབ་ངོར་ཞག་བཅོ་ལྔ་ལ་ཞིང་འདིར་བཞུགས། ཟླ་དེའི་མར་ངོས་ཀྱི་ཚེས་༢༥ མཁའ་འགྲོ་འདུ་བའི་དུས་ཆེན་གྱི་སྔ་དྲོའི་ཆ་ལ་སྐུ་རྣམ་སྣང་ཆོས་བདུན་གྱིས་བཞུགས་ནས་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ།།

བོད་ཟླ་༢ ཡར་ཚེས་༡༥ ཉིན་མཆིམས་ཕུ་བྲག་དམར་ཀེ་ཚང་གི་ཉེ་འགྲམ་ཟངས་མདོག་དཔལ་གྱི་རི་བོའི་མགུལ་དུ་རྡོར་སྨིན་བསམ་ཡས་སོགས་ཀྱི་འདུས་པ་མང་པོས་ལས་བཞིའི་སྦྱིན་སྲེག་གི་སྒོ་ནས་སྐུ་གདུང་རིན་པོ་ཆེ་ཞུགས་ལ་ཕུལ་བ་ན། ལྷོ་ནས་བྱང་དུ་སྣ་ལྔའི་མཇའ་ཚོན་དང༌། ཤར་ནས་ནུབ་ཏུ་ནམ་མཁའི་མདངས་དང་མ་འདྲེས་པའི་མཇའ་འོད་སྔོན་པོ་བ་ཐག་བརྐྱངས་པ་ལྟ་བུ་དེར་ཡོད་གདུང་མཇལ་བ་མཆོག་ཕལ་ཡོངས་ཀྱིས་མིག་གི་བདུད་རྩིར་གྱུར་པ་དང༌། འབྱུང་འགྱུར་གདུལ་བྱའི་བསོད་ནམས་ཀྱི་རྟེན་སྐལ་དུ་དབུ་ཐོད་བུམ་རིལ་མེས་མ་ཚིགས་པར་ཡི་དམ་དཔལ་ཆེན་པོའི་སྐུ་རང་བྱོན་དུ་གསལ་བ་སོགས་ཐ་མའི་མཛད་པ་མཐོང་ཞིང་ཐོས་པ་དག་ཀྱང་རྣམ་པར་གྲོལ་བའི་ས་ལ་དབུགས་འབྱིན་པར་མཛད་དོ།།

སྔ་འགྱུར་རིག་འཛིན་རྩོམ་སྒྲིག་ཁང་ནས་བསྡུ་སྒྲིག་ཞུས།། སྔ་འགྱུར་རིག་འཛིན་དུས་དེབ་འདོན་ཐེངས་ལྔ་པ་ལས་དྲངས།

== https://web.archive.org/web/20140821053836/http://dhege.org/%E0%BD%A8%E0%BC%8B%E0%BD%A2%E0%BD%B2%E0%BD%82%E0%BC%8B%E0%BD%98%E0%BD%81%E0%BD%93%E0%BC%8B%E0%BD%86%E0%BD%BA%E0%BD%93%E0%BC%8B%E0%BD%94%E0%BD%91%E0%BE%A8%E0%BC%8B%E0%BD%9A%E0%BD%BA%E0%BC%8B%E0%BD%91/