ཨ་ཝ་དྷུ་ཏིའི་ལམ་
ནང་པ་འི་སྔགས་ཀྱི་ཆོས་ལུགས་ཀྱི་བཤད་སྲོལ་ལ། མི་རྣམས་ཀྱི་ལུས་ཀྱི་ནང་དུ་རྩ་ཡི་གཙོ་བོ་གསུམ། འཁོར་དང་བཅས་ན་བདུན་ཁྲི་ཉིས་སྟོང་ཡོད་པ་དང་། དེའི་ནང་ནས་རྩ་ཡི་གཙོ་བོ་གསུམ་ནི། ཁུ་ཁྲག་རླངས་གསུམ་འབབས་པའི་གནས་ཏེ། གཡས་ཀྱི་རྩ་རྐྱང་མ་ནས་ཁུ་བ། གཡོན་གྱི་རོ་མ་ནས་ཁྲག་འབབ་ཅིང་། དབུས་ཀྱི་རྩ་དབུ་མའི་ནང་སྙིང་ཁའི་ཐད་ཀྱི་རྩ་མདུད་གསུམ་ཡོད་པའི་ནང་དུ་རྣམ་ཤེས་དང་པོར་གང་དུ་ཆགས་པའི་གནས་མི་ཤིགས་པའི་ཐིག་ལེ་རྒྱ་སྲན་ཙམ་ཡོད་པ་དང་། འཆི་བའི་དུས་ཀྱང་། རྣམ་ཤེས་རགས་པ་རྣམས་རིམ་གྱིས་བསྡུས་ཏེ། ལུས་ཀྱི་འབྱུང་བ་རྣམས་ཐིམ་ཚར་བའི་རྗེས། རྣམ་ཤེས་ཤིན་དུ་ཕྲ་བ་དེ་ཉིད་མི་ཤིགས་པའི་ཐིག་ལེའི་དཀྱིལ་ནས་ཐོན་པ་དང་། ལུས་སེམས་ཀྱི་འབྲེལ་བ་ཆད་ནས་ཤི་བ་ཞེས་ཟེར། ཐིག་ལེའི་ནང་ནས་རྣམ་ཤེས་ཐོན་པ་དང་། དེའི་རྟགས་གཤིན་པོའི་སྣ་བུག་ནས་ཁྲག་དང་། གསང་གནས་ནས་ཁུ་བ་འབབ་པ་ཡིན་ཙང་། དེ་དང་དུས་མཉམ་དུ་བར་དོ་གྲུབ་པ་ཡིན་ཟེར་སྲོལ་ཡོད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།