ཨ་མེས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་
དཔལ་ས་སྐྱ་དགོན་གྱི་ཁྲི་པ་ཉེར་དྲུག་པ་འདི་ཉིད་རབ་བྱུང་དགུ་པའི་མེ་བྱ(༡༥༣༧)ལོར་ཡབ་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དང་། ཡུམ་ལྕང་མོ་སྲས་བསོད་ནམས་རྒྱལ་མོ་གཉིས་ཀྱི་སྲས་སུ་ས་སྐྱའི་ལྷ་ཁང་ཆེན་མོ་ཕུན་ཚོགས་གླིང་གི་བླ་བྲང་དུ་སྐུ་བལྟམས། གཞོན་ནུ་ནས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་ཡོངས་རྫོགས་དགེ་བསྙེན་རྡོ་རྗེ་འཛིན་པའི་བརྟུལ་ཞུགས་ལ་གནས་པར་མཛད། དགུང་གྲངས་ཉི་ཤུ་རྩ་བཞི་བཞེས་པ་རབ་བྱུང་དགུ་པའི་ལྕགས་སྤྲེལ(༡༥༦༠)ལོར་ས་སྐྱ་དགོན་གྱི་གདན་ཁྲིར་ཕེབས། དགུང་གྲངས་སོ་གསུམ་བཞེས་པ་རབ་བྱུང་བཅུ་པའི་ས་སྦྲུལ(༡༥༦༩)ལོར་《འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང》ཞེས་བྱ་བ་ལྗགས་རྩོམ་མཛད་པ་སོགས་ལུགས་གཉིས་ཀྱི་མཛད་འཕྲིན་ལེགས་པར་སྤེལ། འདས་ལོ་མི་གསལ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།