ཧོ་ནམ་ཧུར་པའི་མའི་སའི་ལྷ་ཁང་

ཡོང་ཁུངས་Wikipedia

ཧོན་ནན་ཧྥུར་པེ་མཱ་སིའི་(白马寺)ལྷ་ཁང་སྟེ་མ་ཡིག་ནང་གི་ཚིག་འདི་ལོ་ཙཱ་བས་རྒྱ་ཡིག་ནས་བོད་སྐད་དུ་སྒྱུར་སྐབས་རྒྱ་སྐད་ཀྱི་སྒྲ་ཐོན་པོ་མ་བྱུང་བ་ཡིན་པ་ལས། དོན་དུ་ཟུར་མཆན་ནང་བཀོད་པ་ལྟར་ཡིན་ཏེ། ཧོ་ནན་ཧྥུ་ཞེས་པ་ནི་ཏུང་ཧན་རྒྱལ་རབས་སྐབས་ཀྱི་ཧྥུ་རིམ་པའི་སྲིད་གཞུང་གནས་ཡུལ་ཡིན་ཞིང། དེང་སང་ཧོ་ནན་ཞིང་ཆེན་གྱི་ལོའོ་དབྱང་གྲོང་ཁྱེར་ཡིན། པེ་མཱ་སིའི་ལྷ་ཁང་ནི། ལོའོ་དབྱང་(洛阳)གྲོང་ཁྱེར་གྱི་ཤར་ཕྱོགས་སྤྱི་ལེ་བཅུ་གཉིས་ཀྱི་སར་ཡོད། དགོན་པ་འདི་ནི་ཀྲུང་གོའི་ལོ་རྒྱུས་ཐོག་ཆེས་སྔ་ཤོས་ཀྱི་ནང་དགོན་པ་ཞིག་ཡིན། དེ་སྔོན་ལོ་རྒྱུས་ཐོག་བཤད་སྲོལ་ལ། ཏུང་ཧན་རྒྱལ་རབས་ཀྱི་གོང་མ་གཉིས་པ་ཧན་མིང་རྟིའི་ཡུང་ཕིང་(汉明帝永平)ཁྲི་ལོ་བརྒྱད་པ་ཤིང་གླང་སྤྱི་ལོ་༦༥ལོར་(སངས་རྒྱས་འདས་ལོ་༡༠༡༣)ཕོ་ཉ་བ་ཚའི་ཡིན་(蔡愔)ཟེར་བ་ཞིག་རྒྱ་གར་དུ་ཆོས་འཚོལ་བར་བཏང་བ་ལས། ཏུན་ཧོང་(རྒྱ་ཡིག་དཔྱད་གཞིའི་ནང་གཡུའི་ཧྲི་(月氏)ཞེས་གསལ་)དུ་སླེབས་སྐབས་རྒྱ་གར་ནས་དགྲ་བཅོམ་པ་མ་ཏང་གེ་(迦叶摩腾)(འདི་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་མ་ཏང་གེ་ཟེར་བ་དེ་ཡིན་མིན་བརྟག་)དང་པཎྜི་ཏ་ཧྥ་ལན་(法兰)ཞེས་པ་གཉིས་ཀྱིས་རྟ་དཀར་པོ་གཅིག་ལ་སྟོན་པ་སངས་རྒྱས་ཀྱི་བྲིས་སྐུ་གཅིག་དང་གསུང་རབ་འགའ་ཞིག་བཀལ་ནས་རྒྱ་ནག་ཏུ་ཚུར་བྱོན་པ་དང་མཇལ་ཏེ་ལྷན་དུ་གདན་དྲངས། དེ་གའི་སྔར་ཡོད་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས་གཉིས་གང་བཟང་འགྲན་བསྡུར་བྱེད་དུ་བཅུག་པར་སངས་རྒྱས་ཆོས་ལུགས་ལ་རྒྱལ་ཁ་ཐོབ་སྟེ་དར་སྤེལ་གཏོང་འགོ་ཚུགས། ཧོ་ནན་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་ཉེ་འདབས་སུ་པེ་མཱ་སི་སོགས་བཙུན་པའི་ལྷ་ཁང་བདུན་དང། བཙུན་མའི་ལྷ་ཁང་གསུམ། སངས་རྒྱས་ཀྱི་རིང་བསྲེལ་བཞུགས་པའི་མཆོད་རྟེན་ཆེ་བ་གཅིག་དང་བྱིན་ཐང་སི་ཟེར་བའི་དགོན་པ་ཞིག་བཞེངས་ནས་དེར་རབ་བྱུང་དྲུག་བརྒྱ་ནག་གི་ཡུལ་དུ་སངས་རྒྱས་ཆོས་ལུགས་ཀྱི་ལྷ་ཁང་དང་དགོན་པ་བྱང་སྔ་ཤོས་ཡིན་ཅིང། དགྲ་བཅོམ་པས་ཐེག་པ་ཆེ་ཆུང་གི་མདོ་སྡེའི་ནང་ནས་ཉེར་མཁོ་བསྡུས་པར་《མདོ་སྡེ་རིམ་པར་ཕྱེ་བ་ཞེ་གཉིས་པ་》ཞེས་བྱ་བ་རྒྱ་ཡིག་ཏུ་བསྒྱུར་བ་དེང་སང་ཡང་རྒྱ་ཡིག་གི་བཀའ་འགྱུར་ནང་དུ་ཡོད་ལ། པཎྜི་ཏས་《ས་བཅུ་པའི་མདོ་》ལ་སོགས་པ་མདོ་སྡེ་ལྔ་བསྒྱུར་བར་གྲགས་ཀྱང་ད་ལྟ་རྒྱ་ཡིག་གི་བཀའ་འགྱུར་ནང་དུ་མ་བཞུགས། པེ་མཱ་སིའི་དགོན་པའི་རྒྱལ་སྒོའི་གཡས་གཡོན་གཉིས་སུ་དགྲ་བཅོམ་པ་ཏང་གེ་དང། པཎྜི་ཏ་ཧྥ་ལན་གཉིས་ཀྱི་དུར་ས་དང། དེ་བཞིན་སྐུ་བརྙན་འདྲ་མིན་གཞན་དུ་མ་ཡོད་པ་དེ་དག་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་སྐབས་ཀྱི་སྐྲུན་དངོས་ཡིན་པ་དང། རིང་བསྲེལ་མཆོད་རྟེན་ཞིག་ཡོད་པ་དེ། ཅིན་(金)རྒྱལ་རབས་(མུན་ཇུ་རིགས་)ཀྱི་གོང་མ་ལྔ་པ་ཅིན་ཧྲི་ཙུང་གི་ཏཱ་ཏིང་(大定)ཁྲི་ལོ་བཅོ་ལྔ་པ་ཤིང་ལུག་(༡༡༧༥)ལོར་བཞེངས། གཞན་ཡང་ཧན་རྒྱལ་རབས་དང་ཝེད་རྒྱལ་རབས་ཀྱི་གནའ་རབས་རིག་རྫས་མང་པོ་ཡོད་པས་རྒྱལ་ཡོངས་རིག་དངོས་སྲུང་སྐྱོབ་སྡེ་ཚན་གལ་ཆེའི་གྲས་སུ་གྱུར་ཡོད།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།