སློབ་མ་མཆོག་ཟུང་གཉིས་

ཡོང་ཁུངས་Wikipedia

རྒྱལ་པོའི་ཁབ་ཀྱི་ཉེ་འཁྲིས་སུ་མིང་ལ་ཨུ་པ་ཏི་ས (UPATISSA) དང་ཀོ་ལི་ཏ (KOLITA) ཟེར་བའི་གྲོང་གསེབ་གཉིས་ཡོད་ཅིང་གྲོང་གསེབ་དེའི་འགོ་དཔོན་རྣམ་གཉིས་ཀྱི་མིང་ལ་ཡང་ཨུ་པ་ཏི་ས་དང་ཀོ་ལི་ཏ་ཟེར། ཁྱིམ་ཚང་དེ་གཉིས་ནི་ཧ་ཅང་གི་སེམས་ཐག་ཉེ་བའི་གྲོགས་པོ་བློས་ཐུབ་ཅིག་ཀྱང་ཡིན།

ཉིན་གཅིག་ཨུ་པ་ཏི་ས་ཡི་ཆུང་མ་སཱ་རི (SARI) ལ་སྲས་གཅིག་འཁྲུངས་ཤིང་དེའི་ཉིན་ཏག་ཏག་དེར་ཀོ་ལི་ཏའི་ཆུང་མ་མོ་ག་ལི (MOGGALI) ལ་ཡང་སྲས་གཅིག་འཁྲུངས། ཨུ་པ་ཏི་ས་ཡི་སྲས་ཀྱི་མཚན་ལ་ཡབ་ཀྱི་ཆ་ནས་ཨུ་པ་ཏི་ས་དང་མ་ཡུམ་སཱ་རི་ལ་འཁྲུངས་པའི་ཆ་ནས་སཱ་རིའི་བུ (SARIPUTTA) ཞེས་ཀྱང་བཏགས། ཀོ་ལི་ཏ་ཡི་སྲས་ཀྱི་མཚན་ལ་ཡང་ཡབ་ཀྱི་ཆ་ནས་ཀོ་ལི་ཏ་དང་མ་ཡུམ་མོའུ་འགལ་ལི་ལ་འཁྲུངས་པའི་ཆ་ནས་མོའུ་འགལ་གྱི་བུའམ་ཡང་ན་མོག་གལ་ལ་ན (MOGGAL LANA) ཞེས་ཀྱང་བཏགས་སོ། །

སྲས་དེ་གཉིས་ཆུང་བྱིས་པའི་དུས་ནས་བཟུང་ཧ་ཅང་གི་སྤུན་གྲོགས་མཛའ་ཞིང་མཐུན་པ་ཞིག་ཡིན་ལ། ནར་སོན་པ་ན་དུས་རྒྱུན་དུ་གཏམ་བརྗོད་དང་ཁྲབ་སྟོན་སོགས་ལ་གཟིགས་ནས་སྡོད། ཉིན་གཅིག་ལོ་ན་གཞོན་པའི་སྲས་སཱ་རིའི་བུ་དང་མོའུ་འགལ་གྱི་བུ་གཉིས་ཀྱིས། མིང་ལ་གི་ར་གཱ་ས་མ་ཇཱ (GIRAGGA SAMAJJA) ཟེར་བ་དོན་དངོས་སུ་རི་བོའི་དུས་སྟོན་སྐོར་གྱི་གཏམ་བརྗོད་ཟློས་གར་ཞིག་ལ་གཟིགས་བཞིན་པའི་སྐབས། ཁོང་གཉིས་ཀྱིས་གཏམ་བརྗོད་དང་ཁྲབ་སྟོན་ལ་བལྟས་པའི་བདེ་བ་ལས་ཀྱང་ཆེས་ལྷག་ཅིང་རྨད་དུ་བྱུང་བའི་བདེ་སྐྱིད་ཅིག་འཚོལ་བའི་ཕྱིར་ཁྱིམ་སྤངས་ཏེ་ཕེབས་རྒྱུའི་གྲོས་ཐག་བཅད།

དུས་སྐབས་དེར་རྒྱལ་པོའི་ཁབ་དང་ཐག་མི་རིང་བའི་ས་གནས་ཤིག་ན། མཚན་ལ་སན་ཇ་ཡ (SANJAYA) ཟེར་བའི་ཆོས་ཀྱི་སློབ་དཔོན་སྙན་གྲགས་ཆེ་བ་ཞིག་བཞུགས་ཡོད་པར། མཛའ་ཞིང་མཐུན་པའི་མཆེད་གྲོགས་རྣམ་གཉིས་སློབ་དཔོན་དེའི་མདུན་དུ་བཅར་ནས་ཁོང་གི་སློབ་སྟོན་དང་གདམས་ངག་ལ་ཉན་ནས་བཞུགས། དུས་ཡུན་ཅུང་ཙམ་ཕྱིན་རྗེས་ཁོང་གཉིས་སློབ་དཔོན་དེའི་གདམས་ངག་གིས་བློ་ཡིད་མ་ཚིམས་པར་སློབ་དཔོན་གཞན་ཞིག་གི་མདུན་དུ་འགྲོ་འདོད་སྐྱེས། གང་ལགས་ཤེ་ན། ཁོང་རྣམས་གཉིས་ཀྱིས་སློབ་དཔོན་འདིའི་ཐུགས་ལ་ཇི་ལྟར་མངའ་བ་དང་ཁོང་གིས་གང་གསུང་པ་ལས་ལྷག་ཅིང་མཆོག་ཏུ་གྱུར་པ་སྟེ་འཆི་བ་མེད་པའི་གོ་འཕང་འཚོལ་དགོས་སྙམ་སྟེ་སྨྲས་པ། ངེད་གཉིས་ཀྱིས་ནུས་ཤུགས་གང་ཡོད་ཀྱིས་ཐོས་བསམ་སློབ་གཉེར་དང་། སྒོམ་གྱི་ཉམས་ལེན་ལ་གཞོལ་བར་མཛད་ནས་མི་ཚེའི་བདེན་པ་རྙེད་རྒྱུར་འབད་བརྩོན་ལྷོད་མེད་བྱེད་རྒྱུར་མ་ཟད། སུས་སྔོན་ལ་བདེན་པ་མཐོང་ན་དེས་གཞན་པ་དེར་བསླབ་ཅིང་ཤེས་པར་བྱེད་དུ་འཇུག་ཅེས་བློ་ཐག་གཙང་བཅད་ཀྱིས་དམ་བཅའ་བརྟན་པོ་བཞག

ཞོགས་པ་ཞིག་ལ། སཱ་རིའི་བུ་རྒྱལ་པོའི་ཁབ་ཀྱི་ལམ་ཆེན་ཞིག་ཏུ་ཡོད་སྐབས། ཁོང་དང་རྒྱང་ཐག་ཅུང་རིང་བའི་མཚམས་ན། དྲང་སྲོང་ཞིག་ཁྱིམ་ཚང་རྣམས་ཀྱི་སྒོ་ནས་སྒོ་བརྒྱུད་དེ་བསོད་སྙོམས་ལ་ཕེབས་པ་མཐོང་བས། ཁོང་གིས་དྲང་སྲོང་དེར་མིག་གིས་འབུར་ཚུགས་སུ་བལྟས་པ་ན་དྲང་སྲོང་དེའི་སྤྱོད་ལམ་གྱི་ཆ་ཐམས་ཅད་ཀྱིས་ཁོང་ལ་ཧ་ཅང་གི་སྤྲོ་སྣང་དང་དགའ་བདེ་ཞིག་སྦྱིན། གང་ལྟར་རང་ཉིད་ལ་ཆ་རྒྱུས་མེད་པའི་དྲང་སྲོང་དེར་ཡུལ་མི་རྣམས་ཀྱིས་ཁོ་ཚོའི་ཁང་ཁྱིམ་ནས་བཟའ་བཏུང་ཁྱེར་ཏེ་ཁོང་གི་ལྷུང་བཟེད་དུ་ལྡུག་གིན་འདུག་ཅིང་། སྤྱོད་ལམ་སོགས་ཆ་གང་ཐད་ནས་ཁོང་ནི་ཇི་འདྲའི་ཡ་རབས་ཤིག་ཞི་ཞིང་དུལ་བས་ཆེས་ཤིན་ཏུ་ནས་དང་བ་འདྲེན་པ་ཞིག་ཏུ་སྣང་། མ་ཟད་དྲང་སྲོང་ཁོང་སཱ་རིའི་བུ་དང་ཐག་ཉེ་རུ་ནས་ཉེ་རུ་ཕྱིན་པ་ན། ཁོང་གི་ཞལ་ནས་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་སྟེ། དཔེར་ན་གཡའ་དག་ཅིང་སྒྲིབ་གཡོག་བྲལ་བའི་མཁའ་དབྱིངས་འོག་ལྷིང་འཇགས་དང་དྭངས་གཙང་གི་མཚོ་མོ་འཁྱིལ་བ་ཇི་བཞིན། དེ་སྔོན་དྲང་སྲོང་སུ་གང་གི་ཞལ་ནས་ཀྱང་མཇལ་མྱོང་མེད་པའི་ཡང་དག་པའི་ཞི་བདེ་བག་ཕེབས་ཤིག་མཇལ་བས། དྲང་སྲོང་ཁོང་ལ་དམིགས་པའི་གུས་བཀུར་ཡི་རང་གི་བསམ་པ་དེ་ཡང་རྨད་དུ་བྱུང་བའི་ངོ་མཚར་ནས་དད་སེམས་ཀྱི་ངོ་བོར་གྱུར་ཏེ། ཁོང་སུ་ཞིག་ཡིན་ནམ། ཞེས་སཱ་རིའི་བུ་རང་ཉིད་ཀྱིས་རང་ཉིད་ལ་ཁེར་ལབ་ཅིག་བྱས།

ད་དུང་ཁོང་གི་སེམས་སུ། དྲང་སྲོང་ཁོང་ནི་ཏན་ཏན་ཁོ་བོས་འཚོལ་བཞིན་པའི་འཆི་བ་མེད་པའི་ཐབས་ལམ་རྙེད་ཡོད་མཁན་ཞིག་གམ། ཡང་ན་འཆི་བ་མེད་པའི་གོ་འཕང་བརྙེས་ཟིན་པའི་སློབ་དཔོན་ཞིག་གི་སློབ་མ་ཡིན་པ་ཐག་གིས་ཆོད། དེས་ན་ངས་ཁོང་གི་སློབ་དཔོན་དེ་སུ་ཞིག་ཡིན་མིན་ཤེས་འདོད་འདུག ཁོང་གི་རྗེས་སུ་འབྲངས་ན་དེའི་གདམས་ངག་གིས་ང་ཡང་དེ་ལྟར་བྱེད་ཐུབ་པར་ངེས། རྒྱུ་མཚན་དེའི་ཕྱིར་ན་ང་ངེས་པར་དུ་ཁོང་གི་རྗེས་སུ་ཕྱིན་ནས་འཆི་བ་མེད་པའི་གདམས་ངག་དེ་རྙེད་ཐུབ་པ་བྱེད་དགོས་དགོངས་སོ། །

དྲང་སྲོང་དེས་དུད་ཁྱིམ་ཚང་མའི་མདུན་ནས་བསོད་སྙོམས་ཞུས་གྲུབ་སྟེ་གྲོང་ཁྱེར་གྱི་རྒྱལ་སྒོའི་ཕྱི་ལ་ཕེབས་པ་ན། སཱ་རིའི་བུ་དྲང་སྲོང་ཁོང་གི་མདུན་དུ་བཅར་ཏེ། སྤྱོད་ལམ་ཞི་ཞིང་དུལ་བའི་སྒོ་ནས་སྨྲས་པ། དྲང་སྲོང་ལགས། ཁྱེད་ཀྱི་འགྲོ་འོང་གི་སྤྱོད་ལམ་ཐམས་ཅད་ཅི་འདྲའི་ཡིད་དུ་འོང་ཞིང་། ཞལ་ནས་ཀྱང་འཛུམ་མདངས་དང་སྤྲོ་སྣང་གི་འོད་རླབས་མཆེད་བཞིན་གདའ། དེས་ན་ཁྱེད་ཀྱི་སློབ་དཔོན་སུ་ཞིག་ཡིན། སློབ་དཔོན་གྱི་མཚན་ལ་ཅི་ཟེར། ཁྱོད་ཀྱི་སློབ་དཔོན་གྱི་གདམས་ངག་ནི་ཅི་ཞིག་ཡིན། ཞེས་དྲིས་པར། དྲང་སྲོང་དེས་སྤྲོ་སྣང་དང་བཅས་ཏེ་བཤད་རྒྱུར། སྤུན་ཟླ་ལགས། དེའི་སྐོར་ངས་ཁྱོད་ལ་ཞུས་ཆོག རང་ཁྱིམ་དང་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་རྒྱབ་ལ་བསྐྱུར་ཏེ་རབ་ཏུ་བྱུང་བའི་ཤཱཀྱའི་རིགས་ཀྱི་དགེ་སྦྱོང་ཆེན་པོ་དེ་ཉིད་ངའི་སློབ་དཔོན་ཡིན། ངས་ཀྱང་སློབ་དཔོན་ཁོང་གི་རྗེས་སུ་འབྲངས་ནས་ཁྱིམ་ཐབས་སྤངས་ཏེ་རབ་ཏུ་བྱུང་བ་ལགས། དེས་ན་ཁོ་བོས་རབ་བྱུང་བསྒྲུབས་ཏེ་ཁོང་གི་རྗེས་སུ་འབྲངས་ནས་ཉམས་ལེན་བྱེད་བཞིན་པ་འདི་སློབ་དཔོན་ཁོང་གི་གདམས་ངག་རེད་ཅེས་ལན་བཏབ།

དེ་ནས་སཱ་རིའི་བུའི་དགོངས་པར། གཅིག་བྱས་ན་སྤུན་གྲོགས་མོའུ་འགལ་གྱི་བུ་དང་ངེད་གཉིས་ཀྱིས་དུས་ཡུན་རིང་པོའི་བར་འཚོལ་ཞིབ་བྱས་པའི་མི་ཚེའི་བདེན་པ་དེ། དེ་རིང་དྲང་སྲོང་འདིའི་སྐུ་མདུན་ནས་གོ་ཐུབ་རྒྱུ་རེད་སྙམ་ནས་སླར་ཡང་སྨྲས་པ། འོ་ན་ཁོང་གི་གདམས་ངག་དེ་ཅི་ཞིག་ཡིན། ཁོང་གིས་གསུངས་པའི་ཆོས་ཀྱི་ཕུང་པོ་དེ་ཡང་གང་འདྲ་ལགས། བདག་ལ་དེ་དག་ཤེས་འདོད་འདུག ཅེས་དང་བ་དང་དོ་སྣང་ཆེན་པོས་དེ་ལྟར་དྲིས་པ་ལ། དྲང་སྲོང་དེས་ཁེངས་སྐྱུང་བའི་སྒོ་ནས་སྨྲས་པ། ང་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རབ་བྱུང་གི་སྡེར་ཞུགས་མ་ཐག་པའི་གསར་ཞུགས་པ་ཞིག་ཡིན་སྟབས། ཁོང་གི་གདམས་ངག་ལ་ཉན་ནས་དུས་ཡུན་རིང་པོ་སོང་མེད། དེར་བརྟེན་ད་དུང་ངས་ཁོང་གི་གསུང་ཆོས་ཀྱི་སྐོར་ལ་ཞིབ་ཅིང་ཕྲ་བ་ཤེས་ཀྱི་མེད་པས། ངས་ཁྱོད་ལ་རྗོད་ཚིག་ཉུང་ངུ་ཞིག་གི་ཐོག་ནས་འགྲེལ་བཤད་མཐིལ་ཕྱིན་བྱེད་མི་ཐུབ་མོད། འོད་ཀྱང་ཁྱེད་ལ་དངོས་གནས་ཤེས་འདོད་ཡོད་ན། ངས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་གི་སྙིང་པོ་དེ་ཁྱེད་ལ་ཚིག་ཉུང་ངུ་ཞིག་གི་ཐོག་ནས་འགྲེལ་བཤད་ཞུས་ཆོག་ཅེས་ལན་བཏབ།

སཱ་རིའི་བུས་མྱུར་སྟབས་ཀྱི་ངང་ནས་སྨྲས་པ། སྤུན་གྲོགས་ལགས། ང་ལ་དགོས་པ་ནི་ཆོས་ཀྱི་སྙིང་པོ་ཡིན་པ་ལས་ཚིག་མང་བས་ཅི་ཞིག་བྱ། དེས་ན་ཁྱེད་ཀྱིས་ང་ལ་ཆོས་ཀྱི་སྙིང་པོ་དེ་གསུང་བར་ཞུ། ཞེས་ཞུས་པ་ན་དྲང་སྲོང་དེས། དེས་ན་ཁྱོད་ཀྱིས་ལེགས་པར་ཉོན་ཅིག་དང་། ངས་ཁྱོད་ལ་བཤད་པར་བྱ་གསུངས་ནས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས། ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་། །དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པའང་། །དེ་ སཱ་རིའི་བུ་ལ་དེ་ལྟར་གསུང་མཁན་གྱི་དྲང་སྲོང་ཁོང་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་སའི་འཁོར་ལྔ་སྡེ་བཟང་པོའི་ཁྲོད་ཀྱི་གནས་བརྟན་རྟ་ཐུལ (ASSAJI) ཞུ་བ་ཁོང་ཡིན། དེ་ལྟར་གནས་བརྟན་རྟ་ཐུལ་གྱིས་སཱ་རིའི་བུ་ལ་ཤོ་ལོ་ཀ་དེའི་ཚིག་རྐང་དང་པོ་གཉིས་གསུངས་པ་ན། སཱ་རིའི་བུ་ནི་ཧ་ཅང་གི་རྣམ་དཔྱོད་ལྡན་ཞིང་རིག་རླབས་ཆེ་བར་བརྟེན། ཚིགས་རྐང་ཐ་མ་གཉིས་ཀྱི་གོ་དོན་ཤུགས་ཀྱིས་རྟོགས་ཏེ་ཤོ་ལོ་ཀ་དེའི་དོན་ཡོངས་སུ་རྫོགས་པ་ཁོང་དུ་ཆུད་དོ། །མ་ཟད་ཁོང་གིས་ཆོས་རྣམས་ཀྱི་གནས་ལུགས་ཏེ་བྱུང་ཟིན་དང་འབྱུང་བར་འགྱུར་བའི་དངོས་པོ་མཐའ་དག་འཇིག་པའི་ཆོས་ཅན་དུ་རྟོགས་ནས། ཡང་ཁོང་གི་གནས་བརྟན་རྟ་ཐུལ་ལ་སྨྲས་པ། གལ་སྲིད་ཁྱེད་ཀྱིས་རང་གི་སློབ་དཔོན་གྱི་མདུན་ནས་མན་ངག་འདི་ལ་བསླབས་ཤིང་ལེགས་པར་ཉམས་སུ་བླངས་ཡོད་ན། དེང་གི་དུས་ཁྱེད་ཀྱིས་མི་རྣམས་ཀྱིས་བསྐལ་པ་ནས་བསྐལ་པའི་བར་འབད་ཀྱང་རྙེད་པར་དཀའ་བའི་འཆི་བ་མེད་པའི་གོ་འཕང་དང་། སྡུག་བསྔལ་གྱི་ཕ་རོལ་ཏུ་སོན་པའི་བྱང་གྲོལ་གྱི་གོ་འཕང་མངོན་དུ་བྱས་ཡོད་པ་ཐག་གིས་ཆོད། ཅེས་ཞུས་ཤིང་གུས་ཞབས་ཆེན་པོའི་སྒོ་ནས། ཐུགས་རྗེ་ཆེ་ཞུས་ཏེ་ཕེབས་སོ། །

སཱ་རིའི་བུ་དང་མོའུ་འགལ་གྱི་བུ་རྣམས་གཉིས་ཀྱིས་འཚོལ་བཞིན་པའི་ཐབས་ལམ་དེ་ཐོག་མར་སཱ་རིའི་བུ་ཡིས་རྙེད་པས། རྨད་དུ་བྱུང་བའི་གཏམ་བཟང་དེ་རང་གི་སྤུན་གྲོགས་མོའུ་འགལ་གྱི་བུ་ལ་བཤད་པར་ཕེབས་ཏེ། ཁོང་མོའུ་འགལ་གྱི་བུའི་གམ་དུ་འབྱོར་ནས་གླེང་མོལ་གང་ཡང་མ་བྱས་པའི་སྔོན་དུ། མོའུ་འགལ་གྱི་བུ་ན་རེ། གཅེན་པོ་ལགས། ཁྱོད་ཀྱི་ཞལ་རས་ལས་དེ་འདྲའི་དྭངས་གསལ་འོད་སྣང་གི་རང་བཞིན་ཞིག་ཅིའི་ཕྱིར་འཕྲོ་བ་ལགས། དེའི་འབྱུང་རྐྱེན་ནི་ཅི་ཞིག་རེད། ངེད་གཉིས་ཀྱིས་དུས་ཡུན་རིང་པོའི་བར་འཚོལ་བཞིན་པའི་མི་ཚེའི་བདེན་པ་ཁྱོད་ཀྱིས་རྙེད་པ་མ་ལགས་སམ། ཞེས་དྲིས།

དེ་ནས་སཱ་རིའི་བུས་དགའ་སྤྲོའི་འཛུམ་མདངས་རབ་ཏུ་རྒྱས་པའི་ངང་། སྤུན་གྲོགས་ལགས། དེ་དེ་བཞིན་ལགས། ངས་བདེན་པ་མཐོང་སོང་། ཞེས་ལན་བཏབ་པར་མོའུ་འགལ་གྱི་བུས་ཤེས་འདོད་ཀྱི་དང་བ་ཆེན་པོའི་ཐོག་ནས། སྤུན་གྲོགས་ལགས། ཁྱོད་ཀྱིས་ཐབས་ལམ་གང་འདྲ་ཞིག་གི་ཐོག་ནས་བདེན་པ་རྙེད་པ་ལགས། ཞེས་དྲིས་པ་ན་སཱ་རིའི་བུས་རང་གི་མཆེད་གྲོགས་མོའུ་འགལ་གྱི་བུ་ལ་རང་ཉིད་ཀྱིས་བདེན་པ་ཇི་ལྟར་མཐོང་བའི་སྐོར་འགྲེལ་བཤད་བྱས་པས། མོའུ་འགལ་གྱི་བུས་ཀྱང་བདེན་པ་མཐོང་སྟེ་ཁོང་རྣམ་གཉིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་བཅར་ནས། གསུང་ཆོས་ཀྱི་གདམས་པ་ཞུས་ཤིང་གདམས་ངག་གི་དོན་ཇི་ལྟ་བ་བཞིན་རྟོགས་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁོང་རྣམ་གཉིས་དཀའ་ཚེགས་ཅི་ཡང་མེད་པའི་སྒོ་ནས་རབ་བྱུང་བསྒྲུབས། རིང་པོར་མ་ཐོགས་པར་ཁོང་གཉིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སློབ་མའི་མཆོག་ཟུང་དུ་གྱུར་ཅིང་། སཱ་རིའི་བུ་ནི་ཤེས་རབ་ཅན་གྱི་མཆོག་དང་། མོའུ་འགལ་གྱི་བུ་ནི་རྫུ་འཕྲུལ་དང་ལྡན་པའི་མཆོག་ཏུ་ལུང་བསྟན་ཅིང་དབང་བསྐུར་བར་མཛད་དོ། །