སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་

ཡོང་ཁུངས་Wikipedia

རྗེ་བཙུན་བསོད་ནམས་རྩེ་མོ་(རབ་བྱུང་གཉིས་པའི་ཆུ་ཁྱི་༡༡༤༢ ལོ་ནས་རབ་བྱུང་གསུམ་པའི་ཆུ་སྟག་༡༡༨༢ལོ་)བར་ཡབ་ས་ཆེན་ཀུན་དགའ་སྙིང་པོ་ལ་ལྕམ་སྔ་ཕྱི་གཉིས་བྱུང་བའི་རྗེས་མ་མ་གཅི་ག་འོད་སྒྲོན་གྱི་སྲས་ཆེ་བ་ཡིན། ཆུང་དུས་ནས་ཡབ་ཀྱིས་ས་སྐྱའི་ཡབ་ཆོས་མང་པོ་ལེགས་པར་སློབ་པར་མཛད། དགུང་ལོ་བཅུ་བདུན་ལ་ཕེབས་པ་ན་གདན་སའི་ཁུར་རང་གི་གཅུང་པོ་རྗེ་བཙུན་གྲགས་པ་རྒྱལ་མཚན་དགུང་ལོ་བཅུ་གསུམ་ལོན་པ་ཞིག་ལ་གཏད་ནས་དབུས་ཕྱོགས་སུ་བྱོན་ཏེ་ཕྱ་པ་ཆོས་ཀྱི་སེང་གེའི་དྲུང་དུ་ལོ་བཅུ་གཅིག་ཙམ་བཞུགས་ཏེ་། སངས་རྒྱས་ཆོས་ལུགས་ཀྱི་མཚད་ཉིད་རིག་པ་ལ་སློབ་གཉེར་གནང་། དགུང་ལོ་ཉི་ཤུ་རྩ་དྲུག་ལ་ཕེབས་དུས་《ཆོས་ལ་འཇུག་པའི་སྒོ་》ཞེས་པའི་བསྟན་བཅོས་ཤིག་ཀྱང་བརྩམས་པར་མཛད་། རྗེ་བཙུན་འདིས་ས་སྐྱའི་གདན་ས་མཛད་པ་དང་མ་མཛད་པའི་བཤད་སྲོལ་གཉིས་འདུག་ཀྱང་མ་མཛད་པའི་འཆད་ཚུལ་དེ་ཁུངས་དག་གམ་སྙམ་ཞེས་《ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་》སྡེ་དགེ་དཔར་མའི་ཤོག་གྲངས་༣༢༨ནས་༣༢༩བར་དཔྱད་གཏམ་བཀོད་ཡོད་པ་དེར་གཟིགས་། དགུང་ལོ་ཞེ་གཅིག་པ་ལ་སྐུ་གཤེགས་། སློབ་དཔོན་རྗེ་བཙུན་བསོད་ནམས་རྩེ་མོའི་གསུང་རྩོམ་ཕྱོགས་བསྒྲིགས་ཀྱི་གསུང་འབུམ་པོད་གསུམ་སྡེ་དགེ་དཔར་ཁང་ཡོད་། རྣམ་ཐར་རྒྱས་པ་། བདག་ཆེན་ཨ་མེས་ཞབས་ཀྱིས་མཛད་པའི་《ས་སྐྱའི་གདུང་རབས་ཆེན་བང་མཛོད་》ཀྱི་ཤོག་གྲངས་༣༤ནསམ༤༢བར་གསལ་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།