སློབ་དཔོན་དབྱིག་གཉེན།

ཡོང་ཁུངས་Wikipedia

སློབ་དཔོན་དབྱིག་གཉེན་ནི། རྒྱ་གར་གྱི་ནང་པའི་པཎྜི་ཏ། འཕགས་པ་ཐོགས་མེད་ཀྱི་ཡུམ་གཅིག་པའི་གཅུང་། ནཱ་ལེནྡྲར་རབ་ཏུ་བྱུང༌། མང་དུ་ཐོས་པ་དང་ཏིང་ངེ་འཛིན་བརྟན་པོ་ཐོབ། སྡེ་སྣོད་གསུམ་ལ་མཁས་པར་སྦྱངས། ཆོས་མངོན་པའི་སྡེ་སྣོད་ཀྱི་དགོངས་དོན་ངེས་ཕྱིར། ཁ་ཆེའི་ཡུལ་དུ་བྱོན་ནས་མཁས་པ་ཆེན་པོ་དགེ་འདུན་བཟང་པོ་ལས་བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོ་སོགས་གསན་ཏེ་མཁས་པའི་གོ་འཕང་བརྙེས། དེར་གདུལ་བྱ་མང་པོར་ཆོས་མང་དུ་བསྟན། དེ་ནས་ནཱ་ལེནྡྲར་བྱོན་ཏེ་སྡེ་སྣོད་འཛིན་པ་མང་པོ་ལ་ཆོས་རྒྱ་ཆེར་སྟོན་གྱིན་བཞུགས་པ་ན། གཅེན་ཐོགས་མེད་ཀྱིས་ས་སྡེ་སོགས་ཐེག་ཆེན་གྱི་བསྟན་བཅོས་མང་དུ་བརྩམས་པ་གསན་ཅིང་གཟིགས་པས། ལྷག་པའི་ལྷ་ལས་གསན་པ་ཐུགས་མ་ཆེས་ནས། ཐེག་ཆེན་གྱི་ཆོས་དང་གང་ཟག་ལ་སྐུར་པ་བཏབ་པ་ན། འཕགས་པ་ཐོགས་མེད་ཀྱིས་མངགས་པའི་སློབ་མ་གཉིས་ཀྱིས་མདོ་སྡེ་ས་བཅུ་པ་དང༌། བློ་གྲོས་མི་ཟད་པའི་མདོ་གཉིས་སློབ་དཔོན་གྱི་སར་བཏོན་པ་གསན་ཏེ། གཅེན་ཐོགས་མེད་ཀྱི་དྲུང་དུ་ཕྱིན་ཏེ་སྔོན་གྱི་ཉེས་པ་རྣམས་བཤགས་ཤིང༌། ཐེག་ཆེན་གྱི་ཆོས་རྣམས་རིམ་གྱིས་གསན་ཏོ། །རྒྱལ་བ་མྱ་ངན་ལས་འདས་པའི་འོག་ཏུ་སློབ་དཔོན་འདི་ལས་ཐོས་པ་རྒྱ་ཆེ་བ་མ་བྱུང་བས་ཀུན་མཁྱེན་གཉིས་པ་ཞེས་གྲགས་སོ། །སློབ་དཔོན་འདི་ཐེག་ཆེན་ལ་ཞུགས་པའི་ཚེ་ཉན་ཐོས་ཀྱི་སྡེ་སྣོད་འཛིན་པ་སོགས་མཁས་པ་ལྔ་བརྒྱ་ཙམ་ཡང་ཐེག་ཆེན་ལ་ཞུགས་ཤིང༌། ཆོས་མངོན་པ་མཛོད་སོགས་གསུང་རབ་ཀྱང་མང་དུ་བརྩམས། སློབ་མ་དྲུག་ཁྲིར་ལོངས་པ་བྱུང་ཞིང༌། མཆོག་ཏུ་གྱུར་པ་བཞི་སྟེ། འདུལ་བ་ལ་མཁས་པ་སློབ་དཔོན་ཡོན་ཏན་འོད། མངོན་པ་ལ་མཁས་པ་སློབ་དཔོན་བློ་གྲོས་བརྟན་པ། ཚད་མ་ལ་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ། ཕར་ཕྱིན་ལ་མཁས་པ་འཕགས་པ་གྲོལ་སྡེ་བཅས་སོ། །དགུང་ལོ་བརྒྱ་ལ་ཉེ་བའི་བར་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད། མཐར་ཁྱིམ་བཙུན་ཆོས་གོས་གྱོན་ཏེ་ཞིང་རྨོ་བ་གཟིགས་ནས། སྟོན་པའི་བསྟན་པ་ཉམས་སོ་ཞེས་ཐུགས་ཕྱུང་ནས། དགེ་འདུན་གྱི་དབུས་སུ་ཆོས་བསྟན་ཏེ། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་མགོ་ཞབས་བཟློག་པ་ལན་གསུམ་ཟློས་ཏེ། དེ་ཉིད་དུ་མྱ་ངན་ལས་འདས་སོ། །དེར་སློབ་མ་རྣམས་ཀྱིས་མཆོད་རྟེན་ཡང་བྱས་སོ། །