Jump to content

སློབ་དཔོན།

ཡོང་ཁུངས་Wikipedia
སློབ་དཔོན་ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།

སློབ་དཔོན་ཞེས་པ་ནི་གཞུང་ལུགས་དང་ལེགས་བཤད་འདོམས་པ་སོགས་བྱེད་མཁན་གྱི་ཡོངས་ཀྱི་དགེ་བཤེས་གཉེན་རྣམས་ལ་གོ དེང་གི་སློབ་ཆེན་ཁག་གི་དགེ་རྒན་ཆེན་མོའི་མཚན་གནས་ཤིག་ཀྱང་ཡིན། གཞན་སློབ་དཔོན་ནི་ཤེས་བྱ་ཤེས་པ་ཙམ་མ་ཡིན་པར། སློབ་མའི་རྒྱུད་ལ་ཡོན་ཏན་འགོད་མཁན་དང་། ཉོན་མོངས་པ་སྤོང་བའི་ཐབས་སྟོན་མཁན་གྱི་དགེ་བའི་བཤེས་གཉེན་ལ་གོ་དགོས། གཞན་ཡང་སློབ་དཔོན་ནི་མདོ་ལས་དུལ་བ་སོགས་ཡོན་ཏན་བཅུ་ལྡན་དགོས་པ་དང་། སྔགས་ལས་ཀྱང་ཁྱད་ཆོས་དུ་མ་ལྡན་དགོས་པའི་གསུང་ཚུལ་ཧ་ཅང་མང་ངོ་། །

ནང་དོན།

[རྩོམ་སྒྲིག]

སློབ་དཔོན་ཞེས་པ་ནི་ནང་བསྟན་གྱི་སྡོམ་པ་སྦྱིན་པ་དང་ཆོས་ནོད་པའི་བླ་མ་ལ་ཞུས་པའི་མིང་ཞིག་ཡིན་ལ། སོ་ཐར་གྱི་སྡོམ་པ་ལས་བཟུང་སྟེ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡན་ཆད་སྦྱིན་མཁན་གྱི་དགེ་བ་རྣམས་ལ་བཏགས་པའི་ཐ་སྙད་དུ་འདུས། "དེ་བཞིན་དུ་གང་ལ་སྡོམ་པ་སྦྱིན་པ་ལ་སོགས་བའི་སློབ་དཔོན་དང༌།"[]ཞེས་གསུངས་པ་ལྟར་སློབ་དཔོན་ཞེས་པ་ནི་སྡོམ་པ་སྦྱིན་པ་པོར་གསལ་བར་བཤད་འདུག "བསླབ་སྡོམ་སོགས་སྦྱིན་པའི་སློབ་དཔོན་"[]ཞེས་པ་དང་། "ཆོས་ནོད་པའི་མཁན་པོ་དེ་བཞིན་སློབ་དཔོན་"[]ཞེས་གསུངས་པ་བཞིན་སློབ་དཔོན་ནི་ཆོས་ནོད་པ་དང་སྡོམ་པ་སྦྱིན་པ་གཉིས་ཀ་ལ་ཞུས་ཤིང་།

ཐར་པའི་སྒོ་ནས་འགྲེལ་པ།

[རྩོམ་སྒྲིག]

"ཐར་བའི་དོན་དུ་འབད་ཅིང་བརྩོན་པའི་བརྟུལ་ཞུགས་མཆོག་དང་ལྡན་པ་ཉན་ཐོས་རང་རྒྱལ་བྱང་སེམས་སོ་སྐྱེ་རྣམས་"[]ཞེས་གསུངས་པ་ལྟར་སློབ་དཔོན་རྣམས་ནི་ཐར་པའི་དོན་དུ་འབད་ཅིང་བརྩོན་པའི་བརྟུལ་ཞུགས་མཆོག་དང་ལྡན་པ་ཡིན་ལ། དེ་དག་ལ་ཉན་ཐོས་རང་རྒྱལ་བྱང་སེམས་སོ་སྐྱེ་ཞེས་པའི་གསུམ་ཀ་འདུས་ཤིང་། "ཡང་ན་སྐྱབས་སྡོམ་དང་དགེ་བསྙེན་གྱི་སྡོམ་པ་སོགས་བརྟུལ་ཞུགས་མཆོག་གི་ཁུར་འཛིན་པ་རྣམས་ལའང་ཕྱག་འཚལ་ལོ་"[]ཞེས་གསུངས་པ་བཞིན་སྐྱབས་སྡོམ་དང་དགེ་བསྙེན་གྱི་སྡོམ་པ་སོགས་བརྟུལ་ཞུགས་མཆོག་གི་ཁུར་འཛིན་པ་རྣམས་ལའང་སློབ་དཔོན་ཞེས་ཞུ་རུ་འདུག

སོ་ཐར་གྱི་སྒོ་ནས་འགྲེལ་པ།

[རྩོམ་སྒྲིག]

"སོ་ཐར་གྱི་ཚིགས་སྔ་ཕྱིའི་མཁན་པོ་"[]ཞེས་གསུངས་པ་དང་། "སོ་ཐར་གྱི་ཚིག་སྔ་ཕྱི་རྫོགས་པར་བྱེད་པ་ལ་སོགས་པའི་མཁན་པོ་"[]ཞེས་གསུངས་པ་ལྟར་སློབ་དཔོན་ནི་སོ་ཐར་གྱི་ཚིག་སྔ་ཕྱི་རྫོགས་པར་བྱེད་པ་པོའི་མཁན་པོ་རྣམས་ལ་ཞུ་བ་ཡིན།

བྱང་ཆུབ་སེམས་ཀྱི་སྒོ་ནས་འགྲེལ་པ།

[རྩོམ་སྒྲིག]

"ཐེག་པ་ཆེན་པོའི་བཤེས་གཉེན་སོགས་སེམས་དེ་སྐྱེ་བའི་བདག་པོའི་རྐྱེན་བྱེད་པའི་གང་ཟག་"[]ཅེས་གསུངས་པ་ལྟར་ཐེག་པ་ཆེན་པོའི་བཤེས་གཉེན་རྣམས་ནི་བྱང་ཆུབ་ཀྱི་སེམས་སྐྱེ་བའི་བདག་པོའི་རྐྱེན་བྱེད་པ་པོར་འདུས་ལ། དེ་དག་ལའང་སློབ་དཔོན་ཞེས་ཞུ་རུ་འདུག

ཕན་ཡོན།

[རྩོམ་སྒྲིག]

བླ་མ་སློབ་དཔོན་ལ་གུས་པའི་ཕྱག་འཚལ་བ་བྱས་པས་དགེ་བའི་རྩ་བ་ཆེན་པོ་འཐོབ་ཅིང་། དེ་དག་གིས་"ཡོན་ཡོངས་སུ་སྦྱོང་བ་ཆེན་པོ་སྟེ་ཡོན་ཆུང་ངུ་ཙམ་ཕུལ་ན་འབྲས་བུ་ཆེན་པོ་སྦྱིན་པ་མཛད་པ་"[]ཡིན་ཏེ། ལས་འབྲས་ཀྱི་སྒོ་ནས་བསམ་གྱིས་མི་ཁྱབ་པའི་ཕན་ཡོན་ཡོད་པའི་ཕྱིར་རོ། །

བསྡུས་དོན།

[རྩོམ་སྒྲིག]

སློབ་དཔོན་ཞེས་པ་ནི་ནང་བསྟན་གྱི་ཆོས་ནོད་པ་དང་སྡོམ་པ་སྦྱིན་པའི་བླ་མ་རྣམས་ལ་བཏགས་པའི་ཐ་སྙད་ཅིག་ཡིན། སྐྱབས་སྡོམ་དང་དགེ་བསྙེན་གྱི་སྡོམ་པ་ལས་བཟུང་སྟེ་སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་ཡན་ཆད་ཀྱི་བརྟུལ་ཞུགས་མཆོག་སྦྱིན་མཁན་རྣམས་དང་། ཐར་པའི་དོན་དུ་འབད་ཅིང་བརྩོན་པའི་ཉན་ཐོས་རང་རྒྱལ་བྱང་སེམས་སོ་སྐྱེ་རྣམས། ཐེག་པ་ཆེན་པོའི་བཤེས་གཉེན་སོགས་བྱང་ཆུབ་ཀྱི་སེམས་སྐྱེ་བའི་བདག་པོའི་རྐྱེན་བྱེད་པའི་གང་ཟག་རྣམས་ལ་ཞུས་པའི་མིང་ཞིག་ཡིན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  2. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  3. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  4. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  5. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  6. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  7. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  8. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  9. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།