སྲོལ་རྒྱུན་དགུ་ཐུག་གམ་བརྟགས་དཔྱད་ཐུག་པ་

ཡོང་ཁུངས་Wikipedia

བོད་པ་ཚང་མས་ཟས་སྣ་དགུ་འཛོམས་དགོས་ཤིང་ལོ་རྙིང་གི་ཚེས་ཉེར་དགུ་ལ་འཐུང་དགོས་པས་འདི་ལ་དགུ་ཐུག་ཅེས་འབོད་ཅིང་མདོ་ཁམས་ཀྱི་ས་ཕྱོགས་འགའ་རེ་ནས་བརྟགས་དཔྱད་ཐུག་པ་ཡང་ཟེར། གང་ལྟར་བོད་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་ནས་གོ་གནས་གལ་ཆེན་ཟིན་པའི་ལུགས་སྲོལ་འདི་ཡང་སྲོལ་རྒྱུན་རིག་གནས་ཤིག་ཡིན་མོད། ད་ལྟ་འདིའི་ནང་དོན་སོགས་ཤེས་མཁན་ཧ་ཅང་ཉུང་ཞིང་ཉམས་ལ་ཉེ་བས་འདིར་རང་གི་ཤེས་ཚོད་ཙམ་ན་གཞོན་རྣམས་ལ་ངོ་སྤྲོད་ཅིག་བྱེད་པར་འདོད།


དེ་ཡང་ཐོག་མར་ཨ་ལགས་དུང་དཀར་ཚང་གི་གསུང་ལ་གཞི་བཅོལ་ན། ལོ་རྙིང་པའི་ཟླ་བ་མཐའ་མའི་ཚེས་29ཡི་དགོང་མོར་དགུ་ཐུག་ཅེས་པའི་བག་ཚ️་རྫས་དགུ་ཚང་བ་ཞིག་སྐོལ་བ་སྟེ་རྫས་དགུ་ནི་ཤ་དང་ཕྱུར་བ། ལ་ཕུག གྲོ་མ། སྔོ་ཚོད། གྲོ་ནས་སྲན་གསུམ་དང་ཚྭ་བཅས་ཡིན་ཞིང་དགུ་ཐུག་ཅེས་པ་ཚེས་ཉི་ཤུ་དགུའི་ཐུག་པ་ཡིན་པས་དགུ་ཐུག་ཅེས་དང་རྫས་དགུ་ལྡན་གྱི་ཐུག་པ་ཡིན་པས་ཀྱང་དེ་ལྟར་བརྗོད་པའོ། ། དགུ་ཐུག་གི་བག་ཚའི་ནང་དུ་བག་ཚ་གཞན་ལས་ཅུང་ཆེ་ཙམ་གྱི་ཉི་མ་དང་ཟླ་བ་སོགས་དབྱིབས་མི་འདྲ་བ་འགའ་ཞིག་དང་། ཡང་དབྱིབས་བག་ཚ་གཞན་དང་མཚུངས་པ་ལ་གཞན་ལས་ཅུང་ཆེ་བ་ཁོག་པར་བལ་དང་དཀར་ཡོལ་སོགས་སྣ་རེ་བླུགས་པའི་བག་ཚ་ཡང་ཁ་ཅིག་བཟོས་ཏེ་དགོང་མོར་བག་ཚ་དེ་དག་ལས་གང་དང་གང་ཞིག་མི་སུ་དང་སུའི་ཕོར་པའི་ནང་ཐོན་པ་དེ་དང་དེའི་རང་གཤིས་དང་སྤྱོད་ལམ་སོགས་མཚོན་པར་ངོས་འཛིན་བྱེད་ཀྱི་ཡོད་པས། ཐུག་པ་བླུག་མཁན་གྱིས་ཀྱང་ཟ་རུའམ་ཐུག་དཀྱོག་གིས་ཐུག་པ་བཅུ་སྐབས་མིག་གིས་མ་བལྟས་པར་བཅུས་ནས་བླུགས་ཀྱིན་ཡོད། གོང་གསལ་དབྱིབས་དང་ཁོག་རྫས་མི་འདྲ་བ་སོ་སོའི་མིང་དང་དེ་དག་གི་མཚོན་དོན་བཅས་གཤམ་གསལ། པག་ཚའམ་བག་ཚ་ནི་ཕྱེ་རིལ་རིལ་བཟོས་པའི་མིང་། འདིར་དགུ་ཐུག་ནང་དུ་འཆར་ཡན་གྱི་བསམ་བློས་ཕྱུག་པའི་མི་གཤིས་བརྟགས་ཐབས་ཀྱི་རྩེད་མོ་ཞིག་ཡོད་པར་གསུང་འདུག་མོད། ཕལ་ཆེ་བ་མདོ་ཁམས་ཀྱི་ལུགས་དང་གཅིག་པར་མ་ཟད་ལྷ་སའི་དགུ་ཐུག་ནང་གི་བརྟགས་ཐབས་ཅུང་ཉུང་བས་དེའི་ཁར་མདོ་ཁམས་འབྲོག་ཕྱོགས་ཀྱི་བརྟགས་ཐབས་འགའ་ཡང་བསྣན་ནས་འདིར་ངོ་སྤྲོད་མདོར་བསྡུས་ཙམ་བྱ་བར་འདོད། འོན་ཀྱང་མདོ་ཁམས་རོང་ཕྱོགས་ཀྱི་བརྟགས་ཐབས་སོགས་འདིར་འདུས་མེད་པ་རྣམ་པ་ཚོས་མཁྱེན་པར་མཛོད།


མིང་། མཚོན་དོན། ས་པདྨ་འདབ་བརྒྱད། རླབས་ཆེན་གྱི་བྱ་བ་མཚོན། གནམ་འཁོར་ལོ་རྩེ་དགུ། དབང་ཤུགས་ཆེ་བ་མཚོན། གསེར་གྱི་ཉི་མ། གཟི་བརྗིད་ཆེ་བ་མཚོན། དུང་གི་ཟླ་བ། གཟུགས་མཛེས་པ་མཚོན། ལྷ་སྐལ་གོར་བ། བསོད་ནམས་ཆེ་བ་མཚོན། ཕྱག་མཚལ་བླ་མ། ཆོས་བསོད་ཡོད་པ་མཚོན། ཡི་གེ་པོ་ཏི། ཤེས་རབ་དང་ཡོན་ཏན་མཚོན། རང་སྐལ་མཛོ་སྣ། ལུགས་དང་མཐུན་པ་མཚོན། གཅོས་རྐྱལ་མཛོ་སྣ། ཧེབ་རྒན་མཚོན། བཟང་བོ་བསམ་དཀར། མི་གཤིས་བཟང་བ་མཚོན། ངན་པ་བསམ་ནག མི་གཤིས་ངན་པ་མཚོན། ཀུན་དང་མཐུན་པ། མི་བྱམས་བརྩེ་ཅན་མཚོན། དཔའ་བོ་མདུང་བཟུང་། སྙིང་གདོས་ཅན་མཚོན། ཝ་མོ་ཕྱིར་ལྟས། སྡར་མ་མཚོན། གཡོ་རྐྱལ་འཕོང་འཕྲུག ལེ་ལོ་ཅན་མཚོན། གྲོད་པུ་སེར་བོ། ཕྱི་འཇམ་ནང་རྩུབ། སྲོག་ཆགས་རྒང་། ཕྱི་རྩུབ་ནང་འཇམ། ལུག་གི་བལ་དཀར། ཕྱི་འཇམ་ནང་འཇམ། བཙན་པོ་ཕྱི་གཅུས། དགྲ་ལ་དཔའ་བ་མཚོན། ཁྲེལ་མེད་ནང་གཅུས། གཉེན་ལ་སྡང་བ་མཚོན། འབྲི་བརྒྱའི་ལག་ཚེ། ནོར་གནག་མང་བ་མཚོན། རྟ་བརྒྱའི་ཁ་རུ། རྟ་འདོ་བ་མང་བ་མཚོན། མཛོ་བརྒྱའི་སྣ་གཅུ། མཛོ་ཁྱུང་དཀར་མང་བ་མཚོན། རྒྱལ་པོའི་གསེར་སྒམ། དབང་ཐང་ཆེ་བ་མཚོན། ཚོང་བའི་དངུལ་སྒམ། བསོད་ནམས་ཆེ་བ་མཚོན། ཕྱུག་པོའི་མར་རྡོ། རྒྱུ་ནོར་ལྡན་པ་མཚོན། རྐུན་ལུ་མཆུ་ཕྱིས། རྐུན་མ་ཡིན་པ་མཚོན། བློ་མང་རྩེ་དགུ། ཐབས་བཀོད་ལྡན་པ་མཚོན། ཁ་མང་རྭ་ལྕེ། མཁའ་ཁ་དབྱེན་ཁ་མཚོན། སྐྱིད་ལུ་རྐོ་རྐོ། མི་ཚེ་སྐྱིད་པོ་མཚོན། སྡུག་ལུ་འབུར་འབུར། མི་ཚེ་སྡུག་པོ་མཚོན། དབྱུག་པ་མགོ་གཅོག ཤེད་སྟོབས་ཅན་མཚོན། སྡེར་ནང་སྡེར་འཇོག ཟས་བསོད་ཅན་མཚོན། ཕྱུག་པོའི་མདའ་དར། མི་ཕྱོར་བོ་མཚོན། སྤྲང་བོའི་དབྱུག་པ། མི་དབུལ་བོ་མཚོན། སྒྱེད་པུ་ཁ་སྐྱེལ། སྒྱེད་པུ་ལ་འོ་བྱེད་དགོས། ཐོམ་བུ་མགོ་རྒྱག ཐོམ་བུས་མགོ་ལ་རྒྱག་དགོས། ཊ་མ་རི། ངོ་གཉིས་མ་མཚོན། དུང་དཀར། མི་སྙན་གྲགས་ཅན་མཚོན།


རགས་ཙམ་བཤད་ན་འདི་དག་ཡིན་ལ་ད་དུང་ས་ཆའི་སྲོལ་རྒྱུན་དང་འཚོ་ཐབས་མི་གཅིག་པས་བཤད་སྲོལ་མི་གཅིག་པ་ནི་ཡོད་ངེས་པས་དཔྱོད་ལྡན་ཤེས་མཁན་རྣམས་ཀྱིས་འདིར་ཁ་སྐོངས་རོགས་ཞུ། འདི་ནི་བརྟགས་ཐབས་ཙམ་མ་ཡིན་པར་བྱིས་པ་ཚོ་ལ་ཆུང་དུས་ནས་རང་མི་རིགས་ཀྱི་བསམ་བློའི་ནང་ནས་མི་གང་འདྲ་ཞིག་ཡིན་ན་ནི་ཡ་རབས་དང་གང་འདྲ་ཞིག་ནི་མ་རབས་ཡིན་པའི་བག་ཆགས་ཟབ་མོ་འཇོག་ཐུབ་པས་སྲོལ་རྒྱུན་གྱིས་སློབ་གསོ་བྱེད་ཐབས་ཤིག་ཀྱང་ཅི་ལ་མིན། དཔེར་ན་ཡ་ཧུ་ཏ་པ་བ་ཚོས་དཔེ་ཆར་སྦྲང་རྩི་བྱུག་ནས་བྱིས་པ་དཔེ་ཆར་དགའ་རུ་འཇུག་པ་དང་། ཡེ་ཤུའི་ཆོས་ལུགས་པ་ཚོས་དཀོན་མཆོག་གི་ཕོ་ཉས་རྔན་པ་སྟེར་བའི་ཚུལ་གྱིས་དཀོན་མཆོག་ལ་ཡིད་ཆེས་དང་དགའ་རུ་འཇུག་པ་སོགས་དང་གཅིག་མཚུངས་མ་ཡིན་ནམ།


ད་དུང་དགུ་ཐུག་གི་གྲངས་ཀ་དགུ་དེ་བོད་དབུས་གཙང་གི་གནའ་སྲོལ་ལྟར་མཁས་དབང་དུང་དཀར་ཚང་གིས་གསུང་ཡོད་མོད། དེ་ཡང་མཐའ་གཅིག་ཏུ་མ་ངེས་ཤིང་ཡུལ་སོ་སོའི་ཟས་སྣ་དགུ་བོ་བརྩི་སྟངས་མི་འདྲ་བ་ཅུང་ཙམ་ཡོད་མོད། དེང་སྐབས་མི་ཅོལ་ཆུང་འགའ་རེས་མེ་ཁོག་གི་གད་སྙིགས་ཟས་སྣ་དག་བརྩི་བའམ་ཡང་དེ་དག་གིས་ཚབ་བྱས་ནས་དགུ་ཐུག་གི་གོ་ཆོད་པར་བྱེད་པ་ནི་མི་རུང་བར་སྙམ་ལ། དེ་ཡང་རྒྱ་ཁོག་སྐོལ་བྱེད་ཀྱི་ཟ་མ་དེ་དག་ནི་རང་བྱུང་གི་ཟས་མ་ཡིན་པར་སྦྱར་བྱུང་གི་རྫས་ངན་ཡིན་པས་ལུས་ལ་གནོད་ཅིང་རྟེན་འབྲེལ་ཡང་མི་ཡག་གོ ། སྤྱིར་མཚོན་བྱེད་དག་གི་གཟུགས་དབྱིབས་ཕྱེ་ཡིས་བཅས་ནས་ཐུག་པའི་ནང་ལ་འཕེན་པའམ་ཡང་ན་མཚོན་བྱེད་དག་གི་མིང་ཡི་གེར་བྲིས་ནས་ཕྱེ་རིལ་གྱི་ཁུད་ལ་གཅུད་ནས་ཐུག་པའི་ནང་ལ་འཕེན་པའང་ཡོད་པས་རང་གིས་གང་བདེ་བྱས་ཀྱང་ཆོག་པར་སེམས་སོ། །