སྲོང་བཙན་སྒམ་པོས་རྒྱ་བཟང་མནའ་མར་བཞེས་པ་
འདི་ལ་རྒྱའི་དེབ་ཐེར་ཆེན་པོ་ཧུ་ཐུ་ཧན་ཆན་བྱ་བའི་ནང་བཅོས་ལྡན་འདས་མྱ་ངན་ལས་འདས་ནས་ལོ་སྟོང་དང་ལྔ་བརྒྱ་དྲུག་ཅུ་རེ་དྲུག་ལོན་པའི་དུས་སུ་རྒྱ་ནག་གི་རྒྱལ་པོ་ཐང་ཞེས་བྱ་བ་བྱུང་སྟེ་། བོད་ཀྱི་རྒྱལ་པོ་གནམ་རི་སྲོང་བཙན་དང་དུས་མཉམ་། དེའི་སྲས་ཐའི་ཙུང་རྒྱལ་པོའི་དུས་བོད་རྒྱལ་པོ་སྲོང་བཙན་སྒམ་པོ་དང་དུས་མཉམ་སྟེ་། བོད་ཀྱི་རྒྱལ་པོས་རྒྱ་རྗེའི་སྲས་མོ་སློང་བའི་ཕོ་ཉ་་བས་རྒྱ་རྗེས་བུ་མོ་མ་བྱིན་པར་བོད་དུ་ལོག་ནས་རྒྱལ་པོ་ལ་བརྫུན་ཞུས་ནས་། རྒྱ་རྗེ་དེ་ངེད་རང་ལ་ཤིན་ཏུ་དགའ་ནས་བུ་མོ་སྟེར་བར་ཡོད་པ་ལ་ཧོར་སེར་ཐུ་ལུ་ཧུན་གྱིས་རྒྱ་རྗེ་ལ་ཕྲ་མ་ཞུས་པས་ལན་ཚུལ་ཞུས་པས་། བོད་ཀྱི་རྒྱལ་པོ་ཁྲོས་ནས་བོད་དམག་འབུམ་ཕྲག་གཅིག་ཁྲིད་དེ་ཟུང་ཅིའུ་བྱ་བའི་ས་ཆར་བྱོན་། དེ་ནས་བློན་པོ་གཡའ་ཐུང་བྱ་བ་ལ་དམག་བསྐུལ་ནས་། ཐུ་ལུ་ཧུན་གྱི་ཡུལ་འཇོམས་སུ་བཏང་བ་ལ་ཐུ་ལུ་ཧུན་རྣམས་གཙང་ཁའི་མཚོ་སྔོན་ཕན་ལ་བྲོས་། ཤུལ་དུ་ལུས་པའི་མི་ནོར་ཐམས་ཅད་བོད་ཀྱིས་ཁྱེར་། དེ་ནས་བོད་ཀྱི་རྒྱལ་པོས་བློན་པོ་སེ་ལེ་སྟོང་བཙན་ལ་རིན་པོ་ཆེ་སྣ་ཚོགས་བསྐུར་ནས་། རྒྱ་རྗེའི་སྲས་མོ་སློང་དུ་བཏང་བས་འུན་ཤིང་ཀོང་ཇོ་བོ་ཤཱཀྱ་མུ་ནི་སོགས་རྫོངས་མང་པོ་དང་བཅས་བོད་དུ་སླེབས་། ལྕགས་ཕོ་ཁྱིའི་ལེར་རྒྱལ་པོ་སྲོང་བཙན་སྒམ་པོ་འདས་ནས་། རྒྱ་ཡུལ་ནས་བང་སོ་མཆོད་པ་ནོར་མང་པོ་ཁྱེར་བའི་ཕོ་ཉ་བྱུང་ངོ་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།