Jump to content

སྲེད་མདོངས་

ཡོང་ཁུངས་Wikipedia

སྲེད་མདོངས་ཞེས་པ་ནི་འདོད་ཆགས་དང་སྲེད་པའི་སྟོབས་ཀྱིས་ཤེས་རབ་ཀྱི་མིག་མདོངས་པར་གྱུར་པའམ། ལྡོངས་པར་གྱུར་པའི་གནས་སྐབས་ལ་གོ་དགོས།

སྒྲ་བཤད།

[རྩོམ་སྒྲིག]

སྲེད་པས་ཤེས་རབ་ཀྱི་མིག་ལྡོངས་པའི་གནས་སྐབས་ཀྱི་ཆ་སྲེད་མདོངས་ཞེས་བརྗོད་དོ། །

མཚན་ཉིད།

[རྩོམ་སྒྲིག]

"སྡུག་བསྔལ་སྤོང་བར་བྱ་བའི་ཕྱིར་དང་། བདེ་བ་ཐོབ་པར་བྱ་བའི་སྲེད་པའི་སྟེ་འདོད་པ་གང་ཡིན་པའོ། དེས་ལྡོངས་པ་ན་ཤེས་རབ་ཀྱི་མིག་བཀག་པས་"[]ཞེས་པས་སྡུག་བསྔལ་སྤོང་བ་དང་བདེ་བ་ཐོབ་པར་བྱ་བའི་སྲེད་པའི་སྟོབས་ཀྱིས་ཤེས་རབ་ཀྱི་མིག་ལྡོངས་པར་གྱུར་པའི་སེམས་ཀྱི་གནས་སྐབས་ལ་གོ སྲེད་པའི་ཆགས་སེམས་ཀྱིས་ཡང་དག་པའི་དེ་ཉིད་མ་མཐོང་བར་བྱས་ཏེ། དངོས་པོའི་གནས་ལུགས་རང་སྟོང་དུ་མ་ཤེས་པར་བདེན་པར་འཛིན་པའི་སེམས་ཅིག་ལ་ཟེར།

ནང་དོན།

[རྩོམ་སྒྲིག]

སྲེད་པ་ནི། "ཟས་གོས་གྲོགས་སོགས་ལ་སྲེད་པ་ཤིན་ཏུ་ཆེ་ལ་དེ་ཡང་རང་གི་བསྒྲུབ་མི་ནུས་པར་སེམས་ཀྱིས་ཡུལ་དང་སྤྲད་དགོས་པས་"[]ཞེས་གསུངས་པ་ལྟར་ལུས་དང་ཡུལ་ལ་ཆགས་སྲེད་ཤིན་ཏུ་ཆེ་བ་ལ་གོ མདོངས་པ་ནི། "ཤེས་རབ་ཀྱི་མིག་མ་རིག་པས་ལྡོངས་པ་"[]དང་། "ལྡོངས་པའམ་ལོང་བ་ལྟ་བུ་"[]ཞེས་གསུངས་པ་ལྟར་མ་རིག་པའི་སྟོབས་ཀྱིས་ཤེས་རབ་ཀྱི་མིག་ལྡོངས་པར་གྱུར་པ་ལ་གོ་དགོས།

ལུས་སྲེད་མདོངས་ཀྱི་རྒྱུ་འབྲས།

[རྩོམ་སྒྲིག]

ལུས་ངན་པ་ལ་ཆགས་པའི་རྒྱུ་མཚན། "ཁྲག་དང་ཆུ་སེར་སྨིན་པའི་ཤུ་བ་མི་ཡི་གཟུགས་ཀྱི་རྣམ་པ་འདྲ་བ་བརྡུང་བརྡེག་སོགས་རྐྱེན་ཅུང་ཟད་ཙམ་གྱིས་ཀྱང་རེག་ཏུ་མི་བཟོད་ལ་ཚ་གྲང་དང་ན་ཚ་སོགས་ཆུང་དུ་ལའང་བསྲན་པར་ཡང་མི་བཟོད་པའི་སྡུག་བསྔལ་ཅན་གྱི་ལུས་ངན་འདི་འདྲ་བ་ལ་ཆགས་སྲེད་ཀྱིས་ཞེན་ཅིང་ཤེས་རབ་ཀྱི་མིག་མ་རིག་པས་ལྡོངས་པ་"[]ཞེས་པས་ང་ཚོའི་ལུས་པོ་འདི་ནི་ནང་ནས་ཁྲག་དང་ཆུ་སེར་སོགས་མི་གཙང་བའི་རྫས་ཀྱིས་གྲུབ་པ་ཤུ་བ་དང་འདྲ་བ་ཞིག་ཡིན། ལུས་པོ་འདི་ལ་མིས་ཅུང་ཟད་ཙམ་བརྡུང་བརྡེག་བྱས་ནའང་མི་བཟོད་པ་དང་། ཚ་བ་གྲང་བའམ་ན་ཚ་ཆུང་ངུ་རེ་ལའང་མི་བཟོད་པའི་སྡུག་བསྔལ་ཅན་ཞིག་ཡིན། འོན་ཀྱང་ང་ཚོས་ལུས་ངན་པ་འདི་ལ་ཆགས་སྲེད་ཀྱིས་ཞེན་ཅིང་། ཤེས་རབ་ཀྱི་མིག་མ་རིག་པས་ལྡོངས་པར་གྱུར་པ་ཡིན། དེར་བརྟེན་ལུས་ཀྱི་ཡང་དག་པའི་ངོ་བོ་མ་ཤེས་པར་ལུས་ལ་ཞེན་པ་དེ་སྲེད་མདོངས་ཡིན། འབྲས་བུ་ལ་རག་ལུས་པའི་ཚུལ། "བདག་གིས་ཡི་བར་བཟུང་བར་གྱུར་ན་ཚེར་མ་དང་མེ་སྟག་ཙམ་གྱིས་ཀྱང་གནོད་རིགས་ན་དེ་འདྲའི་ལུས་དེ་ལ་གནོད་པ་བྱུང་བ་ལ་གཞན་སུ་ལ་ཁྲོ་ཁྲོ་མི་རིགས་ཏེ་དེ་ལྟ་བུའི་གནོད་པའི་རྒྱུ་ལུས་ངན་པ་རང་གིས་བཟུང་བས་ཉེས་ཤིང་ལན་པས་སོ། །[]ཞེས་པས་བདག་གིས་སྲེད་མདོངས་ཀྱིས་ལུས་ངན་པ་འདི་ལ་ཆགས་ནས་བཟུང་བར་གྱུར་ན། དེ་ལ་ཚེར་མའམ་མེ་སྟག་ཙམ་གྱིས་ཀྱང་གནོད་པ་བྱུང་ནའང་གཞན་སུ་ལ་ཁྲོ་བར་མི་རིགས། གང་ཡིན་ཞེ་ན། དེ་ལྟ་བུའི་གནོད་པའི་རྒྱུ་ནི་ལུས་ངན་པ་རང་གིས་བཟུང་བས་ནའོ། །ལུས་འདི་ནི་སྲེད་མདོངས་ཀྱིས་བདག་གིས་བར་བཟུང་བའི་འབྲས་བུ་ཡིན་པས་གཞན་ལ་ཁྲོ་བ་དེ་མི་རིགས་པའོ། །

ཤེས་རབ་ཀྱི་མིག་བཀག་པའི་ཚུལ།

[རྩོམ་སྒྲིག]

"ལུས་ལ་སོགས་པར་སྲེད་པས་ལྡོངས་པ་སྟེ། ཤེས་རབ་ཀྱི་མིག་བཀག་པ་བདག་གིས་བཟུང་བས་གནོད་པ་ཐམས་ཅད་བྱུང་བར་གྱུར་ན་དེ་ལ་གནོད་པར་སུ་ལ་ཁྲོ་སྟེ་གཞན་ལ་ཁྲོ་བར་མི་རིགས་སོ། །"[]ཞེས་པས་སྲེད་པས་ལྡོངས་ཏེ་ཤེས་རབ་ཀྱི་མིག་བཀག་པ་བདག་གིས་བཟུང་བའི་ལུས་འདི་ལ་གནོད་པ་ཐམས་ཅད་བྱུང་བར་གྱུར་ན་དེ་ལ་གནོད་པར་སུ་ལ་ཁྲོ་བར་བྱེད། གཞན་ལ་ཁྲོ་བར་མི་རིགས། སྲེད་མདོངས་ཀྱིས་ཤེས་རབ་ཀྱི་མིག་བཀག་པ་རང་གི་སྐྱོན་ཡིན་པར་བསྟན་ཏོ། །ཡང་"བདག་གིས་ཤུ་བ་སྨིན་པ་ལུས་ཀྱི་རྣམ་པ་འདི་བཟུང་བ་སྟེ། སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །འཇོམས་པ་ཐམས་ཅད་མི་བཟོད་པ་ནི་བརྡུང་བ་དང་བརྡེག་པ་ལ་སོགས་པས་ཀྱང་ཉམས་པར་བྱ་བ་ཡང་མ་ཡིན་པའི་ཕྱིར་རོ། །"[]ཞེས་པས་དག་གིས་སྲེད་མདོངས་ཀྱིས་ཤུ་བ་སྨིན་པ་མི་གཙང་བའི་ལུས་འདི་བཟུང་བ་དེ་ནི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་ཡིན། ལུས་འདི་ཤིན་ཏུ་ཞན་པ་ཞིག་ཡིན་ཏེ། གང་ཞིག་འཇོམས་པ་ཐམས་ཅད་ལ་མི་བཟོད་པ་ནི་བརྡུང་བརྡེག་ལ་སོགས་པས་ཀྱང་ཉམས་པར་མི་བྱེད་པར་ལུས་པོ་ཡན་ལག་ཚང་བར་སྐྱོང་དཀའ་བའི་ཕྱིར་རོ། འདི་ནི་སྲེད་མདོངས་ཀྱིས་ལུས་ངན་པ་བཟུང་བ་སྡུག་བསྔལ་གྱི་རྒྱུ་ཡིན་པ་བསྟན་པ་ཞིག་ཡིན།

དཔེ་མཚོན།

[རྩོམ་སྒྲིག]

ཤུ་བ་རྩིག་པའི་དཔེ། "རྨ་ཤུ་རྩིག་པ་ལ་ཐུག་པས་སྡུག་བསྔལ་བ་ན་གཞན་ལ་ཁྲོ་མི་རིགས་པ་བཞིན་ཡིན་པར་གསུངས་སོ། །"[]ཞེས་པས་དཔེར་ན་མི་ཞིག་གིས་ཤུ་བ་སྐམ་པོ་འམ་རུལ་པ་ལ་ཐུག་ནས་ལུས་ལ་ཞག་གིས་ནད་མྱུར་བྱུང་ཡང་། ཤུ་བ་ལ་ཁྲོ་བ་ནི་ཚད་འཛིན་གྱི་རྣམ་རྟོག་ཙམ་ཡིན་པས་མི་རིགས། དེ་བཞིན་དུ་སྲེད་པས་ལྡོངས་ནས་ལུས་ངན་པ་འདི་བཟུང་བས་གནོད་པ་བྱུང་ཡང་གཞན་ལ་ཁྲོ་བར་མི་རིགས་པའོ། །འདི་ནི་ཤུ་བ་རྩིག་པའི་དཔེས་སྲེད་མདོངས་ཀྱི་ཉེས་དམིགས་སུ་བསྟན་ཏོ། །ཚེར་མ་འཇོམས་ནུས་པའི་དཔེ། "ཚེར་མས་ཀྱང་འཇོམས་ནུས་པས་དེ་ལ་གནོད་པ་སུ་ལ་ཁྲོ་རང་གི་ཉེས་པའོ་སྙམ་དུ་བསམ་པར་བྱའོ། །"[༡༠]ཞེས་པས་ལུས་འདི་ནི་ཚེར་མ་ཙམ་གྱིས་ཀྱང་འཇོམས་ནུས་པའི་ཤིན་ཏུ་ཞན་པ་ཞིག་ཡིན། དེ་བས་ན་དེ་ལ་གནོད་པ་བྱུང་སྐབས་གཞན་སུ་ལ་ཁྲོ་མི་རིགས་པ་དང་། རང་གི་ཉེས་པ་ཡིན་པར་བསམ་ནས་སྲེད་མདོངས་ཀྱིས་ལུས་ངན་པ་ལ་ཆགས་པའི་་ཉེས་དམིགས་གསལ་པོར་བསྟན་པ་ཞིག་ཡིན་ནོ། །

རང་གི་སྐྱོན་ཤེས་པ།

[རྩོམ་སྒྲིག]

"འདིའི་ཚིགས་བཅད་སྔ་མས་རང་གཞན་གཉིས་ཀ་ལ་སྐྱོན་མཉམ་པར་ཡོད་པ་བསྟན་ལ་འདིས་རང་ཁོ་ན་ལ་སྐྱོན་ལྷག་པར་ཡོད་པའང་བསྟན་ཏེ། རང་གིས་ལུས་མ་བཟུང་ན་གནོད་པ་མི་འབྱུང་བར་ངེས་ལ་གལ་ཏེ་བཟུང་ཡང་སྲ་མཁྲེགས་དང་ལྡན་པའི་རྡོ་རྗེ་ལྟ་བུའི་ལུས་ཞིག་བཟུང་ན་སུས་ཀྱང་གནོད་མི་ནུས་པ་ལ་གནོད་པའི་རྐྱེན་ཅུང་ཟད་ཀྱང་མི་བཟོད་པའི་ལུས་ངན་འདི་འདྲ་བཟུང་བས་ལན་པས་སོ། །"[༡༡]ཞེས་པས་སྔོན་ཚིགས་བཅད་སྔ་མས་ཁྲོ་བ་ལ་སོགས་པ་བྱེད་པ་དང་སྡང་བ་ལ་སོགས་པ་བྱེད་པའི་སྐབས་ཀ་རང་གཞན་གཉིས་ཀར་སྐྱོན་མཉམ་པར་ཡོད་པར་བསྟན་པ་ལས། ད་ལྟའི་ཚིགས་བཅད་འདིས་རང་ཉིད་ལ་སྐྱོན་ལྷག་པར་ཡོད་པ་བསྟན་པ་ཡིན། གང་ཡིན་ཞེ་ན། རང་གིས་ལུས་མ་བཟུང་ན་གནོད་པ་འབྱུང་མི་སྲིད་ལ། གལ་ཏེ་ལུས་བཟུང་ཡང་རྡོ་རྗེ་ལྟ་བུའི་ལུས་སྲ་མཁྲེགས་ཤིག་བཟུང་ན་སུས་ཀྱང་གནོད་མི་ནུས། འོན་ཀྱང་གནོད་པའི་རྐྱེན་ཅུང་ཟད་ཀྱང་མི་བཟོད་པའི་ལུས་ངན་འདི་འདྲ་བཟུང་བས་ལན་ཆེན་པོ་ཡིན་པའོ། །དེས་ན་ཤེས་རབ་ཀྱི་མིག་སྲེད་པས་ལྡོངས་ནས་བླུན་པོར་གྱུར་པའི་ལུས་འདི་བཟུང་བ་རང་གི་སྐྱོན་ཆེན་པོ་ཞིག་ཡིན།

སྡུག་བསྔལ་གྱི་རྒྱུ།

[རྩོམ་སྒྲིག]

"བདག་གིས་ཤུ་བ་སྨིན་པ་ལུས་ཀྱི་རྣམ་པ་འདི་བཟུང་བ་སྟེ། སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །འཇོམས་པ་ཐམས་ཅད་མི་བཟོད་པ་ནི་བརྡུང་བ་དང་བརྡེག་པ་ལ་སོགས་པས་ཀྱང་ཉམས་པར་བྱ་བ་ཡང་མ་ཡིན་པའི་ཕྱིར་རོ། །"[༡༢]ཞེས་བདག་གིས་སྲེད་མདོངས་ཀྱིས་ཤུ་བ་སྨིན་པ་མི་གཙང་བའི་ལུས་འདི་བཟུང་བ་དེ་ནི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་ཡིན། ལུས་འདི་ཤིན་ཏུ་ཞན་པ་ཞིག་ཡིན་ཏེ། གང་ཞིག་འཇོམས་པ་ཐམས་ཅད་ལ་མི་བཟོད་པ་ནི་བརྡུང་བརྡེག་ལ་སོགས་པས་ཀྱང་ཉམས་པར་མི་བྱེད་པར་ལུས་པོ་ཡན་ལག་ཚང་བར་སྐྱོང་དཀའ་བའི་ཕྱིར་རོ། །སྲེད་མདོངས་ཀྱིས་ལུས་ངན་པ་བཟུང་བ་སྡུག་བསྔལ་གྱི་རྒྱུ་ཡིན་པར་བསྟན་ཏོ། །

བསྡུས་དོན།

[རྩོམ་སྒྲིག]

འདོད་ཆགས་སྲེད་པའི་སྟོབས་ཀྱིས་ཤེས་རབ་ཀྱི་མིག་ལྡོངས་པར་གྱུར་པའི་གནས་སྐབས་དང་། འདི་ལ་བྱེ་བྲག་ཏུ་ལུས་ལ་ཆགས་པའི་ཚུལ་དང་། དེའི་ཉེས་དམིགས། གནོད་པ་བྱུང་སྐབས་གཞན་ལ་ཁྲོ་མི་རིགས་པའི་རྒྱུ་མཚན། རང་གི་སྐྱོན་ཤེས་དགོས་པའི་ཚུལ་སོགས་སྤྱོད་འཇུག་གི་འགྲེལ་པ་ཁག་ཏུ་རྒྱས་པར་བཤད་ཡོད། ལུས་ངན་པ་འདི་ཁྲག་ཆུ་སེར་སོགས་མི་གཙང་བའི་རྫས་ཀྱིས་གྲུབ་ཅིང་ཅུང་ཟད་གནོད་ཀྱང་མི་བཟོད་པ་ཡིན་པས། འདི་ལ་ཆགས་ནས་བཟུང་བ་ནི་རང་གི་ལྟ་བ་ངན་པ་ཡིན་པ་བཅས་སོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  4. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  5. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  6. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  7. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  8. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  9. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  10. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  11. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  12. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།