སྲེད་པ་
སྲེད་པ་ཞེས་པ་ནི་ཆགས་སྡང་གཏི་མུག་གསུམ་ལས་ཆགས་པའི་རིགས་སུ་གཏོགས་པའི་ཉོན་མོངས་པ་ཞིག་སྟེ། ཡུལ་དུ་དམིགས་པ་འདོད་ཅིང་རེ་སྒུག་བྱེད་པའི་སེམས་ཀྱི་བྱ་བ་ཞིག་ཡིན། དེ་ཡང་ལེ་ལོ་སྐྱེད་པའི་རྒྱུ་གལ་ཆེ་བ་ཞིག་དང་། འཁོར་བའི་འདམ་ནས་མི་ཐར་བའི་རྩ་བའི་ཉོན་མོངས་པ་ཞིག་ཡིན་པར་འགྲེལ་པ་ཤིན་ཏུ་ཁག་ཏུ་བྱས་འདུག །
ནང་དོན།
[རྩོམ་སྒྲིག]ལེ་ལོའི་རྒྱུ་སྦྱོར། "འཁོར་བའི་སྡུག་བསྔལ་མི་སྐྱོ་ལས། དེས་བདེ་ཉམས་ལེན་པ་ནི་བདེ་བ་མངོན་པར་འདོད་པ་སྟེ་དེ་དང་གཉིད་ནི་གཉིད་ཀྱིས་ནོན་པ་ཡིན་ལ། དེ་དག་གིས་ཏེ་སྲེད་པ་ནི་བསྟན་པར་འདོད་པའོ། །"[༡]ཞེས་གསུངས་པ་ལྟར། སྡུག་བསྔལ་ལ་མི་སྐྱོ་བ་ལས་བྱུང་བའི་སྙོམ་ལས་བདེ་བ་དང་གཉིད་ལ་སྲེད་པ་ནི་ལེ་ལོ་སྐྱེད་པའི་རྒྱུ་ཡིན།
"སྙོམ་ལས་ཏེ་དགེ་བ་ལ་མི་བརྩོན་པར་ཡིད་དལ་དུ་གནས་པའི་བདེ་བའི་རོ་མྱང་བ་སྟེ་དེ་ལ་ཞེན་པ་དང་། གཉིད་ལ་བརྟེན་པ་ལ་ལྷག་པར་ཆགས་པའི་སྲེད་པ་ཡིས་འཁོར་བའི་སྡུག་བསྔལ་ལ་མི་སྐྱོ་བ་ལས་ལེ་ལོ་ཉེ་བར་སྐྱེ་བར་འགྱུར་རོ། །"[༢]ཞེས་གསུངས།
"དགེ་བ་ལ་མི་བརྩོན་ཞིང་རྣམ་གཡེང་ལ་སོགས་པ་བདེ་བར་ཞེན་པས་སྙོམ་ལས་བདེ་བའི་རོ་ལ་མྱོང་བ་སྟེ་དེ་ལ་ཞེན་པ་དང་གཉིད་ཀྱིས་ནོན་པ་མལ་དང་སྔས་རྟེན་སོགས་ལ་བརྟེན་པའི་སྲེད་པ་འཕེལ་བ་ཡིས།"[༣] ཞེས་པ་ལྟར་རྣམ་གཡེང་དང་གཉིད་ལ་སྲེད་པ་འདི་ལེ་ལོ་སྐྱེད་པའི་གཏུབ་རྒྱུ་ཡིན།
འཇིག་རྟེན་མི་སྤོང་བའི་རྒྱུ། "བདག་དང་བདག་གི་བའི་འཛིན་པས་ཡོངས་སུ་འཇུག་པའི་མངོན་པར་ཞེན་པ་ནི་ཆགས་པ་སྟེ། དེའི་ཕྱིར་འཇིག་རྟེན་མི་སྤོང་ལ། རྙེད་པ་ལ་སོགས་པ་ལ་སྲེད་པས་ཀྱང་ངོ་། །"[༤]ཞེས་གསུངས་པ་ལྟར། སེམས་ཅན་ལ་ཆགས་པ་དང་རྙེད་བསོད་སོགས་ལ་སྲེད་པ་གཉིས་ནི་འཇིག་རྟེན་མི་སྤོང་བའི་རྒྱུ་ཡིན།
"བདག་དང་བདག་གིར་ཞེན་པ་ལ་བརྟེན་ནས་ནང་སེམས་ཅན་ལ་ཆགས་པའི་ཕྱིར་དང། ཕྱི་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་སོགས་ལ་སྲེད་པས་འཇིག་རྟེན་གྱི་ཞེན་པ་མི་སྤོངས་ཏེ།"[༥] ཞེས་གསུངས།
"ནང་སེམས་ཅན་རྣམས་ལ་ཆགས་པའི་ཕྱིར་དང་ཕྱི་རྙེད་པ་སོགས་ལ་སྲེད་པས་ནི་འཇིག་རྟེན་གྱི་འདུ་འཛི་མི་སྤོང་མི་ནུས་པ།"[༦] ཞེས་པ་ལྟར་ནང་ཕྱི་གཉིས་ཀ་ལ་སྲེད་པ་འདི་འཇིག་རྟེན་མི་སྤོང་བའི་གཙོ་རྒྱུ་ཡིན། "བདག་དང་བདག་གི་བར་མངོན་པར་ཞེན་པའི་དབང་གིས་ནང་སེམས་ཅན་ལ་ཆགས་པའི་ཕྱིར་དང་ཕྱི་རྙེད་བཀུར་བསྟོད་གྲགས་སོགས་ལ་རབ་ཏུ་སྲེད་པས་ནི་འཇིག་རྟེན་གྱི་ཞེན་པ་མི་སྤོང་།"[༧] ཞེས་གསུངས།
ཆགས་པའི་ཉེས་དམིགས། "མ་མཐོང་ན་ནི་དགར་མི་འགྱུར་ཏེ་ཡིད་མི་བདེ་བར་འགྱུར་ཞིང་དེས་ཡིད་ཀྱང་མཉམ་པར་འཇོགས་པར་མི་འགྱུར་ལ། གལ་ཏེ་མཐོང་ཡང་ངོམས་པར་མི་འགྱུར་བས་སྔར་བཞིན་དུ་དེ་ལ་སྲེད་པས་གདུངས་པར་འགྱུར།"[༨] ཞེས་གསུངས་པ་ལྟར། ཆགས་པའི་ཡུལ་མ་མཐོང་ཡང་གདུང་ལ་མཐོང་ཡང་སྲེད་པས་གདུང་བའི་ཉེས་པ་ཡོད།
"སྡུག་པའི་དངོས་པོ་མཐོང་ཡང་སྲེད་པས་ངོམས་པར་མི་འགྱུར་བས་སྔར་མ་མཐོང་ཞིང་འདོད་པའི་དུས་བཞིན་དུ་སྲེད་པས་གདུང་བར་འགྱུར་རོ། །"[༩]ཞེས་གསུངས།
"ཆགས་པའི་ཡུལ་སྡུག་ཅིང་ཡིད་དུ་འོང་བ་མ་མཐོང་ཞིང་དེ་དང་མ་འཕྲད་ན་ནི་ཡིད་དགའ་བར་མི་འགྱུར་ཞིང་མི་དགའ་ཞིང་ཡིད་མི་བདེ་བས་རྒྱུད་འཁྲུགས་ཤིང་གཡེངས་པར་གྱུར་ན་ཡིད་ཀྱང་ནང་དུ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པར་མི་འགྱུར་ལ། བརྒྱ་ལ་འདོད་པའི་ཡུལ་སྡུག་ཅིང་ཡིད་དུ་འོང་བ་མཐོང་བར་གྱུར་ན་ཡང་དེས་ནམ་ཡང་ངོམས་ཤིང་ཆོག་པར་མི་འགྱུར་བས།"[༡༠] ཞེས་པ་ལྟར་སྲེད་པ་དེ་མ་ཚིམ་པའི་རང་བཞིན་ཅན་ཡིན།
ཡང་སྲིད་ལེན་པའི་རྒྱུ། "སྲེད་པ་འདི་ཞེས་པ་ལ་སོགས་པ་གསུངས་པ་ལ། ཉོན་མོངས་ཅན་མ་ཡིན་པ་ཡོད་ན་སྟེ། ཉོན་མོངས་པ་དང་མཚུངས་པར་མི་ལྡན་པའི་སྲེད་པ་འདི་ཁྱེད་ཀྱི་རྣལ་འབྱོར་པ་རྣམས་ལ་མེད་པ་ཇི་ལྟར་སྲིད།"[༡༡] ཅེས་གསུངས་པ་ལྟར། དགྲ་བཅོམ་པ་ལའང་ཉོན་མོངས་ཅན་མིན་པའི་སྲེད་པ་ཡོད།
"སྟོང་ཉིད་མ་རྟོགས་པའི་གང་ཟག་དེ་དག་ལ་ཚོར་བ་བདེན་འཛིན་གྱི་མ་རིག་པ་ཅུང་ཟད་ཀྱང་མ་སྤངས་པས་ཚོར་བའི་རྐྱེན་གྱིས་ཚོར་བ་བདེ་བ་ལ་མི་འབྲལ་བར་སྲེད་པ་དང། སྡུག་བསྔལ་ལ་འབྲལ་འདོད་ཀྱི་སྲེད་པ་ངེས་པར་སྐྱེ་བ་ཡིན།"[༡༢] ཞེས་གསུངས་པ་བཞིན། བདེན་འཛིན་གྱི་མ་རིག་པ་མ་སྤངས་པ་ན་སྲེད་པ་སྐྱེ་བ་ནི་ངེས་པ་ཡིན།
"རེ་ཞིག་ཡང་སྲིད་ཉེར་ལེན་ཏེ་ཉེ་བར་ལེན་པའི་རྒྱུ་སྲེད་པ་ཡིན་པས་དེ་ནི་མེད་ཅེས་ཏེ་མེད་ཅིང་དེའི་ཕྱིར་སྲིད་པ་གཞན་དུ་མཚམས་མི་སྦྱོར་ཞེས་ངེས་པ་ཉིད་དུ་སྨྲའོ་ཞེ་ན། འདི་ལ་ཡིད་ཀྱི་རང་བཞིན་གྱི་ལུས་འགྲུབ་པའི་རྒྱུ་ཚོགས་པ་ཚང་ཞིང་གེགས་མེད་པ་ཡོད་པའི་ཕྱིར། གང་ཞེ་ན་དགྲ་བཅོམ་པའི་རྒྱུད་ཀྱི་སྲེད་པ་འདི་ངར་འཛིན་གྱིས་བསྐྱེད་པའི་ཉོན་མོངས་པ་ཅན་མིན་ཡང། དཔེར་ན་ཉོན་མོངས་ཅན་མིན་པའི་ཀུན་རྨོངས་ཏེ་ཡུལ་དུས་བསྐལ་པའི་དངོས་པོ་མི་ཤེས་པའི་རྨོངས་པ་ཡོད་པར་འདོད་པ་བཞིན་དུ་སྲེད་པ་ཉོན་མོངས་ཅན་མིན་པའང་ཅི་སྟེ་མེད་དེ་ཡོད་དོ། །"[༡༣]ཞེས་གསུངས་པ་ལྟར། དགྲ་བཅོམ་པ་ལའང་ཉོན་མོངས་ཅན་མིན་པའི་སྲེད་པ་ཡོད་པས་ཡང་སྲིད་ལེན་པའི་རྒྱུ་ཚང་ངོ་། །
དོན་བསྡུས།
[རྩོམ་སྒྲིག]མདོར་ན། སྲེད་པ་ཞེས་པ་ནི་ཡུལ་ལ་འདོད་ཅིང་ལོངས་སྤྱོད་འདོད་པའི་ཆགས་པའི་སེམས་ཤིག་ཡིན། དེ་ནི་སྙོམ་ལས་དང་གཉིད་ལ་ཞེན་པ། ནང་ཕྱིའི་འཇིག་རྟེན་ལ་ཆགས་པ། ཚོར་བ་ལ་བརྟེན་ནས་སྐྱེ་བའི་འདོད་ཆགས། དམིགས་པ་དང་བཅས་པའི་ཞེན་པ་སོགས་གོ་རིམ་ཐ་དད་ཀྱི་རིགས་སུ་དབྱེ་ཆོག །དེ་དག་ཐམས་ཅད་ལེ་ལོ་སྐྱེད་པའི་རྒྱུ་གལ་ཆེ་བ་དང་། འཁོར་བ་ལས་མ་གྲོལ་བའི་རྩ་བའི་ཉོན་མོངས་པ་ཞིག་ཡིན་པར་གསུང་། ཆགས་ཡུལ་མ་མཐོང་ན་ཡིད་མི་བདེ་ཞིང་མཐོང་ཡང་ངོམས་མི་འགྱུར་བ། དགྲ་བཅོམ་པ་ལ་ཡང་ཉོན་མོངས་ཅན་མ་ཡིན་པའི་སྲེད་པ་ཡོད་པ། ཚོར་བའི་རྐྱེན་གྱིས་བདེ་བ་ལ་མི་འབྲལ་བའི་སྲེད་པ་སྐྱེ་བ་སོགས་ཀྱི་ཁྱད་པར་དུ་མ་ཡོད་པ་དང་། སྟོང་ཉིད་རྟོགས་པ་ཙམ་གྱིས་སྲེད་པ་ཚང་མ་སྤང་མི་ཐུབ་པར་འགྲེལ་པ་རྣམས་ཀྱིས་གསུངས།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།