སྲིད་པའི་སྡུག་བསྔལ་
སྲིད་པའི་སྡུག་བསྔལ་ཞེས་པ་ནི་འཁོར་བའི་སྲིད་པ་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱིས་མྱོང་བར་འགྱུར་བའི་སྡུག་བསྔལ་ཏེ། སྐྱེ་རྒ་ན་འཆི་དང་། དམྱལ་བ་ལ་སོགས་པའི་ངན་འགྲོའི་སྡུག་བསྔལ། ལྷ་མི་ལ་སོགས་པའི་བདེ་འགྲོའི་སྡུག་བསྔལ་བཅས་འཁོར་བའི་སྡུག་བསྔལ་ཐམས་ཅད་ལ་ཟེར།
སྒྲ་བཤད།
[རྩོམ་སྒྲིག]སྲིད་པ་ཞེས་པ་ནི་འཁོར་བའི་ཚུལ་གྱིས་སྐྱེ་སྡུག་གི་གནས་སྐབས་ལ་ཟེར་ཞིང་། སྡུག་བསྔལ་ཞེས་པ་ནི་ཡིད་མི་བདེ་ཞིང་གདུང་བའི་ཉམས་མྱོང་ལ་ཟེར། གཉིས་པོ་འདིའི་སྦྲེལ་བས་འཁོར་བའི་ནང་དུ་སྐྱེ་བ་བླངས་པའི་སྐབས་སུ་མྱོང་བར་འགྱུར་བའི་སྡུག་བསྔལ་ལ་སྲིད་པའི་སྡུག་བསྔལ་ཞེས་བྱ།
ནང་དོན།
[རྩོམ་སྒྲིག]སྲིད་པའི་སྡུག་བསྔལ་གྱི་རང་བཞིན། "རང་ཉིད་ཀྱིས་མྱོང་བར་འགྱུར་བའི་སྐྱེ་རྒ་སོགས་དང་དམྱལ་བ་ལ་སོགས་པའི་སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་མང་པོ་སྟེ་དཔག་ཏུ་མེད་པ་"[༡]ཞེས་གསུངས། སྡུག་བསྔལ་གྱི་དབྱེ་བ། "འཁོར་བར་གནས་པའི་དམྱལ་བ་ལ་སོགས་པའི་འགྲོ་བའི་སྡུག་བསྔལ་བདེ་བ་མ་ཡིན་པ་མྱོང་བ་རྣམས་ཡིན་ལ། བརྒྱ་ཕྲག་ནི་མཐར་ཐུག་པ་མེད་པའི་ཚོགས་སོ། །"[༢] ཞེས་གསུངས་ཏེ། ངན་འགྲོའི་སྡུག་བསྔལ་ཙམ་དུ་མ་ཟད་བདེ་འགྲོའི་སྡུག་བསྔལ་ཡང་ཚུད་པར་བསྟན། སྲིད་པའི་སྡུག་བསྔལ་སེལ་ཐབས། "རང་གི་སྲིད་པའི་སྡུག་བསྔལ་སྐྱེ་རྒ་ན་འཆི་ལ་སོགས་པ་བརྒྱ་ཕྲག་མང་པོ་གཞོམ་པར་འདོད་ཅིང་ཐབས་ལ་འཇུག་པ་"[༣]ཞེས་གསུངས་ཏེ། སྐྱེས་བུ་འབྲིང་གི་སྐད་ཆ་ནས་རང་གི་སྲིད་པའི་སྡུག་བསྔལ་སེལ་བའི་སྐོར་གསུངས།
བྱང་ཆུབ་ཀྱི་སེམས་དང་འབྲེལ་བ།
[རྩོམ་སྒྲིག]བྱང་ཆུབ་སེམས་ཀྱི་དགོས་པ། "འདོད་པའི་དོན་དེ་དག་འགྲུབ་པར་ངེས་པའི་ཐབས་མཆོག་ཏུ་གྱུར་པའི་བྱང་ཆུབ་ཀྱི་སེམས་འདི་ཉིད་རྟག་པར་དུས་ཀུན་ཏུ་གཏང་བའམ་འདོར་བར་མི་བྱ་བར་སེམས་དེ་བསྐྱེད་ཅིང་མི་ཉམས་པའི་སྒོ་ནས་གཟུང་བར་བྱའོ་"[༤]ཞེས་སྲིད་པའི་སྡུག་བསྔལ་སེལ་བའི་ཐབས་མཆོག་ནི་བྱང་ཆུབ་ཀྱི་སེམས་ཡིན་པར་གསུངས། "སྐྱེས་བུ་འབྲིང་གི་བསམ་པ་སྦྱངས་པས་རང་རྒྱུད་ཀྱི་སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་སྐྱེས་བུ་ཆེན་པོའི་བསམ་པ་སྦྱངས་པས་སེམས་ཅན་ཐམས་ཅད་ཀྱི་མི་བདེ་བ་བསལ་བར་འདོད་པ་དང། མངོན་མཐོ་དང་ངེས་ལེགས་ཀྱི་བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་ཐབས་མཆོག་ཏུ་གྱུར་པ་གཞན་མེད་པས་བྱང་ཆུབ་ཀྱི་སེམས་ཉིད་བསྐྱེད་པར་བྱ་ཞིང་དུས་རྟག་ཏུ་བཏང་བ་སྟེ་ཉམས་པར་མི་བྱའོ། །"[༥]ཞེས་གསུངས།
ཐར་པའི་གེགས་བྱེད་ཚུལ།
[རྩོམ་སྒྲིག]ནོར་ལ་ཆགས་པའི་ཉེས་དམིགས། "བསག་དང་བསྲུང་དང་སོགས་ཏེ། དེ་ལ་ཐར་བའི་གེགས་བྱེད་ཅིང་དལ་འབྱོར་ཆུད་གསོན་པ་ནི། དང་པོ་ནོར་མེད་པའི་ཚེ་ཚེགས་ཆེན་པོས་དེ་ཚོ་ཞིང་བསག་དགོས་པའི་སྡུག་བསྔལ་དང་། བར་དུ་དཀའ་བས་བསགས་པའི་ནོར་དེ་ཡང་ཆུད་ཟ་བའི་རྐྱེན་རྣམས་ལས་བསྲུང་ཞིང་སྐྱོང་དགོས་པའི་སྡུག་བསྔལ་དང། མཐར་དཀའ་བས་བསྲུངས་ཀྱང་མེ་ཆུ་དགྲ་སོགས་ཀྱིས་བརླག་པའི་སྡུག་བསྔལ་བར་འགྱུར་བ་སྟེ་དེ་ལྟར་ཐོག་མཐའ་བར་གསུམ་ཀུན་ཏུ་སྡུག་བསྔལ་གྱི་གདུང་བ་ཡིས་གདུངས་ཤིང་ཡིད་མི་བདེ་བསྐྱེད་པར་བྱེད་པའི་རྒྱུ་ཡིན་པས་ན། ནོར་ཞེས་མིང་ཡང་དོན་དང་མཐུན་པར་གྲགས།"[༦] ཞེས་ནོར་ལ་ཆགས་པས་ཐར་པའི་སྐབས་འགོག་པར་གསུངས། འདོད་ཡོན་གྱི་ཉེས་དམིགས། "དཔེར་ན་མིག་ཤེས་གཟུགས་ལ་ཆགས་པས་བྱེ་མ་སླེབ་མར་མེས་ཚིག་པ་དང། རྣ་བ་སྒྲ་ལ་ཆགས་པས་རི་དྭགས་དུག་མདས་གསོད་པ་དང། སྣ་དྲི་ལ་ཆགས་པས་བུང་བ་མེ་ཏོག་ཏུ་འཐུམ་པ་དང། ལྕེ་རོ་ལ་ཆགས་པས་ཉ་མོ་ལྕགས་ཀྱུས་ཟིན་པ་དང། ལུས་རེག་བྱ་ལ་ཆགས་པས་གླང་པོ་ཆེ་འདམ་དུ་བྱིང་བ་ལྟ་བུའི་འདོད་ཡོན་གྱི་ཉེས་པ་ལ་བསམ་སྟེ་ཞེན་ཅིང་ཆགས་པ་སྤོང་བར་བྱའོ། །"[༧]ཞེས་འདོད་ཡོན་ལྔ་ལ་ཆགས་པའི་ཉེས་དམིགས་གསུངས།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། ༡༩
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། ༢༡
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༢༡
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། ༡༩
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། ༡༤
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། ༡༡༨༥
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༡༡༧༩