སྲིད་པ་
སྲིད་པ་ཞེས་པ་ནི་བོད་ཀྱི་ནང་བསྟན་གྱི་ལྟ་གྲུབ་ཏུ་འཁོར་བའི་སྐྱེ་བ་ལེན་པའི་གནས་རིས་དང་། སེམས་ཅན་རྣམས་ཀྱི་སྐྱེ་གནས་སྣ་ཚོགས། དེ་བཞིན་དུ་འཚོ་བ་དང་གནས་པའི་རྣམ་པ་སོགས་ལ་གོ་བའི་ཐ་སྙད་ཡིན།
ནང་དོན།
[རྩོམ་སྒྲིག]སྤྱོད་འཇུག་གི་འགྲེལ་པ་སྣ་ཚོགས་ནང་དུ་སྲིད་པ་ཞེས་པའི་ཐ་སྙད་འདི་སེམས་ཅན་རྣམས་ཀྱི་སྐྱེ་གནས་དང་འཁོར་བའི་གནས་རིས་སྣ་ཚོགས་ལ་སྤྱོད་པར་མཐོང་ཐུབ། དེ་ཡང་"རང་གི་སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་མང་པོ་གཞོམ་པར་འདོད་ཅིང་སེམས་ཅན་གཞན་རྣམས་ཀྱི་མི་བདེ་བ་ཐམས་ཅད་བསལ་བར་འདོད་པ་དང་། རང་གཞན་ཐམས་ཅད་བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་བྱང་ཆུབ་སེམས་ཉིད་རྟག་ཏུ་གཏང་བར་མི་བྱ་སྟེ། དེས་དོན་དེ་དག་འགྲུབ་པར་ངེས་པའི་ཕྱིར་རོ། །"[༡]ཞེས་གསུངས་པ་ལྟར་སྲིད་པ་ཞེས་པ་ནི་སེམས་ཅན་རྣམས་ཀྱི་སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་མྱོང་བའི་གནས་ལ་ཟེར།
འཁོར་བའི་གནས་རིས་གསུམ། སྲིད་པ་ནི་སྤྱིར་བཏང་འདོད་ཁམས་དང་གཟུགས་ཁམས། གཟུགས་མེད་ཁམས་རྣམས་སུ་དབྱེ། "སྲིད་པ་ནི་འཁོར་བ་ཡིན་ཏེ། འདོད་པ་དང་གཟུགས་དང་། གཟུགས་མེད་པའི་རང་བཞིན་དུའོ། །"[༢]ཞེས་གསུངས།
སྐྱེ་གནས་དྲུག "རིགས་དྲུག་གི་འགྲོ་བ་མཐའ་ཡས་པའི་འགྲོན་པོ་སྲིད་པའི་ལམ་སྟེ་མཐོ་སྲིད་པའི་རྩེ་མོ་ནས་དམའ་བ་དམྱལ་བ་མནར་མེད་ཀྱི་བར་དུ་རྒྱུ་ཞིང་འགྲོ་བས་སྡུག་བསྔལ་བར་གྱུར་པ་"[༣]ཞེས་གསུངས་པ་ལྟར་རིགས་དྲུག་ཏུ་སྐྱེ་བའི་གནས་རྣམས་སྲིད་པའི་ནང་དུ་འདུས།
སྲིད་པའི་སྡུག་བསྔལ།
[རྩོམ་སྒྲིག]སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ། "སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་ལ་བློ་སྦྱངས་པའི་སྒོ་ནས་རང་ཉིད་ཀྱིས་མྱོང་བར་འགྱུར་བའི་སྐྱེ་རྒ་སོགས་དང་དམྱལ་བ་ལ་སོགས་པའི་སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་མང་པོ་སྟེ་དཔག་ཏུ་མེད་པ་གཞོམ་པར་འདོད་ཅིང་།"[༤] ཞེས་གསུངས།
སྡུག་བསྔལ་གྱི་རྒྱ་མཚོ། "འཁོར་བར་གནས་པའི་དམྱལ་བ་ལ་སོགས་པའི་འགྲོ་བའི་སྡུག་བསྔལ་བདེ་བ་མ་ཡིན་པ་མྱོང་བ་རྣམས་ཡིན་ལ། བརྒྱ་ཕྲག་ནི་མཐར་ཐུག་པ་མེད་པའི་ཚོགས་སོ། །"[༥]ཞེས་གསུངས།
སྲིད་པའི་མི་རྟག་པ།
[རྩོམ་སྒྲིག]འགྲོན་པོའི་དཔེ། "དཔེར་ན་ལམ་རིང་པོ་དག་ཏུ་ནི་ཞུགས་པ་ཡི་འགྲོན་པོ་རྣམས་ཇི་ལྟར་འགྲོན་ཁང་ལ་སོགས་པའི་གནས་ནི་རིམ་པར་གཅིག་སྤངས་ཤིང་གཅིག་འཛིན་པར་བྱེད་པ་ལྟར་དེ་བཞིན་དུ་སྔོན་གང་ནས་འོང་དང་ཕྱིས་གར་འགྲོ་མི་ཤེས་པར་སྲིད་པ་ཁམས་གསུམ་འཁོར་བའི་ལམ་དུ་ཞུགས་པའང་ད་རེས་མི་ཡི་སྐྱེ་བའི་གནས་ནི་ཡོངས་སུ་འཛིན་ཅིང་ཆགས་ནས་འདི་ལས་གཞན་དུ་འགྲོ་འདོད་མེད་ཀྱང་འཆི་བདག་གཤིན་རྗེ་མྱུར་དུ་འོང་ནས་མི་འདོད་བཞིན་དུ་རང་དབང་མེད་པར་ཚེ་ཕ་རོལ་དུ་འཁྲིད་པར་འགྱུར་"[༦]ཞེས་འགྲོན་པོའི་དཔེས་སྲིད་པའི་མི་རྟག་པ་གསུངས།
སྲིད་པའི་གེགས།
[རྩོམ་སྒྲིག]ནོར་ལ་ཆགས་པ། "ནོར་ལོངས་སྤྱོད་ལ་ཆགས་ཤིང་ཞེན་པས་སེམས་རྣམ་པར་གཡེངས་བར་གྱུར་པ་རྣམས་ནི་ལམ་བསླབ་པ་གསུམ་ཉམས་སུ་ལེན་ལོང་མེད་པར་འགྱུར་བས་སྲིད་པའི་སྡུག་བསྔལ་ཁམས་གསུམ་འཁོར་བ་ལས་རྣམ་པར་གྲོལ་བའི་སྐབས་མེད་དེ་"[༧]ཞེས་གསུངས།
ནོར་གྱི་སྡུག་བསྔལ། "བསྲུང་བ་ནི་དཀའ་བས་བསགས་པ་དེ་ཡང་ཆུ་དང་མེ་ལ་སོགས་པ་ཆུད་ཟ་བར་བྱེད་པ་ལྔ་ལས་ཡོངས་སུ་སྐྱོང་བར་བྱེད་པའོ། །ཤིན་ཏུ་དཀའ་བ་དེ་ལྟར་སྲུང་བ་ཡང་བརྒྱ་ལ་རྐུན་མ་ལ་སོགས་པ་རྣམས་ཀྱིས་བརླག་པར་བྱེད་པས་གདུང་ཞིང་ཡིད་མི་བདེ་བ་སྡུག་བསྔལ་བའི་རྒྱུ་ནི་ཕུང་ཁྲོལ་ཡིན་ལ་དེ་ཉིད་དོན་མེད་པ་རྒུད་པའི་རྒྱུ་ཡིན་པའི་ཕྱིར་རྒྱུ་ལ་བརྟགས་ནས་ནོར་ཉིད་ཕུང་ཁྲོལ་དུ་བརྗོད་དོ། །"[༨]ཞེས་གསུངས་སོ། །
སྲིད་པ་ན་དེ་ཁོ་ན་ཉིད་ཀྱི་འགོག་པ།
[རྩོམ་སྒྲིག]ཕྱིན་ཅི་ལོག་གི་འཛིན་པ། "སྲིད་པ་སྤྱིའི་ཉེས་དམིགས་སེམས་པ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་ན་ནི་སྡུག་བསྔལ་གྱིས་གནོད་པའི་གཡང་ས་ཤིན་ཏུ་མང་སྟེ་དེ་དག་ལས་མི་འདའ་བའི་རྒྱུ་ནི་སྲིད་པ་དེ་ནི་སྡུག་བསྔལ་ལས་གྲོལ་བའི་ཐབས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་མིན་པར་སྲིད་པའི་ཞགས་པས་བཅིངས་པ་འདི་འདྲ་དང་ལྡན་པའི་སྐབས་དེར་ཡང་ཕན་ཚུན་འགལ་བས་ན་སྟེ་དེ་ཁོ་ན་ཉིད་ཁོང་དུ་མ་ཆུད་ན་ཐར་པའི་རྒྱུ་དང་འགལ་བ་དངོས་པོ་བདེན་པར་སྒྲོ་བཏགས་ནས་འཁོར་བར་འཁོར་བ་འབའ་ཞིག་ཏུ་ཟད་དོ། །"[༩]ཞེས་གསུངས།
ཐར་པའི་ཐབས་མེད་པ། "སྲིད་པ་དེར་ནི་ཐར་བའི་ཐབས་དེ་ཁོ་ན་ཉིད་ཐོབ་པ་དང་རྟོགས་པ་སོགས་ཡོད་པ་མིན་པར་མ་ཟད་ཕྱི་ནང་གི་དངོས་པོ་རྣམས་ལ་བདག་འཛིན་ཨ་འཐས་ཀྱིས་རྟག་རྟག་བདེན་བདེན་ལ་སོགས་པ་ཕྱིན་ཅི་ལོག་ཏུ་འཛིན་པ་འདི་འདྲ་བ་ཡིན་པས་ན།སྐབས་དེར་ཡང་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་རྟོགས་པ་དང་དངོས་པོར་ལྟ་བ་ལ་སོགས་པའི་ཕྱིན་ཅི་ལོག་གི་འཛིན་པ་ཕན་ཚུན་འགལ་བ་ཡིན་པས་ན་སྲིད་པ་ན་དེ་ཁོ་ན་ཉིད་དམ་ཟབ་མོ་སྟོང་པ་ཉིད་ཐོས་པ་དང་རྟོག་པ་འདི་འདྲ་བ་མེད་དེ། མུན་པའི་ཀློང་དུ་སྣང་བ་བཞིན་ནོ། །"[༡༠]ཞེས་གསུངས།
བྱང་ཆུབ་སེམས་ཀྱི་ཕན་ཡོན།
[རྩོམ་སྒྲིག]སྡུག་བསྔལ་གྲོལ་བའི་ཐབས། "འགྲོ་བའི་འགྲོན་པོ་སྲིད་པ་གསུམ་མམ་སྲིད་པ་བཞིའི་ལམ་བགྲོད་པར་དཀའ་བ་གཅིག་ནས་བརྒྱུད་དེ་གཅིག་ཏུ་རྒྱུ་ཞིང་སྡུག་བསྔལ་སྣ་ཚོགས་ལ་སྤྱོད་པས་ཉམ་ཐག་པར་གྱུར་པ་ལས་གནས་སྐབས་ལྷ་མིའི་བདེ་བ་དང་མཐར་ཐུག་ཟག་མེད་ཀྱི་བདེ་བའི་ལོངས་སྤྱོད་རྒྱ་ཆེན་པོ་ལ་སྤྱད་པར་འདོད་པ་རྣམས་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ནི་དེ་ལྟ་བུའི་ཕུན་སུམ་ཚོགས་པའི་བདེ་བ་མཐའ་དག་སྒྲུབ་པའི་ཐབས་མཆོག་ཏུ་གྱུར་པ་ཉིད་དུ་ཉེ་བར་གནས་ཏེ།"[༡༡] ཞེས་གསུངས།
དལ་འབྱོར་གྱི་དོན་ཡོད། "དེང་གི་དུས་འདིར་ནི་བདག་གི་གསོན་པའི་ཚེའམ་འཚོ་བའི་སྲོག་གི་རྒྱུན་འདི་དོན་གྱི་འབྲས་བུ་ཆེན་པོ་ཡོད་པ་ཉིད་དུ་གྱུར་དཅིང་མི་ཡི་སྲིད་པ་སྟེ་སྐྱེ་བ་འདི་ལ་སྔོན་གྱི་སྐྱེ་བ་རྣམས་སུ་ཐོབ་མ་མྱོང་ལ་ནམ་ཡང་རྙེད་པར་དཀའ་བའི་རིན་ཆེན་བྱང་ཆུབ་ཀྱི་སེམས་འདི་ད་རེས་ཐོབ་པས་ན་དལ་འབྱོར་དང་ལྡན་པའི་རྟེན་འདི་ལེགས་པར་ཐོབ་པ་ཡིན་"[༡༢] ཞེས་གསུངས།
བསྡུས་དོན།
[རྩོམ་སྒྲིག]སྲིད་པ་ཞེས་པ་ནི་འཁོར་བའི་ཁམས་གསུམ་དང་སྐྱེ་གནས་དྲུག་གི་ནང་དུ་སེམས་ཅན་རྣམས་ཀྱིས་ལས་ཀྱི་དབང་གིས་རང་དབང་མེད་པར་སྐྱེ་འཆི་བྱེད་པའི་གནས་རིས་རྣམས་ལ་ཟེར། སྲིད་པ་འདི་དག་ནི་སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་གྱིས་ཁྱབ་ཅིང་། གང་དུ་སྐྱེས་ཀྱང་མི་རྟག་པ་ཡིན་པས་གནས་སྐབས་གཅིག་ཏུ་སྡོད་ཐབས་མེད། ནོར་ལ་སོགས་པའི་འདོད་ཡོན་ལ་ཆགས་པས་སེམས་གཡེངས་ནས་ཐར་པའི་ལམ་ལ་འཇུག་ཐབས་མེད་པར་གྱུར། དེ་བཞིན་དུ་སྲིད་པ་ན་ནི་དེ་ཁོ་ན་ཉིད་སྟོང་པ་ཉིད་རྟོགས་པའི་སྐབས་མེད་པར་ཕྱིན་ཅི་ལོག་གི་འཛིན་པས་བཅིངས་ནས་དུས་རྟག་ཏུ་སྡུག་བསྔལ་མྱོང་བར་འགྱུར། འོན་ཀྱང་བྱང་ཆུབ་ཀྱི་སེམས་ནི་སྲིད་པའི་སྡུག་བསྔལ་ཐམས་ཅད་ལས་གྲོལ་བའི་ཐབས་མཆོག་ཡིན་པས་དེ་དང་མི་འབྲལ་བར་སྲུང་དགོས།
ལུང་ཁུངས།
[རྩོམ་སྒྲིག]- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།