སྲས་སྒྲ་ཅན་འཛིན་
སྲས་སྒྲ་གཅན་འཛིན (RAHULA) ནི་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་རྒྱལ་སྲིད་སྤངས་ཏེ་ཕེབས་པའི་ཉིན་མོར་སྐུ་འཁྲུངས་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཕྱིར་ཕོ་བྲང་དུ་ཕེབས་སྐབས་ཁོང་དགུང་གྲངས་བདུན་ལ་སོན་ཡོད་ཅིང་ཁོང་གི་མ་ཡུམ་དང་སྤོ་བོ་ལགས་གཉིས་ཀྱིས་སྐྱེད་བསྲིངས་ནས་འཚར་ལོངས་བྱུང་།
སངས་རྒྱས་བཅོམ་ལྡན་འདས་ཚུར་ཕོ་བྲང་དུ་ཕེབས་ནས་ཉིན་བདུན་པའི་སྐབས། བཙུན་མོ་གྲགས་འཛིན་མས་རང་གི་སྲས་སྒྲ་གཅན་འཛིན་ལ་གཟབ་འཆོར་སྤྲས་ནས། གསོལ་ཚིགས་བཞེས་བཞིན་པའི་སངས་རྒྱས་བཅོམ་ལྡན་འདས་ལ་མཛུབ་མོ་ཀེར་གྱིས་བཙུགས་ཏེ། ངའི་སྙིང་གི་བུ། ཁོང་སུ་ཞིག་ཡིན་མིན་ཁྱོས་ཀྱིས་ཤོད་ཐུབ་བམ། ཞེས་སྲས་སྒྲ་གཅན་འཛིན་ལ་དྲིས་པར་སྲས་ན་རེ། ཡུམ་ཆེན་ལགས། ཁོང་ནི་སངས་རྒྱས་བཅོམ་ལྡན་འདས་རེད་ཅེས་ལན་བཏབ་པས། གྲགས་འཛིན་མའི་མིག་ཟུང་མཆི་མས་བརླན་ཏེ་སླར་ཡང་སྨྲས་པ། ངའི་སྙིང་གི་བུ། འཇིག་རྟེན་གྱི་མགོན་པོ་ཚངས་པ་ཇི་བཞིན། འཁོར་དགྲ་བཅོམ་པ་ཉིས་ཁྲི་ལྷག་གིས་བསྐོར་ཞིང་གསེར་མདོག་གི་ན་བཟའ་བཞེས་ནས་བཞུགས་པ་ཁོང་ནི་ཁྱེད་ཀྱི་ཡབ་ཆེན་རེད། ཁོང་ལ་རྒྱལ་སྲིད་ཀྱི་ཤུལ་བཞག་སྟེ་རྒྱུ་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད་ནའང་། ཁོང་གིས་ཁྱིམ་སྤངས་ཏེ་ཕེབས་པའི་ཉིན་མོ་དེ་ནས་བཟུང་ང་ཚོས་ཁོང་གི་རྒྱུ་ནོར་དེ་དག་ཅི་ཞིག་བྱས་ཡོད་མེད་ཤེས་ཀྱི་མེད། དེར་བརྟེན་ཁྱེད་རང་ཡབ་ཆེན་གྱི་མདུན་དུ་ཕྱིན་ནས་འདི་ལྟར་ཞུས། ཡབ་ཆེན་ལགས། ང་ནི་སྐུ་ཉིད་ཀྱི་སྲས་སྒྲ་གཅན་འཛིན་ཡིན། ངས་མ་འོངས་པར་ཡུལ་ལུང་འདིའི་རྒྱལ་པོ་ལས་ཀྱང་རྒྱལ་པོ་བྱས་ཏེ་རྒྱལ་སྲིད་བསྐྱང་དགོས་པས་ང་ལ་རྒྱུ་ནོར་ལོངས་སྤྱོད་ཤིན་ཏུ་མཁོ། དེས་ན་ཡབ་ལ་དབང་བའི་རྒྱུ་ནོར་ལོངས་སྤྱོད་ཀྱི་བདག་པོ་ནི་ཉིད་ཀྱི་སྲས་ཡིན་པས། རྒྱུ་ནོར་ལོངས་སྤྱོད་དེ་དག་ཁོ་བོར་ལག་རྟགས་ཀྱི་ཚུལ་དུ་གནང་བར་ཞུ། ཞེས་ཞུས་ཤིག་ཅེས་གྲགས་འཛིན་མས་སྲས་སྒྲ་གཅན་འཛིན་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་བཏང་།
དེ་ནས་ཉེས་པ་མེད་ཅིང་སྐྱོན་གྱིས་མ་གོས་པའི་སྲས་སྒྲ་གཅན་འཛིན་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་བཅར་ཏེ། ཁོང་གི་ཕྱག་མཛུབ་གཅིག་གི་སྣེ་ལ་འཇུས་ཤིང་ཞལ་ལ་ཀེར་གྱིས་བལྟས་ཏེ། མ་ཡུམ་གྱིས་ཇི་ལྟར་གསུངས་པ་རྣམས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་རྗེས། ཡབ་ཆེན་ལགས། ཐ་ན་ཁྱེད་ཀྱིས་གྲིབ་ནག་ཙམ་གྱིས་ཀྱང་ང་ལ་ཅི་འདྲའི་བདེ་བ་ཞིག་སྟེར་གྱིན་འདུག་ཅེས་ཞུས།
སངས་རྒྱས་བཅོམ་ལྡན་འདས་ཀྱིས་གུང་ཚིགས་བཞེས་གྲུབ་སྟེ་ཕོ་བྲང་ནས་ཕེབས་ཐོན་གནང་བ་ན་སྲས་སྒྲ་གཅན་འཛིན་ཁོང་གི་རྗེས་སུ་བརྒྱུགས་ནས་ན་རེ། ཡབ་ཆེན་ལགས། ཁྱེད་ལ་ནི་རྒྱུ་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད། དེས་ན་ཐུགས་རྗེས་གཟིགས། ཁོ་བོས་རྒྱལ་སྲིད་སྐྱོང་བ་ལ་རྒྱུ་ནོར་ལོངས་སྤྱོད་ཤིན་ཏུ་མཁོ་བས་ཤུལ་བཞག་གི་རྒྱུ་རྫས་དེ་དག་ང་ལ་གནང་བར་ཞུ། ཞེས་ཞུས་ནའང་མི་སུ་གཅིག་གིས་ཀྱང་ཁོ་ལ་བཀག་འགོག་མ་བྱས་ཤིང་། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་སྲས་སྒྲ་གཅན་འཛིན་ཁོང་གི་རྗེས་སུ་ཡོང་བར་བཀག་འགོག་མ་གནང་། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཤིང་ནྱ་གྲོ་དྷའི་ཚལ་དུ་ཕེབས་པ་ན་ཁོང་གི་ཐུགས་ལ། སྲས་སྒྲ་གཅན་འཛིན་གྱིས་རང་གི་ཡབ་ཀྱི་རྒྱུ་ནོར་ལ་ཆགས་ཞེན་བྱེད་ཀྱི་འདུག་ནའང་། རྒྱུ་རྫས་དེ་དག་ནི་འཛམ་གླིང་ཀུན་ཏུ་རྒྱུ་ཞིང་རྙོག་འཛིང་དང་སྡུག་བསྔལ་གྱི་རང་བཞིན་ཅན་ཞིག་ཡིན་པས། ངས་ཁོ་ལ་རྒྱུ་ནོར་ལོངས་སྤྱོད་དེ་དག་གི་ཚབ་ཏུ། རང་ཉིད་ཀྱིས་བྱང་ཆུབ་ཤིང་གི་བསིལ་གྲིབ་འོག་ནས་མངའ་བརྙེས་ཤིང་ཁོང་དུ་ཆུད་པའི་འཕགས་ནོར་ཡན་ལག་བདུན་གྱི་ནོར་མཆོག་དེ་དག་སྤྲད་དེ། རྨད་དུ་བྱུང་བའི་ནོར་མཆོག་དེ་དག་གི་བདག་པོ་བྱེད་དུ་འཇུག་དགོས་དགོངས་ནས། ཁོང་རྣམ་གཉིས་ལྷ་ཁང་དུ་འབྱོར་རྗེས་སྲས་སྒྲ་གཅན་འཛིན་ཉན་ཐོས་ཆེན་པོ་སཱ་རིའི་བུ (SARIPUTTA) ལ་གཏད་ནས་རབ་ཏུ་བྱུང་བར་མཛད་དོ། །
ཡབ་རྒྱལ་པོ་ཟས་གཙང་མས་རང་གི་སྙིང་དང་འདྲ་བའི་ཚ་བོ་སྒྲ་གཅན་འཛིན་རབ་ཏུ་བྱུང་བའི་གནས་ཚུལ་ཐོས་པས་ཡིད་སེམས་མྱ་ངན་གྱིས་རབ་ཏུ་ནོན་པར་གྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་བཅར་ནས་གུས་ཞབས་དང་བཅས་ཏེ་ཞུས་པ། ཁྱེད་ཀྱིས་ད་ནས་བཟུང་ཕ་མས་མ་གནང་བའམ་ཆོག་མཆན་མེད་པར་མི་སུ་གཅིག་ཀྱང་རབ་བྱུང་མ་བསྒྲུབས་རོགས་གནང་། གང་ལགས་ཞུ་ན། དེ་སྔོན་ཁྱེད་ཀྱིས་རང་ཁྱིམ་སྤངས་ཏེ་ཕོ་བྲང་ནས་ཐོན་པ་དེས་ང་ལ་ཧ་ཅང་གི་ན་ཟུག་དང་སྡུག་བསྔལ་སྤྲད། དེ་ནས་ཡང་སྲས་དགའ་བོ་ཕོ་བྲང་ནས་ཕྱིན་པས་ང་ལ་གདུང་བ་དང་མི་བདེ་བ་བྱིན་ཞིང་སྙིང་ལ་ན་ཟུག་ཚད་མེད་སྟེར། དུས་དེ་ནས་བཟུང་ངས་ཇི་ལྟར་གཅེས་པ་བཞིན་མི་སུ་གཅིག་གིས་ཀྱང་དེ་འདྲའི་བྱམས་སྐྱོང་བྱེད་མྱོང་མེད་པའི་ཚ་བོ་སྒྲ་གཅན་འཛིན་ལ་རེ་བ་ཡོད་ཚད་བཅོལ་ནས་དོ་སྣང་བྱེད་འགོ་བཙུགས་པ་ཡིན། འོན་ཀྱང་ཁོང་ཡང་ཁྱེད་ཀྱིས་འདིར་ཁྲིད་ནས་རབ་ཏུ་བྱུང་བར་མཛད་འདུག་ན། གནས་ཚུལ་དེ་དག་གིས་ང་ལ་བརྗོད་ལས་འདས་པའི་བློ་ཕམ་བྱུང་ཞིང་ཐེག་པར་དཀའ་བའི་སྡུག་བསྔལ་གྱིས་ནོན་པར་གྱུར། དེས་ན་ཐུགས་རྗེས་གཟིགས། ད་ཕྱིན་ཆད་ཁྱེད་ཀྱིས་ཕ་མས་གནང་བ་མེད་པར་མི་སུ་ཡིན་ཡང་རབ་བྱུང་མ་བསྒྲུབས་རོགས་གནང་། ཞེས་ཞུས་པ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེ་དེ་བཞིན་དུ་བྱེད་པའི་ཞལ་བཞེས་གནང་སྟེ། དུས་དེ་ནས་བཟུང་ཁོང་གིས་ཕ་མས་གནང་བ་མེད་པར་སུ་ཡང་རབ་ཏུ་བྱུང་བར་མ་མཛད་དོ། །