སྲས་དགའ་བོ་

ཡོང་ཁུངས་Wikipedia

སྲས་དགའ་བོ་ནི་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱི་སྤུན་མཆེད་ཡིན་ཞིང་། ཁོང་དགུང་གྲངས་སུམ་ཅུ་སོ་ལྔ་རུ་སོན་པ་ན་ཡབ་རྒྱལ་པོ་ཟས་གཙང་མའི་ཐུགས་ལ། ད་ནི་སྲས་དགའ་བོ (NANDA) སྲས་མོ་ཇ་ན་པ་ད་ཀལ་ཡ་ནི (JANAPADA KALYANI) དང་གཉེན་སྒྲིག་བྱེད་དུ་བཅུག་སྟེ། རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་རྒྱུ་ཡིན་སྙམ་དུ་སེམས་ཏེ་གནས་སྐབས་རིང་ཁོང་གཉིས་ཕོ་བྲང་གཞན་པ་ཞིག་ཏུ་བཞག་གོ །

ཡབ་རྒྱལ་པོ་ཟས་གཙང་མའི་དགོངས་པར། ཁོང་གཉིས་ཀྱི་གཉེན་སྒྲིག་གི་མཛད་སྒོ་དང་རྒྱལ་སྲིད་དུ་དབང་བསྐུར་རྒྱུ། དེ་བཞིན་སངས་རྒྱས་བཅོམ་ལྡན་འདས་ཚུར་སེར་སྐྱའི་གཞི་ལ་བྱོན་སྐབས་ཀྱི་ཕེབས་བསུའི་མཛད་སྒོ་རྣམས་མཉམ་དུ་གོ་སྒྲིག་ཞུ་དགོས་དགོངས་ཏེ། སྲས་དགའ་བོ་དང་ཁོང་གི་བཙུན་མོ་གཉིས་ལ་བྱིན་རླབས་ཞུ་རྒྱུར་བསྒུགས་ནས་བཞུགས།

སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གཞི་ལ་ཕྱིར་ཕེབས་གནང་བའི་ཉིན་གསུམ་གྱི་རྗེས་སུ། ཡབ་རྒྱལ་པོ་ཟས་གཙང་མས་སྲས་དགའ་བོའི་གཉེན་སྒྲིག་གི་མཛད་སྒོ་གྲ་སྒྲིག་གནང་སྟེ། སངས་རྒྱས་བཅོམ་ལྡན་འདས་མཛད་སྒོ་དེར་ཞུགས་རྒྱུའི་གདན་འདྲེན་ཞུས། བཅོམ་ལྡན་འདས་མཛད་སྒོ་དེར་ཕེབས་ནས་ཉིན་གུང་གསོལ་ཚིགས་བཞེས་གྲུབ་རྗེས། ཁོང་གིས་དེར་ཡོད་སྐྱེ་བོའི་ཚོགས་ལ་བྱིན་རླབས་དང་གདམས་པ་གནང་སྟེ། སྲས་དགའ་བོའི་ལག་ཏུ་ལྷུང་བཟེད་གཏད་ནས་ཕྱིར་ལྷ་ཁང་དུ་ཕེབས། དེ་དུས་སྲས་དགའ་བོའི་སེམས་སུ། མགོན་པོ་གང་གི་ལྷུང་བཟེད་འདི་ཕོ་བྲང་གི་ཕྱི་སྒོ་ནས་བཞེས་རྒྱུ་རེད་སྙམ་ནས་ཕྱིན་ན་ཡང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྲས་དགའ་བོའི་ལག་ནས་ལྷུང་བཟེད་མ་བཞེས་པར་ཤར་མར་བྱོན་པས། ཡང་སྲས་དགའ་བོའི་སེམས་སུ། ཨོ། ད་ཁོང་གིས་ལྷུང་བཟེད་འདི་ཕོ་བྲང་གི་སྒོ་ཆེན་ཕྱི་ནས་བཞེས་རྒྱུ་རེད་སྙམ་སྟེ་ཁོང་གི་ཕྱིར་འབྲངས་ནས་འགྲོ་བཞིན་པ་ཁོའི་མནའ་མས་མཐོང་སྟེ་བསམ་པར། སྲས་དགའ་བོས་སངས་རྒྱས་བཅོམ་ལྡན་འདས་ལྷ་ཁང་བར་དུ་ཕེབས་སྐྱེལ་བྱེད་ཀྱི་འདུག་སྙམ་ནས་ན་རེ། སྙིང་ནས་བརྩེ་བའི་སྲས་དགའ་བོ། ཁྱེད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཕེབས་སྐྱེལ་ཞུས་གྲུབ་རྗེས་འགོར་འགྱང་མི་བྱེད་པར་མྱུར་སྟབས་ཀྱིས་ཤོག་ཅེས་བཤད།

སྲས་དགའ་བོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་སྐྱེལ་ཕྱིར་ལྷ་ཁང་དུ་ཕྱིན་པ་ན། བཅོམ་ལྡན་འདས་ཀྱིས་ཁོ་ལ་སྨྲས་པ། སྲས་དགའ་བོ། ཁྱོད་རབ་ཏུ་བྱུང་བར་འདོད་ལགས་སམ། ཞེས་བཀའ་འདྲི་གནང་བར་སྲས་དགའ་བོས། འདོད་ལགས་སོ་ཞུས་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྲས་དགའ་བོ་རབ་ཏུ་བྱུང་བར་མཛད་དོ། །

ཕྱིས་སུ་སྲས་དགའ་བོས་དུས་ནམ་ཡིན་ཡང་རང་གི་མཛེས་སྡུག་ཡིད་དུ་འོང་བའི་མནའ་མ་དྲན་ནས་སེམས་མི་སྐྱིད་ཅིང་སྡུག་བསྔལ་གྱིས་ནོན་ཏེ་བསྡད་པ། ཁོང་གི་ཆོས་ཀྱི་སྤུན་གྲོགས་རྣམས་ཀྱིས་མཐོང་སྟེ་ན་རེ། ཁྱོད་ཀྱིས་རྒྱུ་མཚན་ཅིའི་ཕྱིར་འདི་འདྲའི་སེམས་སྡུག་བྱེད་ཀྱིན་ཡོད། ཅེས་དྲིས་པར། སྲས་དགའ་བོས། ཆོས་ཀྱི་སྤུན་གྲོགས་རྣམས། ཁོ་བོས་རབ་བྱུང་གི་འཚོ་བ་སྐྱེལ་མི་འདོད་པས་ངས་སྡོམ་པ་བླངས་པ་ལ་ཡིད་འགྱོད་འདུག དེས་ན་ངས་དགོན་པ་བཞག་སྟེ་རང་ཁྱིམ་དུ་ལོག་འདོད་འདུག་ཅེས་ལན་བཏབ།

དེ་ནས་ཆོས་ཀྱི་སྤུན་གྲོགས་རྣམས་ཀྱིས་གནས་ཚུལ་དེ་སངས་རྒྱས་བཅོམ་ལྡན་འདས་ལ་སྙན་སེང་ཞུས་པར། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྲས་དགའ་བོ་ལ་སྤྲེའུ་མོ་ཞིག་དང་མཁའ་འགྲོ་མ་ཁ་ཤས་བསྟན་ཏེ་སྨྲས་པ། སྲས་དགའ་བོ། ཁྱེད་ཀྱི་ཡིད་དུ་ཕངས་ཤིང་རྩ་ཆེ་བའི་མནའ་མ་དེ་དང་མཁའ་འགྲོ་མ་འདི་ཚོ་ལས་སུ་མཛེས་ཤིང་ཡིད་དུ་འོང་བ་འདུག ཅེས་བཀའ་འདྲི་གནང་བར་སྲས་དགའ་བོ་ན་རེ། ཨོ། བདེ་བར་གཤེགས་པ་ལགས། མཛེས་ཤིང་ཡིད་དུ་འོང་བའི་མཁའ་འགྲོ་མ་དེ་དག་དང་བསྡུར་ན་ངའི་མནའ་མ་ནི་སྤྲེའུ་མོ་འདི་དང་འདྲ་བ་འདུག ཅེས་ཞུས།

སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྲས་དགའ་བོ་ལ་སླར་ཡང་སྨྲས་པ། དེས་ན་ཁྱོད་ཀྱིས་སེམས་ཤུགས་མ་ཆགས་པར་ཁོ་བོས་ལེགས་ཉེས་ཀྱི་ལམ་སྟོན་ཇི་ལྟར་མཛད་པ་བཞིན་ཧུར་བརྩོན་ཆེན་པོའི་ཐོག་ནས་ཉམས་སུ་ལོངས་ཤིག་དང་། མ་འོངས་པར་མཁའ་འགྲོ་མ་འདི་དག་ཁྱེད་ལ་ཐོབ་རྒྱུའི་འགན་ལེན་བྱེད་ཆོག ཅེས་གསུངས། དེ་ཉིད་ཀྱི་ཚེ་སྲས་དགའ་བོས། ད་ནས་བཟུང་ངས་སེམས་ཀྱི་སྤྲོ་སྣང་དང་ཀུན་སློང་ཡོད་ཚད་རབ་བྱུང་གི་འཚོ་བའི་ཐོག་ཕབ་ཀྱི་ཡིན་ཞུས་ནས། རང་ཁྱིམ་དུ་མ་ལོག་པར་སངས་རྒྱས་བཅོམ་ལྡན་འདས་ཀྱི་གདམས་པ་ལ་སེམས་རྩེ་གཅིག་པའི་སྒོ་ནས་ཉན་བསམ་སྒོམ་གསུམ་བྱས་པས། དུས་ཡུན་ཐུང་ངུའི་ནང་ཁོང་གིས་བདེན་པ་མངོན་སུམ་དུ་མཐོང་ཞིང་ཉོན་མོངས་པ་མཐའ་དག་རྩད་ནས་སྤངས་ཏེ་དགྲ་བཅོམ་པའི་གོ་འཕང་ཡང་མངོན་དུ་བྱས་སོ། །