Jump to content

སྲས་

ཡོང་ཁུངས་Wikipedia

སྒྲ་བཤད།

[རྩོམ་སྒྲིག]

སྲས་ཞེས་པ་ནི་སྤྱིར་ཕ་དང་མའི་རིགས་རུས་ཡིན་ལ་ཕ་མས་སྐྱེས་པའི་བུའམ་ནམ་ཡང་བཀོལ་བ་ལྟར་ན་རིགས་རུས་རྒྱུན་འཛིན་པ་ལ་ཟེར། འདིར་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་རིགས་སུ་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གོ་བ་ཡིན། ཆོས་ཀྱི་ཐད་ནས་ནི་སངས་རྒྱས་ཀྱི་ཐུགས་ལས་སྐྱེས་པའི་བུ་སྟེ་བྱང་ཆུབ་སེམས་དཔའ་ལ་ཟེར། "སྤྱིར་སྲས་ཀྱི་དབྱེ་བ་ལ་སྐུའི་སྲས་སྒྲ་གཅན་འཛིན་དང་། གསུང་གི་སྲས་ཉན་ཐོས་དང་རང་རྒྱལ། ཐུགས་ཀྱི་སྲས་བྱང་ཆུབ་སེམས་དཔའ་སྟེ་"[]གསུམ་ཡོད་དོ། །

ངེས་ཚིག

[རྩོམ་སྒྲིག]

སྲས་ཞེས་པ་ནི་རྒྱལ་བའི་སྲས་སྟེ་བྱང་ཆུབ་སེམས་དཔའ་ལ་ཟེར་བའི་ངེས་ཚིག་ཡིན་ནོ། །དཔེར་ན་"རྒྱལ་པོ་ཆེན་པོའི་སྲས་ཀྱི་ཐུ་བོ་ནི་རྒྱལ་པོའི་གདུང་བརྒྱུད་འཛིན་པ། འཁོར་འབངས་མངའ་རིས་སྐྱོང་བ། མཛོད་ཀྱི་ལྡེ་མིག་འཛིན་པ་ལྟར་ཐུགས་ཀྱི་སྲས་མཆོག་བྱང་སེམས་རྣམས་ནི། རྒྱལ་བའི་གདུང་འཛིན་པ་དང་། དམ་པའི་ཆོས་ཀྱི་མཛོད་འཛིན་པ་དང་། འཁོར་གདུལ་བྱའི་ལྷག་མ་སྐྱོང་བས་ན་ཐུགས་སྲས་བྱང་སེམས་ཐེག་ཆེན་དགེ་འདུན་སྟེ"།[]ཞེས་གསུངས་པའོ། །

སྲས་ཞེས་བྱ་བའི་རྒྱུ་མཚན།

[རྩོམ་སྒྲིག]

དབུ་མ་ལ་འཇུག་པ་ལས། "འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུའང་སྐྱེས་པ་སྟེ།" ཞེས་གསུངས་པ་ལྟར་ཏེ་དོན་དམ་སེམས་བསྐྱེད་སྐྱེས་པའི་དབང་དུ་བྱས་པའི་སངས་རྒྱས་ཀྱི་རིགས་སུ་སྐྱེས་པའི་ཚུལ་ལོ། །"བྱང་ཆུབ་སེམས་དཔའ་རྣམས་ནི་དེའི་སྲས་ཡིན་ཏེ་སངས་རྒྱས་ཀྱི་གདུང་འཚོབ་པའི་ཕྱིར་རོ། །[]ཞེས་སྲས་ཡིན་ནོ། ། དེ་ཡང་"སངས་རྒྱས་ཀྱི་སྲས་ཡོན་ཏན་རྒྱ་མཚོ་མཐའ་ཡས་པ་མངའ་བའི་བྱང་སེམས་འཕགས་པ་རྣམས་ཏེ།"[] སེམས་ཅན་ཀུན་གྱི་བདེ་བའི་འབྱུང་གནས་སུ་གྱུར་པའི་བྱང་ཆུབ་སེམས་དཔའ། ཞེས་གསུངས་པ་ལྟར་ཡིན། "སྲས་ཞེས་བྱ་བའི་དོན་ནི་ཐེག་ཆེན་མཐོང་ལམ་ཐོབ་པའི་ཚེ་སངས་རྒྱས་རྣམས་ཀྱི་རིགས་སུ་སྐྱེས་པ་དང་མཐར་སངས་རྒྱས་པ་ན་སངས་རྒྱས་ཀྱི་གདུང་འཚོབ་པ་དང་དེའི་ཚེ་ཆོས་འཁོར་སྐོར་བ་སོགས་སངས་རྒྱས་ཀྱི་བྱ་བ་བྱེད་པའི་རྒྱུ་མཚན་གྱིས་ཡིན་ལ།"[] ཞེས་གསུངས་སོ། །རིགས་སུ་སྐྱེ་ཚུལ་ཡང་རྒྱུད་བླ་མར། "ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་སྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་ནི་ཐུབ་པའི་རྗེས་སྐྱེས་སྲས། །"ཞེས་ཐེག་ཆེན་གྱི་ཆོས་ལ་མོས་པ་ས་བོན་སྟོང་ཉིད་རྟོགས་པའི་ཤེས་རབ་ནི་མ་བསམ་གཏན་གྱི་བདེ་བ་མངལ་སྙིང་རྗེ་ཆེན་པོ་ནི་སྐྱོང་བའི་མ་མ་སྟེ་བཞི་ལས་སངས་རྒྱས་ཀྱི་རིགས་སུ་སྐྱེས་པར་གསུངས་སོ། །

དབྱེ་བ།

[རྩོམ་སྒྲིག]

སྤྱིར་སྲས་ཀྱི་དབྱེ་བ་ལ། སྐུའི་སྲས་སྒྲ་གཅན་འཛིན་དང་། གསུང་གི་སྲས་ཉན་ཐོས་དང་རང་རྒྱལ། ཐུགས་ཀྱི་སྲས་བྱང་ཆུབ་སེམས་དཔའ་གསུམ་ཡོད་དོ། དམིགས་གསལ་དུ་ཐུགས་ཀྱི་སྲས་ལ་དབྱེ་ན། གཅིག་ནི་ཐུགས་ཀྱི་སྲས་ཏེ་སངས་རྒྱས་ཀྱི་ཐུགས་ལས་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཟེར་ལ། གཉིས་པ་ནི་ཆོས་ཀྱི་རྒྱལ་པོ་སངས་རྒྱས་ཀྱི་རྒྱལ་སྲས་ཞེས་པའི་ཐ་སྙད་ཡིན་ནོ།

ཁྱད་ཆོས།

[རྩོམ་སྒྲིག]

སྲས་ཞེས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོན་ཏན་ཁྱད་པར་ཅན་ཡོད་དེ། "སངས་རྒྱས་ཀྱི་སྲས་འཇམ་དཔལ་དང་སྤྱན་རས་གཟིགས་སོགས་བྱང་སེམས་འཕགས་པའི་དགེ་འདུན་ཡོན་ཏན་རྒྱ་མཚོ་ལྟ་བུ་ཟབ་ཅིང་རྒྱ་ཆེ་བ་མངའ་བ་རྣམས་"[]ཞེས་གསུངས་པ་ལྟར་ཡིན།

སྐྱབས་འགྲོ།

[རྩོམ་སྒྲིག]

"གང་ལ་སེམས་ཀྱི་དམ་པ་རིན་པོ་ཆེ་དེ་ཉིད་སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་། གང་ལ་གནོད་པ་བྱེད་ཀྱང་གནོད་བྱེད་བདེ་བ་དང་། འབྲེལ་བར་མཛད་པའི་ཕྱིར་ན་སེམས་ཅན་ཀུན་གྱི་བདེ་བའི་འབྱུང་གནས་སུ་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་ལ་སྐྱབས་སུ་མཆིའོ། །"[]ཞེས་གསུངས།

མཆོད་འབུལ།

[རྩོམ་སྒྲིག]

"བདུད་བཞི་ལས་རྒྱལ་བས་ན་རྒྱལ་བ་སྟེ་སངས་རྒྱས་དང་། དེའི་སྲས་རྣམས་ལ་བདག་གིས་ནི་བདག་རང་གི་ལུས་ཀུན་དུས་གཏན་དུ་འབུལ་བར་བགྱི་ཡི། ཀྱེ་སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་སུ་བཞེས་ཏེ་བདག་གིར་མཛོད་ཅིག། གུས་པས་ཁྱེད་ཀྱི་འབངས་སུ་མཆི་སྟེ་བཀའ་བཞིན་བསྒྲུབ་པར་བགྱིའོ། །"[]ཞེས་གསུངས།

དཀོན་མཆོག་བརྩེགས་པ་ལས། "དཔེར་ན་ས་བདག་རྒྱལ་པོ་ཆེན་པོ་ལ། །མཚན་གྱིས་ལུས་སྤྲས་བུ་ཞིག་ཡོད་གྱུར་ལ། །གཞོན་ནུ་དེ་ནི་བཙས་པ་མཐོང་མ་ཐག །གྲོང་ཁྱེར་མི་དང་རྒྱལ་ཕྲན་ཐམས་ཅད་འདུ། །དེ་བཞིན་བྱང་ཆུབ་སེམས་ནི་བསྐྱེད་མ་ཐག །མཚན་ལྡན་རྒྱལ་བའི་སྲས་པོ་དེ་ལ་ནི། ལྷ་དང་བཅས་པའི་འཇིག་རྟེན་ཕྱག་འཚལ་ཞིང་། །དང་བའི་སེམས་ཀྱིས་ཤིན་ཏུ་གཅེས་པར་འཛིན། །" ཞེས་གསུངས།
གནད་ནི་སངས་རྒྱས་ཀྱི་ཐུགས་ལས་སྐྱེས་ཤིང་སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོ་མཐའ་ཡས་པ་མངའ་བའི་བྱང་ཆུབ་སེམས་དཔའ་ལ་སྲས་ཞེས་བརྗོད་དོ། །

ལུང་ཁུངས།

[རྩོམ་སྒྲིག]


  1. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  3. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  4. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  5. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  6. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  7. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  8. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
"https://bo.wikipedia.org/w/index.php?title=སྲས་&oldid=148857"ལས་སླར་རྙེད་སོང།