སྨྲྀ་ཏི་དྲན་པའི་སྙན་དངགས་རང་བྱུང་ངག་གི་འབབ་སྟེགས།

ཡོང་ཁུངས་Wikipedia

བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ།

འདབ་དྲུག་ཁ་བའི་མེ་ཏོག་འཕུར་ས་བྱང་རྒྱུད་ཁ་བའི་འཇིག་རྟེན་ཞེས།།


སྲས་བཅས་རྒྱལ་བའི་ལུང་གི་ཕྱག་མཛུབ་གང་ལ་གཟུགས་པའི་ཞིང་དེ་ན།།


པཎ་ཆེན་བརྒྱ་ཕྲག་ཕེབས་ པའི་ཁྲོད་ནས་མཁས་དང་གྲུབ་པས་རྩེར་སོནད་ ཀྱང་།།


ཕམ་ཉེས་ཐེབས་པའི་ལྔ་རིག་པཎ་ཆེན་སྨྲྀ་ཏིའི་སྐྱོ་གར་གླེང་ན་རིང་།།


རྟོག་གེ་རིག་བའི་ཁྲོ་ལྕགས་ཞུན་མས་ཀླད་པའི་རྒྱ་རྫོང་བཀང་པའི་བུ།།


སངས་རྒྱས་དངོས་ཀྱིས་འདུལ་བར་དཀའ་བའི་རྟོག་གེ་མགོ་མཁྲེགས་བདག་འདྲ་བར།།


དང་བ་འདྲེན་པའི་ཕྱི་མི་གཞན་ཞིག་མིག་གི་ལམ་དུ་འཆར་དཀའ་ཡང་།།


ཁྱོད་ཀྱི་མཁྱེན་རབ་བློ་གྲོས་ཟླ་ཟེར་བདག་ཡིད་ཤིང་བལ་བཞིན་དུ་གཡོ།།


གངས་ལྷའི་ཕང་པ་རྒྱབ་ཏུ་བསྐྱུར་ནས་མི་ཡུལ་འགྲིམས་པའི་ལམ་སྣེ་ནས།།


ཀཱ་ཤིའི་མཛེས་དགའི་འགྲམ་ཆང་འཐོར་ས་གསལ་ལྡན་གྲགས་པའི་ཉེ་འདབས་ནས།།


དྲང་སྲོང་ཆེན་པོའི་ཞབས་རྗེས་གསལ་བ་དྲང་སྲོང་ལྷུང་བའི་ནགས་ཁྲོད་ནས།།


སློབ་དཔོན་ཆེན་མོའི་གོ་སྐབས་ཐོབ་རྗེས་ཁྱོད་ཀྱི་ཐུགས་མཚོ་ཞིབ་ཏུ་བསྲུབས།།


བརྡ་དོན་ས་འོག་གདེངས་ཀ་ནོར་བུའི་མཛོད་ཀྱི་སྒོ་འཕར་འབྱེད་པ་དང་།།


གསུང་རབ་གསེར་གྱི་རྒྱ་ཕིབས་སེར་པོ་འོད་ཀྱི་དྲ་བས་མཛེས་བྱེད་པའི།།


སྨྲ་བའི་སྒོ་ལ་རྩིབས་སྟོང་མཚོན་ཆའི་འཁོར་ལོ་ཟླུམ་པོ་བསྒར་བའི་འཕྲུལ།།


བྱེད་པོ་བི་ཤྭ་ཀརྨའི་རྗེས་འབྲངས་ཁྱོད་ཀྱི་རྣམ་ཐར་ཞིབ་ཏུ་འཚོལ།།


གང་ཞིག་མཐོང་ཐོས་བྱུང་བའི་ཚུལ་རྣམས་སྦྲང་མས་བསགས་པའི་སྦྲང་རྩི་བཞིན།།


བགྲང་བྱའི་ཕྲེང་བ་ཁད་ཀྱིས་བགྲངས་ནས་དེབ་ཐེར་གསེར་གྱི་སྒོ་བྱང་བརྐོས །།


རྒྱལ་སྤྱིའི་བོད་ཀྱི་མཁས་པའི་འདུ་འཛོམས་ནུབ་ཕྱོགས་ནོ་ཝེར་ ཚོགས་པའི་དུས།།


ཁྱོད་ཀྱི་སྐུ་ཚེའི་མཛད་པ་རིང་མོ་འཛམ་གླིང་མཁས་རྒུའི་མདུན་སར་སྒྲོག །

ཁ་རྩང་དེ་རིང་ཁ་བའི་ལྗོངས་ནས་སྨྲྀ་ཏིའི་མཛད་རྣམ་འཚོལ་དགོས་ཞེས།།


ཁ་པར་ཐོག་ནས་ཁ་བཤད་ཙམ་མིན་ཡི་གེའི་ལམ་ནས་བསྐུར་བྱུང་བས།།


ཁ་གསལ་གཏིང་གསལ་ཁ་བའི་ལྗོངས་སུ་སྨྲྀ་ཏི་ཇི་ལྟར་ཕེབས་པའི་ཚུལ།།


ཁ་བཤད་ཙམ་མིན་ཡིག་ཐོག་ཡོད་པས་ཁ་རྩང་ཟླ་ཤས་སྔོན་ནས་ཕུལ།།


དེ་རིང་ཡང་བསྐྱར་སྨྲྀ་ཏིའི་རྗེས་དྲན་སྙན་ངག་ལམ་ནས་འབྲི་དགོས་ཞེས།།


དེ་རིང་བརྙན་འཕྲིན་ཞལ་པར་རྒྱུད་ནས་ཡང་བསྐྱར་རེ་བའི་དྲན་སྐུལ་གནང་།།


དེ་རིང་གཟུགས་ཁམས་ཧ་ཅང་ཞན་ཡང་སྨྲྀ་ཏིའི་རྣམ་ཐར་སྐྱར་དུ་བཀླགས།།


དེ་རིང་ལས་བྲེལ་གཞན་ལས་ཆེ་ཡང་སྨྲྀ་ཏི་དྲན་པའི་སྙན་ངག་འབྲི།།


དྲན་པའི་ཡེ་ཤེས་གྲགས་པའི་མཚན་སྙན་འཇིག་རྟེན་འདི་ན་ལྡིར་མཛད་པ།།


གང་ཁྱོད་འཕགས་ཡུལ་དབུས་ཀྱི་འཛིན་མའི་ས་སྐྱོང་རྩིབས་ཀྱི་མུ་ཁྱུད་ཅེས།།


གསུམ་གྱིས་ལྷག་པའི་འབུམ་ཕྲག་བཅུ་ཡི་གྲོང་དང་ས་གཞི་སྐྱོང་བ་དེའི།།


སཱ་ལ་ལྟ་བུའི་རིགས་ཀྱི་མྱུ་གུའི་མཚན་དཔེའི་མེ་ཏོག་བཞད་དོ་ སྐད།།


ཉི་ཟླའི་ཁེངས་པ་ས་ལ་ཕབ་པའི་པཎ་གྲུབ་ཉི་ཟླ་འདྲ་བའི་དྲུང་།།


དཔྲལ་རིས་སྣུམ་པོ་ས་ལ་ཕབ་སྟེ་གུས་སྟོབས་སྦྱོར་བས་བརྩོན་པ་ལས།།


ལང་ཚོའི་ལྕུག་ཕྲན་ཕྲ་བའི་དུས་ནས་ཤེས་བྱའི་ལོ་འདབས་ཡོངས་སུ་གྲོལ །།


དབུ་གདུགས་ཐོག་པའི་སློབ་མ་ལྔ་བརྒྱའི་འཁོར་ཚོགས་རྒྱ་མཚོའི་དཀྱིལ་འཁོར་བརྟས།།


སྒྲ་ཚད་རྣོན་པོས་རྒོལ་ངན་འཇོམས་པས་ནགས་ཀྱི་སེངྒེའི་གོ་སར་འགྱིངས།།


གསོ་དང་བཟོ་ཡིས་གདུལ་བྱ་སྐྱོང་པས་ཉི་ཟླའི་འོད་ལ་ཅོལ་འདྲིལ་བྱེད།།


མདོ་སྔགས་གསུང་རབ་དགོངས་འགྲེལ་བཅས་པར་འགྲན་དུ་མེད་པའི་མཁྱེན་རྩལ་འབར།།


ནགས་ཀྱི་ཁྲོད་ན་དཔག་བསམ་ཤིང་དང་གསེར་རིའི་དབུས་ན་ལྷུན་པོ་བཞིན།།


གཞན་སྡེ་དུག་གི་ནགས་ཀླུང་བསྲེགས་པས་ཧ་ལའི་དུད་སྤྲིན་སྐུ་ལ་འཁྲིལ།།


ལས་ཀྱི་རླུང་རླབས་གཡོ་བའི་ཤུགས་ཀྱིས་ནཻ་པཱ་ལ་ཡི་ཕྱོགས་སུ་སྤུར །།


དྲིན་ཅན་སྐྱེད་མའི་རྣམ་ཤེས་འཁྱམས་པོ་འཚོལ་འི་ཆེད་དུ་ཡིན་ཡང་ཟེར །།


དགོངས་པའི་ཁ་ཕྱོགས་ཁ་བའི་ལྗོངས་སུ་ཁད་ཀྱིས་བསྒྱུར་བ་ལོ་རྒྱུས་དངོས།།


མངའ་རིས་བཙན་པོའི་ བཀའ་ཡི་ཕོ་ཉ་བལ་པོ་རྨ་རུ་རྩེ་པ་ ཡིས།།


མཚམས་སྦྱོར་གསེར་གྱི་ཟམ་པ་རིང་པོ་གངས་རིའི་ལྗོངས་སུ་འཛུགས་ན་ཡང་།།


དུས་ཀྱི་ཞགས་པས་སླུ་བྲིད་ འོག་ནས་པཎ་ཆེན་རྣམ་གཉིས་ ལྐུགས་པར་གྱུར།།


མི་ལོ་བདུན་ལ་ལུག་རྫི་བྱས་པའི་སྐྱོ་བའི་ཟློས་གར་ཤིན་ཏུ་རིང་ །།


གསེར་ནག་ཕ་བོང་སྒོ་འགྲིལ་རྒྱག་དུས་རྒན་མོ་ཞིག་གིས་རྐུབ་བཏེགས་ཉར །།


ཤེས་བྱའི་མཛོད་ཀྱི་ཀླད་པའི་བ་སོ་ཡོས་འབྲུ་གཅིག་གི་ཚོད་ལ་ལྷུང་ །།


གླག་གིས་བསད་པའི་ཁྲུང་ཁྲུང་རོ་ཡིས་ཕ་ས་དྲན་པའི་རྨི་ལམ་དཀྲུགས །།


ས་མཐར་འཁྱམས་པའི་ནགས་ཀྱི་སེང་གེ་ཁྱི་གྲལ་ལྷུང་པའི་སྐྱོ་གར་རིང་།།


གཉིད་ཀྱིས་བསླུས་པའི་རི་བོང་རྒྱ་བོ་ཁ་སྤུ་འཚིགས་ནས་འདྲོགས་པ་ དང་།།


དད་ལྡན་ཀླུ་མོས་འོ་མ་བཤོས་པས་སྤྲུལ་སྒྱུ་མ་བཤིགས་མཚོ་ལ་བྱིངས །།


བརྗེད་ངེས་རྐུན་པོའི་ལག་ཏུ་མ་ཤོར་སྡེ་སྣོད་གསུམ་པོ་བློ་ལ་གཤར །།


སྐྱོ་བའི་གསེབ་ནས་རྒོད་སྒྲའི་དབྱངས་སྙན་ཐེངས་གསུམ་འཆོར་བའི་ལོ་རྒྱུས་སྙན།།


གསེར་དང་རག་གི་ཁྱད་པར་མི་ཤེས་གངས་རིའི་སུལ་གྱི་སྤྲེལ་ཚོགས་ཀྱིས།།


ཆུ་ལ་འཆར་བའི་ཟླ་བའི་གཟུགས་བརྙན་ཟླ་བ་དངོས་ལ་འཛིན་པ་ཡི།།


བྱིས་པའི་སྣང་བརྙན་ཚིགས་སུ་བཅད་དེ་ཡར་ཐེམ་སྒོ་ཡི་ངོས་ན་བསླན།།


བསྡུས་བརྗོད་སྐྱོ་བའི་སྙན་ཚིག་སྐྱུར་མོ་ད་དུང་འཇིག་རྟེན་འདི་ན་འགྲིམས །།


བསོད་སྐམ་རྒན་མོའི་མིག་གི་ནང་དུ་ཡོས་འབྲུ་གཅིག་ཀྱང་མི་ཁུག་པའི།།


ལུག་རྫི་ལྐུགས་པ་གསེར་གྱིས་ཉོས་ཏེ་དཔྱལ་ལོས་རྒྱལ་མཚན་རྩེར་འདོགས་ ཀྱང་།།


བྱེ་མ་སྤུར་བའི་བྱང་ཐང་སྐྱ་མོར་ཧ་རི་ཙན་དན་ལྗོན་པ་ཡི།།


ལྗང་མདོག་ལོ་འདབ་གང་སར་གྲོལ་བའི་སྐལ་བཟང་དགའ་སྟོན་འཆར་ནུས་ཅི །།


མ་ཡུམ་དག་ཞིང་འདྲེན་པའི་ཤུལ་ལུས་རུས་པའི་ཁམས་དང་བསྲེས་པའི་ས།།


སཱ་ཙྪར་བཏབ་པའི་བསོད་ནམས་ཞིང་ས་དབུས་ལྗོངས་ཆོས་ཀྱི་ཞིང་དུ་བརྡལ །།


འདམ་གྱིས་གཡོགས་པའི་བསམ་འཕེལ་ནོར་བུ་སུ་དང་གང་གིས་མི་ཤེས་ཀྱང་།།


བཀྲུ་དང་ཕྱིས་པའི་རང་འོད་ཟླུམ་པོ་ཕྱིས་འབྱུང་རྒྱལ་མཚན་རྩེ་ནས་གསལ།།


བདུད་རྩིས་གཏམས་པའི་བེེཌཱུརའི་བུམ་པ་སྨིག་སྒྱུས་བསླུས་པའི་ཞིང་ཁམས་ནས།།


ཞལ་ཁ་འབྱེད་པའི་གོ་སྐབས་མ་རྙེད་ཞབས་རྗེས་རི་མོ་ཁམས་སུ་ཕབ།།


དགེ་བཅུ་གཡུང་དྲུང་རིས་སུ་འཁྱིལ་བའི་ཀློང་ཐང་ཡུལ་དུ་ཞབས་སོར་འཁོད།།


ལུང་རྟོགས་བསྟན་པའི་ཁང་ཆེན་བསྐྲུན་པའི་རྩིག་པའི་རྨང་གཞི་གསར་དུ་གདིང་ །།


དཱི་པྃ་ཀ་ར་གདན་ཞུའི་ཆེད་དུ་བཙན་པོའི་སྐུ་སྲོག་དགྲ་ལ་བསྐྱལ།།


པད་འབྱུང་གྲུབ་ཆེན་མཉེས་པའི་ཕྱིར་དུ་ཁྲི་ལྕམ་བཙུན་མོ་གསང་ཡུམ་ཕུལ།།


ཞི་འཚོ་ཡབ་སྲས་བོད་དུ་བཞུགས་རིང་གསེར་སྲང་སྟོང་གི་འབུལ་ཆེན་བཏེགས།།


གང་ཁྱོད་དེ་དག་སྤྱད་སྐལ་མ་ལྡན་ལུག་རའི་ནང་དུ་ལོ་བདུན་ལུས།།


བཙན་པོའི་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་སེར་གཟུགས་རྒན་པོས་ བཅག་པའི་རྗེས།།


ཆོས་ཁྲིམས་དར་གྱི་མདུད་པ་དཀར་པོ་སྡོམ་མཁན་མེད་པར་ཁད་ཀྱིས་ཞིག། རང་སྣང་གང་ཤར་ཆོས་སུ་རློམ་ནས་ཆོས་པའི་གཟུགས་ཀྱིས་ཆོས་ལ་རྒོལ།།


མངའ་རིས་བཙན་པོས་གསེར་དང་སྲོག་གི་རྐང་ཟམ་ཕྲ་མོ་ལྷོ་ལ་འཛུགས།།


ཤམ་ཐབས་འདྲ་མིན་མཚོན་གྱིས་བསྒྱུར་བའི་ཨ་ཙརྱ་ཡི་མིང་གྱོན་ནས།།


སྦྱོར་སྒྲོལ་རྫུན་མའི་སླུ་བྲིད་མཚོན་གྱིས་བསྟན་པའི་སྲོག་ལ་རྨ་འབྱིན་མཁན།།


ཕྱི་ནང་མི་རིགས་གཅིག་རྗེས་གཉིས་མཐུད་ཤ་མོ་ནང་བཞིན་བརྡོལ་བའི་དུས།།


ཁྱོད་ཀྱིས་ངུར་སྨྲིག་རྒྱལ་མཚན་མཐོན་པོ་ཀློང་ཐང་རི་བོའི་སྤོ་ནས་འཕྱར།།


རྒྱ་བལ་ལི་སོགས་ཕྱི་མི་ཁྱིམ་མཚེས་འདོད་རྔམས་ཆེ་བ་ཉུང་ཉུང་མིན།།


གསེར་ལ་ཆགས་པའི་བྲམ་ཟེ་མང་པོས་ལྟག་སྐྲ་སྤུ་གྲིས་བཅད་བྱས་ཏེ།།


ཕྱི་ནང་བསྲེས་པའི་ཆོས་ཀྱི་འདྲ་འབག་ཁྲོམ་རའི་ཟོང་དུ་བཀྲམས་ ན་ཡང་།།


ཁྱོད་ཀྱིས་གསེར་ཕྱིར་གཞན་མགོ་མ་བསྐོར་བཀའ་བསྟན་རྒྱབ་འཁལ་ལོང་པ་བསྒྱུར།།


གངས་རིའི་ཞིང་དུ་ཕེབས་མྱོང་ཡོད་པའི་འཕགས་ཡུལ་པཎ་ཆེན་བརྒྱ་ཕྲག་ དང་།།


སྐད་གཉིས་སྨྲ་བའི་ལོ་ཙཱའི་མིང་འཆང་བརྒྱ་ཕྲག་གཉིས་ལྷག་བྱུང་བ་ ཚོས།།


བཀའ་བསྟན་གསེར་གྱི་གླེགས་བམ་སུམ་བརྒྱའི་ གཙུག་ལག་མཛེས་པར་བསྐྲུན་པའི་ཁྲོད།།


ལོ་པཎ་གཉིས་ཀ་ཡིན་པའི་མཚོན་གཞི་ གང་ཁྱོད་ཁོ་ན་ཉིད་དུ་ཟད།།


སྐོར་གསུམ་ སྒང་དྲུག་ རུ་བཞིས་ བསྡུས་པའི་བྱང་རྒྱུད་ཁ་བའི་འཇིག་རྟེན་གྱི།།


ས་ཡ་བཅུ་གཉིས་ ས་ལ་སྦྱར་ནས་ཁྲག་དང་རྔུལ་ཆུས་བསགས་པ་ཡི།།


ཁྲི་ཕྲག་བཅུ་དགུའི་སྲང་ལ་གཞལ་བའི་གསེར་ གྱིས་གླེགས་བམ་ཉོས་ན་ཡང་།།


ཁྱོད་ཀྱིས་བསྒྱུར་བའི་བཀའ་བསྟན་དག་ལ་གསེར་སྲང་གཅིག་ཀྱང་གཏོང་མྱོང་མེད།།


རིམ་པ་བདུན་གྱི་རྒྱ་ ལས་མ་འགངས་བཙན་པོའི་བཀའ་ཡིས་བཅད་པ་ལྟར།།


ཚད་མའི་བཀའ་དང་དགོངས་འགྲེལ་བསྟན་བཅོས་རང་འགྱུར་བྱས་པ་ ཉུང་ཉུང་མིན།།


དེ་ཀོ་རྒྱ་མཚོའི་རླབས་དང་འགྲོགས་པའི་འཆད་ཉན་གནང་བའི་འཇུག་ངོགས་རྒྱུན།།


མ་ཉམས་མི་ཉམས་ཉམས་པ་མེད་པར་ད་ལྟའི་བར་དུ་ལྷག་པར་གསལ།།


བསྟན་པ་སྤྱི་ཡི་སྲོག་གི་ཀ་ཆེན་དགུ་ཚིགས་སྐྱ་མོའི་མཐའ་ནས་བསླངས།།


ཆོས་མངོན་རྒྱ་མཚོའི་རླབས་ཀྱི་རྩེད་འཇོ་མི་མངོན་སུམ་རྩེན་དབྱིངས་སུ་འཕྱོ།།


རྒྱུད་སྡེ་རྣམ་བཞིའི་གསང་བ་སྔགས་ཀྱི་མཁའ་འགྲོའི་སྙིང་ཁྲག་ཁོག་ཏུ་བསྐྱིལ།།


མུན་པའི་ཀློང་དུ་མདོ་སྔགས་ཟུང་གི་མུན་པའི་སྒྲོན་མེ་དགུང་ལ་འདེགས།།


བི་ཤྭ་ཀརྨའི་ཁེངས་པའི་རི་བོ་ཡུང་འབྲུའི་ཚོད་ལ་འཇལ་བྱེད་པའི།།


འགྲན་དུ་མེད་པའི་བཟོ་རིག་ཕྱག་རྩལ་ནམ་མཁའ་མཛོད་ཀྱི་སྒོ་ཕྱེས་ཏེ།།


རྗེས་འཛིན་སློབ་ཚོགས་བྱེ་བ་ཕྲག་བརྒྱའི་བཟོ་ཡི་འདུ་བྱེད་ད་ལྟའི་བར།།


འབུར་དུ་འཐོན་པའི་ལོ་རྒྱུས་རིང་མོ་སྲིད་པའི་ཡིག་ཚང་ངོས་ན་གསལ །།


བཀའ་གདམས་བསྟན་པའི་མེས་པོ་ཆེན་པོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ།།


སྒྲ་ཚད་མཆེ་སྡེར་རྣོན་པོའི་རྩལ་གྱིས་རྒོལ་བའི་རི་སྐྱེས་འཇོམས་ཐབས་དང་།།


ཤེས་རབ་གསལ་བྱེད་མངོན་པའི་རྒྱུན་བཟང་གཱངྒཱ་མཛའ་མོའི་ཟོལ་གྱིས་དབབ།།


གསུང་རབ་རྒྱ་མཚོའི་མན་ངག་ཟབ་མོ་འབུལ་ཚན་མེད་པའི་ངང་ནས་གནང་ །།


འཛམ་གླིང་དཔའ་བོ་བྱེ་བའི་ཡང་རྩེ་གེ་སར་རྒྱལ་པོའི་དབུ་བླ་བྱས།།


མནའ་ཡིས་བརྡབ་པའི་ཀ་ལའི་གས་སྲུབ་སྨྲྀ་ཙཱ་ལྷག་མས་ཡོངས་སུ་བསོས །།


འབྲོམ་དང་ལྷན་དུ་ཚེ་དབང་གནང་དུས་འབྱུང་འགྱུར་ལུང་གི་ཇི་ཐིག་སྩལ།།


གསན་འོས་སྙན་པོའི་གཏམ་རྒྱུད་འདི་ཚོ་སྐྱེས་བུ་དམ་པའི་གསུང་དུ་གསལ །།


ཁམས་གསུམ་ཆུ་བཞི་མདོ་ལྔ་སྒང་དྲུག་ སྨད་ཀྱི་དཔའ་བོའི་ཞིང་གི་ཆ །།


གསེར་ལྡན་འབྲི་ཆུ་སེར་པོ་ འབབ་པའི་གཡས་འགྲམ་ཟལ་མོ་སྒང་ གི་རྒྱུད།།


འཛོམས་ཉག་ས་ཡི་ཐིག་ལེ་སྣུམ་པོར་འབྱུང་འགྱུར་གདུལ་བྱའི་རྟེན་སྐལ་ཆེད།།


ནང་རྟེན་གཟུངས་ཞུགས་ཕུན་སུམ་ཚོགས་པའི་ རྣམ་རྒྱལ་དཔལ་གྱི་མཆོད་རྟེན་ བཞེངས།།


གསར་རྙིང་སྔགས་ཀྱི་དབྱེ་མཚམས་འབྱེད་པར་ཁྱོད་ཀྱིས་བསྒྱུར་པའི་སྔགས་གཞུང་བགྲང་ །།


བརྡ་སྤྲོད་རིག་པའི་གསང་བའི་རྒྱབ་བརྟེན་མཁས་པ་ཀུན་གྱིས་ཁྱོད་ལ་བཅོལ །།


གངས་ལྗོངས་ཆོས་ཀྱི་བྱུང་བ་བརྗོད་པ་ཨི་ཏི་ཧ་སི་ཀུན་གྱི་ངོས།།


ཁྱོད་ཀྱི་མཚན་བྱང་གསེར་གྱི་པ་ཏྲས་མཛེས་པ་མ་བསྐྲུན་གཅིག་ཀྱང་མེད །།


མཛད་པ་རྒྱ་མཚོའི་གཏིང་ལ་ཐུག་ཅིག་འཕྲིན་ལས་ནམ་མཁའི་མཐའ་ལ་བསྙེགས།།


སྒྲ་ཚད་མདོ་སྔགས་གཙུག་ལག་རིག་པས་གངས་རིའི་མཐའ་ནས་སྐྱོམ་པའི་མཐར།།


གསང་གསུམ་གསང་བའི་དགོངས་པ་ཟབ་མོ་ཀ་དག་ཆོས་ཀྱི་དབྱིངས་སུ་བསྟིམས།།


དམར་པོའི་སྐུ་གདུང་བཞུགས་པའི་མཆོད་རྟེན་གདུལ་བྱའི་བསོད་ནམས་ཞིང་དུ་བཞག །

རི་བོ་ཆེན་པོ་རླུང་གིས་སྤུར་ན་གནོན་པའི་རྡོ་ཞིག་གང་ནས་འཚོལ།།


རྒྱ་མཚོ་ཆེན་པོ་མེ་ལ་འཚིག་ན་གསོད་པའི་ཆུ་ཞིག་མི་རག་པས།།


རིག་གནས་གསར་བརྗེའི་ བསྐལ་པའི་མེ་རླུང་རྒྱལ་ཁམས་ཡོངས་སུ་འབར་བའི་ཁྲོད།།


ཁྱོད་ཀྱི་དམར་པོའི་སྐུ་གདུང་བཅས་པ་མེ་རླུང་འཐབ་པའི་གསེབ་ནས་ཡལ།།


མི་བཞི་ཤོག་ཁག་ ཐལ་བའི་གསེབ་ཏུ་ཐལ་བའི་རྡུལ་བཞིན་བརླགས་པ་དང་།།


ཅན་བཞིའི་འཛུགས་སྐྲུན་ དུས་རབས་གསར་པའི་དཔྱིད་ཀྱི་ཕོ་ཉ་དང་འགྲོགས་ཏེ།།


བསྒྱུར་བཅོས་སྒོ་དབྱེ་གསར་པའི་རྫོགས་ལྡན་སྟོན་གྱི་ཟླ་གཞོན་འཆར་བའི་མོད།།


ཁྱོད་ཀྱི་ཐུགས་བསྐྱེད་འོད་ཀོར་ཟླུམ་པོས་སྡེ་འདི་སླར་ཡང་གསར་དུ་བསྐྲུན།།


དེ་ལྟར་སྨྲྀ་ཏི་དྲན་པའི་སྙན་དངགས་རང་བྱུང་ངག་གི་འབབ་སྟེགས་འདི།།


ས་པཎ་མཁས་གྲུབ་ཞང་ཞུང་པ་སོགས་དག་པའི་ཞིང་དུ་གཤེགས་པའི་ཤུལ།།


ཆོས་ཀུན་སྙན་པའི་རིག་བྱེད་ལམ་ནས་འདོད་རྒུར་བསྒྱུར་བའི་སྙན་ངག་པ།།


འཇིགས་མེད་རིག་པའི་དབང་གི་རྒྱལ་པོས་དྲང་སྲོང་ལྷུང་བའི་ནགས་སུ་སྤེལ།།


ཞེས་པ་འདི་ནི་དྲན་ཐང་དགོན་གྱི་སྨྲྀ་ཏི་རྗེས་དྲན་སྙན་ཚིག་རྩོམ་སྒྲིག་པས་ཇི་ལྟར་བསྐུལ་བ་གནང་བ་ལྟར། བཤེས་གཉེན་མཁས་པ་དུ་མའི་བཀའ་དྲིན་ལ་བརྟེན་ནས་བདེ་བར་གཤེགས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པའི་འཕགས་བོད་ཀྱི་གཙུག་ལག་ཤེས་བྱ་རིག་པས་མཚོན་པའི་འཛམ་གླིང་ཤར་ནུབ་ཀྱི་ཤེས་བྱ་རིག་གནས་ཕལ་པོ་ཆེར་འཆད་རྩོད་རྩོམ་པའི་བློ་གྲོས་ཀྱི་སྤོབས་པ་མཆོག་ཏུ་དགེ་ཡང་། ཐོས་དོན་ཉམས་སུ་བསྟར་བའི་སྒྲུབ་པས་དབེན་པ་མདོ་ཁམས་བེ་རི་རྒྱལ་པོའི་བཀའ་འབངས་བློ་བཟང་ཐུབ་བསྟན་འཇིགས་མེད་དབང་རྒྱལ་ལམ། བརྡ་སྤྲོད་ཀུན་སྤྱོད་ཀྱི་མིང་དུ་ངག་དབང་དབྱངས་ཅན་དགྱེས་པའི་བློ་ལྡན་དུ་འབོད་པས། རབ་བྱུང་བཅུ་བདུན་པའི་བགྲང་བྱ་ཉག་མ་སོ་གཅིག་པ་སྟོད་འབྲེལ་ལུགས་ཀྱི་གསེར་འཕྱང་ཞེས་པ་འབྱུང་བ་གསུམ་ལྡན་གྱི་མེ་བྱ་ལོ། བོད་བཙན་པོའི་རྒྱལ་ལོ་ ༢༡༤༤ པ། ཉན་ཐོས་སྡེ་བའི་ལུགས་ཀྱི་བསྟན་པ་བདེ་བར་གཤེགས་ནས་བགྲང་བྱ་ཉག་མ་ཉིས་སྟོང་ལྔ་བརྒྱ་རེ་གཅིག་པའི་གྲོ་བཞིན་ཟླ་བའི་དབང་ཕྱོགས་བཟང་པོ་གཉིས་པ། ཕུག་ལུག་རེས་མིག་དམར། རྒྱུ་སྐར་སྨིན་དྲུག །འབྱུང་འཕྲོད་མེ་གཉིས། སྤར་ཁ་གིན། སྨེ་བ་གཉིས་ནག་ (སྤྱི་ལོ་ ༢༠༡༧ ཟླ་བ་ ༩ ཚེས་ ༢༢ ) ཉིན། འཛམ་གླིང་གི་གྲོང་ཁྱེར་རྙིང་ཤོས་སུ་གྲགས་པ་གནས་མཆོག་ཝཱ་ར་ཎཱ་སཱི་རྣམ་འདྲེན་བཞི་པས་ཆོས་ཀྱི་འཁོར་ལོ་ཐོག་མར་གང་དུ་བསྐོར་བའི་སཱ་ར་ཎཱ་ཐ་གནས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་འདབས་འཕགས་བོད་ཀྱི་མཁས་པ་གསེར་གྱི་རི་བོ་ལྟ་བུ་དུ་མས་ཉེ་བར་མཛེས་པ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་ནང་རོལ་རྩོམ་རིག་སྡེ་ཚན་གྱི་ཡིག་ཚང་དུ་མཇུག་རྫོགས་པར་བྱས་པ་དགེ་ལེགས་འཕེལ།། །།ཛ་ཡནྟུ།། །།