སྨྲ་བརྗོད་

ཡོང་ཁུངས་Wikipedia

འབྲེལ་འདྲིས་ཀྱི་ཡོ་བྱད་བྱེད་པའི་སྐད་ཆ་དེ་སྤྱི་ཚོགས་ཡོངས་ཀྱི་ཁོངས་སུ་གནས་ཤིང་། ཆ་ཚང་ལ་ཚགས་དམ་པའི་བརྡ་རྟགས་ཀྱི་མ་ལག་ཅིག་ཡིན་མོད། འོན་ཀྱང་སྐད་ཆ་དེ་སྤྱི་ཚོགས་ཀྱི་ཁོངས་མི་སོ་སོས་བཀོལ་སྤྱོད་བྱེད་པས། སྨྲ་བརྗོད་ཟེར་བ་ཡང་དེ་ལས་བྱང་བ་རེད།

གོ་དོན།[རྩོམ་སྒྲིག]

སྐད་ཆ་ནི་མི་བྱེ་བྲག་གིས་བཤད་པ་ཡིན། དེའི་མི་ཚད་སྤྱིར་བཏང་དུ་དུས་ཚོད་ངེས་ཅན་དང་གནས་ཚུལ་ངེས་ཅན། དམིགས་ཡུལ་ངེས་ཅན། ཆ་རྐྱེན་ངེས་ཅན་བཅས་ཀྱི་འོག་བཤད་པའི་སྐད་ཆ་བྱེ་བྲག་པ་དེ་ལ་སྨྲ་བརྗོད་ཟེར།

དབྱེ་བ།[རྩོམ་སྒྲིག]

སྨྲ་བརྗོད་དེར་ཕྱོགས་གཅིག་ནས་མི་སྒེར་གྱི་མཚོན་ཚུལ་བྱེ་བྲག་པ་ཞིག་ཡོད་ལ། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་དུ་གོ་བ་ལེན་ཐུབ་པའི་ཆ་ཞིག་ཀྱང་ཡོད། མི་སྒེར་གྱི་མཚོན་ཚུལ་བྱེ་བྲག་གི་ཐོག་ནས་བལྟས་ན། མི་རེ་རེའི་སྨྲ་བརྗོད་མི་འདྲ་བ་གཤམ་གསལ་གྱི་ཕྱོགས་དུ་མས་མཚོན་ཡོད། མི་སོ་སོའི་ཁ་སྐད་མི་འདྲ་བ། དཔེར་ན། ཡུལ་སྐད་ཀྱི་སྒྲས་ཤན་ཞུགས་ཡོད་མེད་དང་སྒྲའི་ངོ་བོའི་སྟེང་གི་ཁྱད་པར་སོགས་རེད། ཐ་སྙད་གདམ་གསེས་བྱེད་ཕྱོགས་མི་འདྲ་བ། དཔེར་ན། གོ་བདེ་བའམ་གོ་དཀའ་བ་དང་རྩུབ་པོའམ་འཇམ་པོ། ཡུལ་སྐད་ཀྱི་ཐ་སྙད་དང་གྲོང་སྐད་ཡོད་མེད་སོགས་རེད། རྗོད་པ་དམིགས་བསལ་ཅན་བཀོད་སྒྲིག་བྱེད་ལུགས་མི་འདྲ་བ། དཔེར་ན། ཚིག་གྲུབ་རིང་བོ་དང་ཚིག་གྲུབ་ཐུང་བ། ཚིག་སྡུད་པ། རྗོད་པའི་མགོ་རྔ་བརྗེ་བ། ཚིག་གྲུབ་རྐྱང་བ། ཚིག་གྲུབ་འདུས་མ། ད་དུང་ཁ་ཚུགས་དང་བཅས་སྐད་ཆའི་གྲུབ་ཆ་མ་ཡིན་པའི་ཆ་རེའང་ཡོད། དེའི་རྐྱེན་གྱིས་སྐད་ཆ་བཤད་པ་པོ་དེ་མ་མཐོང་ན་ཡང་། སྐབས་འགར་སྐད་ཆ་སུས་བཤད་ཀྱི་ཁྱད་པར་རྟོགས་ཐུབ་པ་དང་། རྩོམ་པ་པོའི་མིང་བཀོལ་མེད་ནའང་། གོང་གསལ་གྱི་ཁྱད་པར་ལས་འབྲི་མཁན་གང་ཡིན་པ་ཤེས་ཐུབ་པ་རེད། དེ་བས་སྤྱི་ཚོགས་ལ་ཁོངས་མི་ཇི་འདྲ་ཡོད་ན་སྨྲ་བརྗོད་དེ་ཙམ་ཡོད་པ་རེད་ཅེས་བཤད་ཆོག སྨྲ་བརྗོད་མི་གཅིག་པ་ཡིན་རུང་། ཐམས་ཅད་ཀྱིས་གོ་བ་ལེན་ཐུབ་སྟེ། དེ་ནི་སྨྲ་བརྗོད་ལ་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་དུ་གོ་ཐུབ་པའི་ཆ་ཞིག་ཡོད་པའི་ཕྱིར་ཡིན།

སྐད་ཆ་དང་སྨྲ་བརྗོད།[རྩོམ་སྒྲིག]

སྐད་ཆ་དང་སྨྲ་བརྗོད་གཉིས་ནི་སྤྱི་དང་བྱེ་བྲག་གི་འབྲེལ་བ་རེད་ལ། སྐད་ཆ་སྤྱི་དང་སྨྲ་བརྗོད་ནི་བྱེ་བྲག་རེད། སྐད་ཆ་དེ་མི་ཁྲི་སྟོང་མང་བོའི་སྨྲ་བརྗོད་ནས་ཕྱོགས་བསྡུས་བྱས་པའི་ཐུན་མོང་གི་དཔེ་དབྱིབས་ཤིག་ཡིན་ཞིང་། སྨྲ་བརྗོད་ནི་མི་སྒེར་གྱིས་དཔེ་དབྱིབས་དེ་སྤྱིར་བཏང་དུ་བཀོལ་སྤྱོད་བྱས་པ་ཡིན། མི་སྒེར་གྱིས་དཔེ་དབྱིབས་དེ་བཀོལ་སྤྱོད་བྱེད་དུས། སྐབས་འགར་གསར་བཟོ་བྱས་ཆོག་པ་དང་། གལ་ཏེ་གསར་བཟོ་བྱས་པ་དེ་རིམ་གྱིས་མི་གཞན་གྱིས་སྨྲ་བརྗོད་དུ་ཡང་བཀོལ་སྤྱོད་བྱས་ན། དེ་དག་སྤྱི་ཚོགས་ཐུན་མོང་གི་དངོས་པོར་གྱུར་ཏེ་སྐད་ཆའི་ནང་དུ་ཆུད་པས་སྐད་ཆའི་གྲུབ་ཆར་གྱུར་བ་རེད། སྐད་ཆ་དང་སྨྲ་བརྗོད་གཉིས་ཀྱི་འབྲེལ་བ་དེ་ཤེས་རྗེས། སྐད་བརྡ་རིག་པའི་ཞིབ་འཇུག་བྱ་ཡུལ་གསལ་བར་བྱེད་པ་ལ་ཕན་ཐོགས་ཡོད། སྐད་ཆ་དེ་སྨྲ་བརྗོད་ཀྱི་ཁྲོད་དུ་གནས་པས། སྐད་ཆ་ལ་ཞིབ་འཇུག་བྱེད་ན་མི་སྒེར་གྱི་སྨྲ་བརྗོད་ལས་འགོ་འཛུགས་དགོས། མི་སྒེར་གྱི་སྨྲ་བརྗོད་དེ་སྐད་ཆ་ཧྲིལ་བོ་དང་གཅིག་པ་ཡིན་པས། སྨྲ་བརྗོད་གང་མང་ལ་ཞིབ་འཇུག་བྱས་ཏེ། དེའི་ནང་ནས་ཐུན་མོང་གི་ཆོས་ཉིད་རྙེད་པར་བྱ་དགོས། སྐད་ཆ་དང་སྨྲ་བརྗོད་གཉིས་ལ་དབྱེ་བ་ཕྱེ་བས། རྩོམ་པ་པོ་དང་བརྩམས་ཆོས་ཀྱི་ཁྱད་ཆོས་ལ་ཞིབ་འཇུག་བྱེད་པ་དང་སྐད་ཆ་བཀོལ་སྤྱོད་བྱེད་པའི་བྱང་རྩལ་ལེགས་སུ་གཏོང་བ་ལ་སོགས་པར་ཡང་དོན་སྙིང་ཡོད།