སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་འགྲེལ་པ་

ཡོང་ཁུངས་Wikipedia

༄༅། །སྨྲ་སྒོ་མཚོན་ཆའི་འགྲེལ་པ་བླ་མ་ཆོས་ཀྱི་བཟང་པོས་མཛད་པ་བཞུགས་སོ། ། ༄༅། །འདིར་བསྟན་བཅོས་རྩོམ་པར་བཞེད་པས། བར་གཅོད་སྤང་བར་བྱ་བ་དང་། ཡ་རབས་ཀྱི་ཚུལ་དང་མཐུན་པར་བྱ་བའི་ཕྱིར།དང་པོར་ཕྱག་འཚལ་ནས། དགོས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར།གང་ཞིག་བཤད་པར་བྱ་བར་དམ་བཅས་ནས། བསྟན་བཅོས་ཀྱི་གཞུང་ཉིད་ལེགས་པར་བསྟན་པ་དང་། བསྟན་བཅོས་བརྩམས་པ་ཡང་དོན་ཆེན་པོར་འགྱུར་བར་བྱ་བའི་ཕྱིར། དགེ་བའི་རྩ་བ་བསྔོ་བ་དང་བཅས་པ་བསྟན་པར་མཛད་དོ། །དེ་ལ་འདིའི་གཞུང་ཉིད་ཀྱང་ཡི་གེའི་ཚོགས་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་རྣམས་སྟོན་ཏོ། །དེ་དག་གི་ཡན་ལག་ཇི་སྐད་དུ་བསྟན་པ་རྣམས་ཀྱང་མདོར་བསྡུ་ན། དེ་དག་གི་རྒྱུ་དང་། རང་གི་ངོ་བོ་དང་། ལུང་དང་། ངེས་པའི་ཚིག་དང་། དབྱེ་བ་རྣམས་ཀྱིས་སྟོན་ཏོ། །དེ་ལ་རེ་ཞིག་འདིར་ཕྱག་འཚལ་བ་བསྟན་པའི་ཕྱིར། སྨྲ་མཆོག་གཙོ་ལ་ཕྱག་འཚལ་ནས། །ཞེས་སྨྲོས་ཏེ། དགེ་སྦྱོང་དང་། བྲམ་ཟེ་དང་། ལྷ་དང་། བདུད་ལ་སོགས་པའི་རིགས་པ་དང་ལྡན་པར་སྨྲ་བ་རྣམས་ཀྱི་གཙོ་བོ་ནི་སངས་རྒྱས་ཏེ། དེ་ལ་ཕྱག་འཚལ་ནས་བཤད་པར་བྱ་ཞེས་སྟོན་ཏོ། །གང་གི་ཕྱིར་ཞེ་ན། སྨྲ་བའི་ཡན་ལག་རྫོགས་དོན་དུ། །ཞེས་བྱ་བ་ལ་སོགས་པ་དམ་བཅའ་བའི་ཚིག་འདི་དག་བསྟན་པར་མཛད་པ་ལས། འདིར་དགོས་པ་ནི། སྨྲ་བའི་རྒྱུ་རྐྱེན་མཐའ་དག་མ་ལུས་པར་རྫོགས་པར་བྱ་བའི་དོན་དུ་ཞེས་སོ། །གང་ཞིག་ཞེ་ན། ངག་གི་འདུ་བྱེད་གང་དེ་ཡི། །ཚོགས་པ་ཞེས་བྱ་བ་སྨྲོས་ཏེ།ངག་གི་བྱ་བ་ནི་འདུ་བྱེད་ཡིན་ཏེ། དེའི་ཚོགས་པ་ནི་རྒྱུ་རྐྱེན་ནོ། །དེ་བདག་གིས་བཤད་པར་བྱ་ཞེས་བྱ་བ་ཡིན་ནོ། ། ད་ནི་གཞུང་ཉིད་བསྟན་པ་ལས། དང་པོ་ཡི་གེ་བསྟན་ཏེ། དེ་ཡང་སྤྱི་དང་ཁྱད་པར་གྱི་གནས་ལས་བྱེད་པ་དང་ཕྲད་པས་སྒྲ་ཇི་ལྟར་འབྱུང་བ་བསྟན་པའི་ཕྱིར། ཁོག་པ་མགྲིན་པ་རྐན་དང་ལྕེ། །སྣ་དང་སྤྱི་བོ་སོ་དང་མཆུ། །སྤྱི་དང་རེ་རེའི་ཆ་དག་ལས། །ཕྲད་དང་ཅུང་ཟད་ཕྲད་པ་དང་། །དོག་པ་དང་ནི་ཡངས་པ་ནས། །དྲང་པོ་སྒྲེང་དང་བཀུག་པ་ནས། །བསྟོད་པ་དང་ནི་སྨད་པ་དང་། །སྒྲིམས་དང་གློད་པའི་ང་རོ་འབྱུང་། །ཞེས་བྱ་བ་སྨྲོས་ཏེ། དེ་ལ་སྤྱི་དང་ཞེས་བྱ་བ་ནི། གནས་འདི་རྣམས་ཀྱི་སྤྱིའི་ཆ་ལས་འབྱུང་བ་ཞེས་བྱ་བ་སྟེ། དཔེར་ན་པི་ཝང་གི་སྒྲ་ཁོག་པ་དང་། པགས་པ་དང་། རྒྱུད་དང་། ལག་རྟེན་ལ་སོགས་པ་ཐམས་ཅད་ལས་སྒྲ་འབྱུང་སྟེ། དེ་བཞིན་དུ་གནས་འདི་རྣམས་སྤྱིའི་ཚོགས་པ་ནས་ཡི་གེ་རྣམས་ཀྱི་སྒྲ་འབྱུང་ངོ་། །རེ་རེའི་ཆ་དག་ཞེས་བྱ་བ་ནི། དཔེར་ན་པི་ཝང་གི་སྒྲ་དེ། ཕོ་སྒྲ་ཕོ་རྒྱུད་ལས་འབྱུང་ལ། མོ་སྒྲ་མོ་རྒྱུད་ལས་འབྱུང་བ་བཞིན། གནས་འདི་དག་སོ་སོ་ལས་ཡི་གེ་སོ་སོའི་སྒྲ་ཤས་ཆེར་འབྱུང་སྟེ། འདི་དག་ཞིབ་ཏུ་ནི་འོག་ནས་འཆད་པའི་སྐབས་སུ་རིག་པར་བྱའོ། །ཕྲད་དང་ཅུང་ཟད་ཕྲད་པ་དང་། །དོག་པ་དང་ནི་ཡངས་པ་ནས། །ཞེས་བྱ་བ་འདི་བཞི་ནི་བྱེད་པའི་རྐྱེན་ཡིན་ཏེ། དཔེར་ན་པི་ཝང་གི་སྒྲ་ལས་མཐེབ་མོ་དང་གཞུ་རྒྱུད་ཀྱིས་བསྐྱོད་པའི་ཚེ། སྒྲ་བྱེ་བྲག་དུ་འགྱུར་བ་ལྟར་གནས་འདི་རྣམས་སུ་ཕྲད་པ་ལ་སོགས་པའི་རྐྱེན་གྱིས་སྒྲ་བྱེ་བྲག་ཏུ་འགྱུར་ཏེ། འདི་ཡང་ཞིབ་ཏུ་འོག་ནས་རིག་པར་བྱའོ། ། དེ་དག་ལས་སྒྲ་ཇི་ལྟ་བུ་ཞིག་འབྱུང་ཞེ་ན། དྲང་པོ་སྒྲེང་དང་། ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། འདིས་ནི་གནས་དང་བྱེད་པ་ཕྲད་པ་ལས།དབྱངས་ཀྱི་རྩ་བ་བདུན་འབྱུང་བར་སྟོན་ཏོ། །དྲང་པོ་ལ་སོགས་པའི་ངག་འདི་བདུན་ནི་ངག་གི་འདུ་བྱེད་ཀྱི་རྩ་བ་ཡིན་ཏེ། དེ་ལ་དྲང་པོ་ནི་ཨའོ། །སྒྲེང་བ་ནི་ཨེའོ། །ཀུག་པ་ནི་ཨིའོ། །བསྟོད་པ་ནི་ཨོའོ། །སྨད་པ་ནི་ཨུའོ། །སྒྲིམས་པ་ནི་རིའོ། །གློད་པ་ནི་ལིའོ། །དེ་ལ་ང་རོ་བདུན་ནི་ངག་ཐམས་ཅད་ཀྱི་མཚན་ཉིད་ཡིན་ཏེ། རང་བཞིན་གྱི་ཡི་གེ་ཡིན་ནོ། །ཀ་ལ་སོགས་པའི་བརྗོད་པའི་ཡིག་འབྲུ་ཐམས་ཅད་ཀྱང་འདི་ལས་འབྱུང་ངོ་། །དེ་ལ་ཡང་ཨ་ཨི་ཨུ་གསུམ་ནི་རྩ་བའོ། །ལྷག་མ་ནི་ཕན་ཚུན་སྦྱར་བའོ། །ཇི་ལྟར་ཞེ་ན། ཨ་དང་ཨི་སྦྱར་བ་ནི་ཨེ་ཡིན་ནོ། །ཨ་དང་ཨུ་སྦྱར་བ་ནི་ཨོ་ཡིན་ནོ། །ཨ་ཉིད་སྒྲིམས་ཤིང་ཚེག་དྲག་དང་སྦྱར་བ་ནི་རྀ་ཡིན་ནོ། །ཨ་ཉིད་གློད་དེ་འདྲེན་པའི་དོན་ནི་ལྀ་ཡིན་ཏེ། དེའི་ཕྱིར་ཕན་ཚུན་སྦྱར་བའོ། །ཀ་ལ་སོགས་པའི་བརྗོད་པའི་ཡིག་འབྲུ་རྣམས་ལ་ཡང་། རྩ་བ་དང་ཕན་ཚུན་སྦྱར་བ་ཡོད་དོ། །ཡ་ནི་ཨི་དང་ཨ་སྦྱར་བའོ། །ཝ་ནི་ཨུ་དང་ཨ་སྦྱར་བའོ། །ར་དང་ལ་ནི་གོང་དུ་བསྟན་པ་ཉིད་དོ། །ཤ་ཥ་ས་གསུམ་ནི་ར་དང་མཐུན་ཏེ་ཚེག་དྲག་དང་སྦྱར་བའོ། །ང་ཉ་ན་ཎ་མ་འདི་ལྔ་ནི་སྣ་དང་ལྡན་པ་ཡིན་ཏེ། ཨཾ་ཞེས་བྱ་བར་འདུས་སོ། །དེས་ན་རེ་ཞིག་རྩ་བའི་ཡི་གེ་ཉི་ཤུ་རྩ་ལྔ་ཡིན་ནོ། །དེ་དག་ལ་ཡང་ག་ལ་སོགས་པ་གསུམ་པ་རྣམས་ནི། ཀ་ལ་སོགས་པ་དང་པོ་རྣམས་དང་ཨ་ལྡན་པ་ཡིན་ནོ། །གྷ་ལ་སོགས་པ་བཞི་པ་རྣམས་ནི་ག་ལ་སོགས་པ་གསུམ་པ་རྣམས་ལ་ཧ་དང་ལྡན་པ་ཡིན་ཏེ། དེས་ན་རྩ་བའི་ཡི་གེ་བཅུ་གཅིག་གོ །ཁ་ལ་སོགས་པ་གཉིས་པ་རྣམས་ཀྱང་ཀ་ལ་སོགས་པའི་སྒྲའི་ཆ་དང་། ཁོང་ནས་འབྱུང་བའི་སྒྲ་ཆ་ཡོད་པ་སྟེ། དེ་ལྟར་ན་རྩ་བའི་ཡི་གེ་ནི། ཨ་ཀ་ཙ་ཏ་ཊ་པ་ཧ་འདི་རྣམས་ཡིན་ནོ། །དེ་དག་གི་རྩ་བ་ཨ་ཡང་ཡིན་ནོ། །དེའི་ཕྱིར། ཨ་ནི་ཡི་གེ་ཐམས་ཅད་ཀྱི་ཕྱི་མོ་ཡིན་ནོ། ། ད་ནི་རྩ་བ་བདུན་ལས་དབྱངས་ཀྱི་ཡི་གེ་བཅུ་དྲུག་ཏུ་འགྱུར་བ་བསྟན་པའི་ཕྱིར། དྲང་པོ་ཀུག་དང་སྨད་པ་དང་། །སྒྲིམས་པ་དང་ནི་གློད་པ་དང་། །གར་དང་ཙང་གིས་ཕྱེ་བ་དང་། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། འདི་ལྟར། ཨ་ཨི་ཨུ་རི་ལི་འདི་རྣམས་ལ་གར་ཞེས་བྱ་བའི་རིང་བའོ། །ཙང་ཞེས་བྱ་བ་ཐུང་ངུ་གཉིས་གཉིས་སུ་ཕྱེ་བས་དབྱངས་ཀྱི་ཡི་གེ་བཅུར་འགྱུར་ཏེ། འདི་ལྟར། ཨ་ཨ་ཨཱི་ཨཱི་ཨུ་ཨུ་རི་རཱི་ལི་ལཱིའོ། །གཞན་ཡང་། སྒྲེང་དང་སྒྲེང་སྟེ་ཀུག་པ་དང་། །བསྟོད་དང་བསྟོད་དེ་སྨད་པ་དང་། །སྣ་ལྡན་རྣམ་པར་བཅད་པ་ཡིས། །ང་རོ་བཅུ་དྲུག་དག་དུ་འདོད། །ཞེས་བྱ་བས་དབྱངས་ཀྱི་ཡི་གེ་བཅུ་དྲུག་ཏུ་འགྱུར་ཏེ། འདི་ལྟར་སྒྲེང་བ་ནི་ཨེའོ། །བསྒྲེང་སྟེ་ཀུག་པ་ནི་ཨཻའི་འོ། །བསྟོད་པ་ནི་ཨེ་ཡིན་ནོ། །བསྟོད་དེ་སྨད་པ་ནི་ཨཽའི་ཡིན་ནོ། །སྣ་དང་ལྡན་པ་ནི་ཨཾ་ཡིན་ནོ། །རྣམ་པར་གཅོད་པ་ནི་ཨཿ་ཞེས་བྱ་བ་སྟེ།འདི་ལྟར་དབྱངས་ཀྱི་ཡི་གེ་བཅུ་དྲུག་ཏུ་འགྱུར་རོ། ། ད་ནི་དབྱངས་ཀྱི་རྩ་བ་དེ་དག་རེ་རེ་ལ་ཡང་གསལ་བྱེད་བཅོ་བརྒྱད་དམ་བཅུ་གཉིས་སུ་འགྱུར་བ་སྟོན་ཏེ། དེ་ལས་དང་པོར་གསལ་བྱེད་བཅོ་བརྒྱད་དུ་འགྱུར་བ་བསྟན་པའི་ཕྱིར། ང་རོ་དག་གི་གསལ་བྱེད་ནི། །དྲང་པོ་ཀུག་དང་སྨད་པ་དང་། །འདྲེན་པའི་རིང་ཐུང་གསུམ་ཡོད་དེ། །དེ་ལ་ཆེ་འབྲིང་རྣམ་པ་གསུམ། །དེ་དགུ་སྣ་ལྡན་བཅོ་བརྒྱད་དོ། །ཞེས་བྱ་བ་སྨྲོས་ཏེ། དབྱངས་ཀྱི་ཡི་གེ་དེ་རྣམས་ཀྱི་གསལ་བྱེད་ནི། དྲང་པོ་ཨ་དང་། ཀུག་པ་ཨི་དང་། སྨད་པ་ཨུ་དང་གསུམ་ལ་སྒྲའི་འདྲེན་པ་གསུམ་གསུམ་ཡོད་དེ། འདི་ལྟར་ཧྲ་སྭ་ཞེས་བྱ་བ་ཐུང་ངུ་སྟེ་ཐ་མལ་པ་དང་། འདི་དགའ་ཞེས་བྱ་བ་རིང་པོ་སྟེ་གཉིས་ཀྱི་ཡུན་དུ་བརྗོད་པ་དང་། ས་ནུད་ཏྭ་ཞེས་བྱ་བ་ནི་ཤིན་ཏུ་རིང་བ་སྟེ། གསུམ་གྱི་ཡུན་དུ་བརྗོད་པའོ། །དེ་རེ་རེ་ལ་ཡང་ཆེ་འབྲིང་གསུམ་གསུམ་སྟེ། ཨུད་ཏད་ཏ་ཞེས་བྱ་བ་ཆེན་པོ་སྟེ། ཡི་གེ་གཉིས་ཀྱི་སྒྲ་ཅན་དང་། ཨ་ནུ་འདའ་ཏ་ཞེས་བྱ་བ་ཆུང་ངུ་ཏེ། ཕྱེད་པ་དང་། སི་ཏ་ར་ཞེས་བྱ་བ་བར་མ་སྟེ་ཡི་གེ་ཕྱི་མོ་གཅིག་པ་ཡིན་ཏེ། དེ་ལྟར་དགུར་འགྱུར་རོ། །དེ་ལ་ཡང་ཨཾ་ཞེས་བྱ་བའི་སྒྲ་སྣ་དང་ལྡན་པ་ཞེས་བྱ་བ་དང་། སྣ་དང་མི་ལྡན་པ་ཕྱེ་བས་འདི་ལྟར་བཅོ་བརྒྱད་བཅོ་བརྒྱད་དུ་འགྱུར་རོ། ། ད་ནི་གསལ་བྱེད་བཅུ་གཉིས་སུ་འགྱུར་བའི་རིགས་བསྟན་པའི་ཕྱིར། གསལ་བར་བྱ་བ་འདི་ལྟ་ཏེ། སྒྲེང་དང་བསྟོད་ལ་ཐུང་བ་དང་། སྒྲིམས་དང་གློད་ལ་རིང་བའོ། །བཅུ་གཉིས་ཡིན་ཏེ། ཞེས་བྱ་བ་སྨྲོས་སོ། །དབྱངས་ཀྱི་ཡི་གེ་རྣམས་ལ་གསལ་བྱེད་སྤང་ཞིང་གསལ་བར་བྱ་བ་ནི་སྒྲེང་བ་དང་བསྟོད་པ་ཞེས་བྱ་བ་ཨེ་དང་ཨོ་གཉིས་ལ་རང་བཞིན་གྱིས་ཐུང་ངུ་མེད་དེ། དེ་ལྟར་ཐུང་ངུ་ལ་ཕྱེ་བ་གསུམ་གསལ་བས་དྲུག་ཏུ་འགྱུར་ཏེ། དེ་ལ་ཡང་སྣ་དང་ལྡན་པས་ཕྱེ་བས་བཅུ་གཉིས་བཅུ་གཉིས་སུ་འགྱུར་རོ། །དེ་བཞིན་དུ་སྒྲིམས་པ་དང་གློད་པ་ཞེས་བྱ་བ་རི་དང་ལི་གཉིས་ལ་རང་བཞིན་གྱིས་རིང་པོ་མེད་དེ།དེ་ལྟར་རིང་པོ་ལ་ཕྱེ་བའི་ཚོགས་གསལ་བས་འདི་ལ་ཡང་བཅུ་གཉིས་བཅུ་གཉིས་སུ་འགྱུར་རོ། །དེ་ལྟར་ཨ་ཨི་ཨུ་གསུམ་ལ་བཅོ་བརྒྱད་བཅོ་བརྒྱད། ཨེ་ཨོ་རི་ལི་བཞི་ལ་བཅུ་གཉིས་བཅུ་གཉིས་སྟེ། དེ་ལྟར་བརྒྱ་རྩ་གཉིས་སུ་འགྱུར་བས། བརྒྱ་རྩ་གཉིས་ཞེས་སོ། ། ད་ནི་ཡི་གེ་སྤྱིའི་རྣམ་པའི་ཆ་ཇི་སྙེད་ཡོད་པ་བསྟན་པའི་ཕྱིར། སྤྱིར་ན་བརྒྱ་དང་བཅུ་རྩ་གཅིག །རང་གནས་དང་ནི་བཅུ་གཉིས་སྟེ། །ཡི་གེ་གཅིག་གི་རྣམ་པའི་ཆ། །ངག་གི་འདུ་བྱེད་ཚོགས་པའོ། །ཞེས་བྱ་བ་སྨྲོས་ཏེ། ཀ་ལྟ་བུ་གཅིག་ལ་ཡང་། ཨ་ཨི་ཨུ་ཨེ་ཨོ་རི་ལི་བདུན་དང་ལྡན་པས། ཨ་ལ་གསལ་བྱེད་རིང་ཐུང་གསུམ། དེ་རེ་རེ་ལ་ཡང་ཆེ་འབྲིང་ཆུང་གསུམ་གསུམ་སྟེ་དགུ་དགུ། དེ་ལ་སྣ་དང་ལྡན་པ་ཞེས་བྱ་བ་དང་མི་ལྡན་པ་ཞེས་བྱ་བས་ཕྱེ་བས་བཅོ་བརྒྱད། དེ་བཞིན་དུ་ཨི་ཨུ་ལ་ཡང་ལྡན་ཏེ། དེ་ལྟར་ལྔ་བཅུ་རྩ་བཞི། ཨེ་ཨོ་ལ་ཐུང་ངུ་མེད་པས་བཅུ་གཉིས་བཅུ་གཉིས།རི་ལི་ལ་རིང་པོ་མེད་པས་བཅུ་གཉིས་བཅུ་གཉིས་ཏེ། དེ་ལྟར་ན་བཞི་བཅུ་རྩ་བརྒྱད་ཀྱིས་བསྣན་པས་བརྒྱ་རྩ་གཉིས། ཐུན་མོང་གི་འབྱུང་ཁུངས་བརྒྱད། རྐྱེན་གྱི་རྣམ་པ་གང་ཡང་རུང་བ་གཅིག་སྟེ་དགུས་བསྣན་ན་བརྒྱ་དང་བཅུ་རྩ་གཅིག་ཡོད་དོ། །རང་གནས་དང་ནི་ཞེས་བྱ་བ་ནི་ཁྱད་པར་གྱི་གནས་རྫས་སུ་མ་བགྲངས་པ་སྟེ། ཐུན་མོང་གི་ཁོངས་སུ་གཏོགས་པས་རེ་ཞིག་ཤས་ཆེ་བ་ཙམ་ཡིན་ཏེ། རྫས་སུ་མ་བགྲངས་སོ། །ཡི་གེ་གཅིག་གི་རྣམ་པ་ཞེས་བྱ་བ་ནི་ཀ་ལ་སོགས་པའི་རྣམ་པ་སྟེ།དབྱངས་ཀྱི་ཡི་གེ་ལ་ནི་མ་ཡིན་ནོ། །རྣམ་པ་དེ་སྙེད་ལས་དུས་གཅིག་ཏུ་འབྱུང་ཞེ་ན། དུས་གཅིག་དུ་ནི་བཅུ་གཅིག་གམ། །སྣ་ལྡན་དང་ནི་བཅུ་གཉིས་ཏེ། །རང་གི་གནས་དང་བཅུ་གསུམ་མོ། །ཞེས་སྨྲོས་ཏེ།ཐུན་མོང་གི་འབྱུང་ཁུངས་བརྒྱད། རྐྱེན་གྱི་རྣམ་པ་གང་ཡང་རུང་བ་གཅིག །གསལ་བྱེད་རིང་ཐུང་གསུམ་ལས་གང་ཡང་རུང་བ་གཅིག །ཆེ་འབྲིང་གསུམ་ལས་གང་རུང་གཅིག་སྟེ། ཡི་གེ་བཅུ་གཅིག་འབྱུང་ངོ་། །སྣ་ལྡན་བསྣན་པའི་ཚེ་ནི་བཅུ་གཉིས་བཅུ་གཉིས་འབྱུང་ངོ་། །རང་གི་གནས་ནི་སྔ་མ་བཞིན་ནོ། ། ད་ནི་ངག་གི་འདུ་བྱེད་རྣམ་པ་བདུན་གྱི་དཔེ། ལུས་ཀྱི་འདུ་བྱེད་རྣམ་པ་བདུན་གྱི་སྒོ་ནས་བསྟན་པའི་ཕྱིར། མཚོན་འདེབས་གར་དང་ལས་བྱེད་དང་། །སྟབས་འགྲོས་བལྟ་སྟངས་བྱེ་བྲག་དག །རྐང་ལག་མིག་གི་འགྱུར་བག་གིས། །ལུས་ཀྱི་འདུ་བྱེད་བདུན་པོ་ནི། །ཐད་ཀར་བལྟ་དང་གྱེན་དུ་བལྟ། །དེ་བཞིན་བཟློག་ཏེ་བལྟ་བ་དང་། །བསྟོད་དེ་བལྟ་དང་སྨད་དེ་བལྟ། །སྒྲིམས་དང་གློད་དེ་བལྟ་བ་ལྟར། །གར་ལ་སོགས་པ་དེ་བཞིན་ཏེ། །ལས་ཀྱི་འདུ་བྱེད་བདུན་པོ་ལྟར། །ངག་གི་འདུ་བྱེད་དེ་བཞིན་ནོ། །ཞེས་བྱ་བ་སྨྲོས་ཏེ། འདི་ལྟར་ངག་གི་འདུ་བྱེད་བདུན་པོ་དེ་དག་ལུས་ཀྱི་འདུ་བྱེད་དང་མཐུན་པར་འབྱུང་སྟེ། དེ་ལ་ལུས་ཀྱི་འདུ་བྱེད་ནི་ལུས་ཀྱི་འདུ་བྱེད་རྣམས་རྩོམ་པ་ན། དྲང་པོར་བྱེད་པ་དང་། དེ་བཞིན་དུ་སྒྲེང་བ་དང་། ཀུག་པ་དང་། བསྟོད་པ་དང་། སྨད་པ་དང་། སྒྲིམས་པ་དང་། གློད་པ་སྟེ། དེ་ལྟར་བདུན་པོ་འདི་ལས་ལྷག་པའི་ལུས་ཀྱི་འདུ་བྱེད་མེད་དོ། །དེ་ལ་རེ་ཞིག་བལྟ་སྟངས་ལ་སྦྱར་བ་བཞིན་དུ། གཞན་ལ་ཡང་ཤེས་པར་བྱ་སྟེ།འདི་ལྟར་བལྟ་བར་བྱ་བའི་ཡུལ་གཅིག་ལ་བལྟ་བར་བྱ་བའི་ཚེ། ཐད་ཀར་བལྟ་བ་ནི་མིག་མི་འགྱུར་བར་དྲང་པོར་བལྟ་བའོ། །སྒྲེང་སྟེ་བལྟ་བ་ནི་བལྟ་བའི་གནས་ནས་གྱེན་དུ་བལྟ་བའོ། །བཀུག་སྟེ་བལྟ་བ་ནི་ཕྱོགས་གཞན་ནས་བསྐོར་ཞིང་ཟློག་སྟེ་བལྟ་བའོ། །བསྟོད་དེ་བལྟ་བ་ནི་མིག་འཕང་བསྟོད་དེ་བལྟ་བའོ། །སྨད་དེ་བལྟ་བ་ནི་མིག་འཕང་སྨད་དེ་བལྟ་བའོ། །སྒྲིམས་པ་དང་གློད་པ་ནི་མིག་གི་བྱེ་བྲག་ཉིད་སྒྲིམས་པ་དང་གློད་པ་སྟེ། དེ་བཞིན་དུ་རྐང་པའི་སྟབས་འགྲོས་དག་ཀྱང་ཐད་ཀར་འདོར་བ་དང་། སླར་ལྡོག་པའི་ཚུལ་གྱི་འདོར་བ་དང་། སྒྲེང་བ་དང་། འཕང་བསྟོད་པ་དང་། སྨད་པ་དང་། ཁོང་སྒྲིམས་པ་དང་། གློད་པའི་བྱེ་བྲག་གིས་བདུན་ནོ། །མཚོན་འདེབས་པ་དང་། གར་ལ་སོགས་པའང་དེ་དང་འདྲ་སྟེ། བྱེད་པ་དང་བྱ་བ་གཉིས་དང་པོ་ཇི་ལྟར་གནས་པ་དེ་བཞིན་དུ་བྱེད་པ་ནི་དྲང་པོའོ། །གྱེན་དུ་བྱེད་པ་ལྟ་བུ་ནི་སྒྲེང་བའོ། །གཞན་ནས་བྱེད་པ་ནི་བཀུག་པའོ། །འཕང་བསྟོད་པ་དང་། སྨད་པ་དང་། སྒྲིམས་པ་དང་། གློད་པ་ཇི་ལྟ་བ་དེ་བཞིན་དུ། ངག་གི་སྒྲ་དག་ཀྱང་དྲང་པོར་དྲངས་པ་ནི་ཨ་དང་ལྡན་པའི་ཚོགས་སུ་འགྱུར་རོ། །སྒྲེང་སྟེ་དྲངས་པ་ནི་ཨེ་དང་ལྡན་པའི་ཚོགས་སུ་འགྱུར་རོ། །བཀུག་སྟེ་དྲངས་པ་ནི་ཨི་དང་ལྡན་པའི་ཚོགས་སུ་འགྱུར་རོ། །དེ་བཞིན་དུ་བསྟོད་པ་ནི་ཨོ་དང་ལྡན་པའོ། །སྨད་པ་ནི་ཨུ་དང་ལྡན་པའོ། །སྒྲིམས་པ་ནི་རི་དང་ལྡན་པའོ། །གློད་པ་ནི་ལི་དང་ལྡན་པ་སྟེ། ངག་གི་འདུ་བྱེད་བདུན་པོ་དེ་ལྟ་བུ་འབྱུང་བར་འགྱུར་རོ། ། ད་ནི་ངག་གི་འདུ་བྱེད་བདུན་པོ་སྟོན་པར་བྱེད་པའི་བརྡར་འགྱུར་བའི་ཡི་གེའི་དབྱིབས་དང་། དེ་བཞག་པའི་གནས་བསྟན་པའི་ཕྱིར། དེ་སྟོན་དབྱིབས་ཀྱི་གནས་ལུགས་ཀྱང་། །མདའ་དང་བསེ་རུ་གླང་ཆེན་སྣ། །གདུགས་དང་རྐང་རྟེན་ལྟ་བུ་དང་། །མེ་རི་ཆུ་ཡི་དཀྱིལ་འཁོར་ལྟར། །ཐད་ཀ་ཟུར་དང་ཟུར་ལོགས་དང་། །སྟེང་འོག་རང་གི་ལུས་རྣམས་ལ། །གནས་པའི་བརྡའ་འདིར་ཤེས་པར་བྱ། །ཞེས་སྨྲོས་སོ། །དེ་ལ་དྲང་པོའི་ཡི་གེ་ནི་མདའ་ལྟ་བུའོ། །བསྒྲེང་བའི་ཡི་གེ་ནི་རི་དྭགས་བསེ་རུ་ལྟ་བུའོ། །བཀུག་པའི་ཡི་གེ་ནི་གླང་པོ་ཆེའི་སྣ་ལྟ་བུའོ། །བསྟོད་པའི་ཡི་གེ་ནི་གདུགས་ལྟ་བུའོ། །སྨད་པའི་ཡི་གེ་ནི་སྐྱེས་བུའི་རྐང་རྟེན་ལྟ་བུའོ། །སྒྲིམས་པའི་ཡི་གེ་ནི་མེ་རི་ལྟ་བུའོ། །གློད་པའི་ཡི་གེ་ནི་ཆུའི་དཀྱིལ་འཁོར་ལྟ་བུ་སྟེ། དེའི་དབྱིབས་བདུན་པོ་དེ་ཡང་རང་རེ་སྒྲ་དང་རྗེས་སུ་མཐུན་པའི་བརྡར་བྱས་ཏེ། སྒྲ་དྲང་པོའི་བརྡའ་དྲང་པོའོ། །དེ་བཞིན་དུ་གཞན་ཡང་ཤེས་པར་བྱའོ། །མཚན་མ་དེ་དག་གི་གནས་ལུགས་ཀྱང་དེ་འདྲ་སྟེ་མདའ་འདྲ་བ་ནི་ཐད་ཀར་མཚོན་ནོ། །བསེ་རུས་ནི་ཟུར་ལའོ། །གླང་པོ་ཆེའི་སྣས་ནི་ཟུར་ནས་ལོགས་སུའོ། །གདུགས་ནི་སྟེང་དུའོ། །རྐང་རྟེན་ནི་འོག་ཏུའོ། །མེ་རི་དང་ཆུའི་དཀྱིལ་འཁོར་གཉིས་ནི་ཡི་གེ་རང་གི་ལུས་ལ་མཚོན་པ་སྟེ། འདིས་ཀྱང་ངག་དང་བརྡ་མཐུན་པར་སྟོན་ཏོ། །དྲང་པོ་ལ་ནི་ཐད་ཀར་མཚོན་ཏོ། །སྒྲེང་པ་ནི་ཟུར་ལ་མཚོན་ཏོ། །གཞན་ཡང་དེ་བཞིན་དུ་ཤེས་པར་བྱའོ། ། ད་ནི་བརྡ་དེས་བསྟན་པའི་ངག་རྣམས་འབྱུང་བ་ན་རྒྱུ་བདུན་ཚོགས་པ་ལས་སྐྱེ་བར་བསྟན་ཏེ། དེ་ལ་བསྐུལ་བའི་རྒྱུ་རྣམ་པར་རྟོག་པ་ཡིན་པར་བསྟན་པའི་ཕྱིར། དེས་བསྟན་བརྡ་ཅན་འབྱུང་བ་ན། །ལྕགས་རྣམས་ལ་ནི་ ཁབ་ལེན་བཞིན། །རྣམ་རྟོག་དབང་གིས་གནས་རྣམས་གཡོ། །ཞེས་བྱ་བ་སྨྲོས་ཏེ། ཁབ་ལེན་གྱི་དབང་གིས་ལྕགས་གཡོ་བ་བཞིན་དུ། རྣམ་པར་རྟོག་པའི་དབང་གིས་བཱ་ཡ་ཏ་ཞེས་བྱ་བའི་རླུང་ལུས་ལ་གནས་པ་བསྐུལ་ནས། དེས་སྒྲ་འབྱུང་བའི་གནས་རྣམས་གཡོ་བར་བྱེད་དོ། །ཞེས་བྱ་བར་འགྱུར་རོ། །རྣམ་པར་རྟོག་པས་ཇི་ལྟར་རླུང་སྐྱོད་ཞེ་ན། ཇི་ལྟར་གནས་གཞི་མེད་བཞིན་དུ། །མཁའ་ལ་འདབ་བསྐྱོད་རླུང་འབྱུང་ལྟར། །རྣམ་པར་རྟོག་པས་སྐྱོད་པ་ན། །བཱ་ཡ་ཏ་ཞེས་བྱ་བའི་རླུང་། །ལུས་ལ་རབ་ཏུ་གཡོ་བར་འགྱུར། །ཞེས་བྱ་བ་སྨྲོས་ཏེ། དཔེར་ན་བྱ་ནམ་མཁའ་ལ་འཕུར་བའི་ཚེ་འདབ་མས་སྐྱོད་པ་ཉིད་ཀྱིས་རླུང་འབྱུང་བ་ལྟར། མིང་དང་མིང་ཅན་འབྲེལ་བའི་རྣམ་པར་རྟོག་པ་གཞན་ལ་གོ་བར་བྱེད་པའི་བློས་སྐྱོད་པའི་ཚེ་ལུས་ཐམས་ཅད་ལ་ཁྱབ་པར་གནས་པའི་རླུང་། གཡོ་བར་བྱེད་པ་ཅན་བཱ་ཡ་ཏ་ཞེས་བྱ་བ་ལྡང་ཞིང་གཡོ་བར་འགྱུར་རོ། །རླུང་དེ་གཡོས་པས་ཅིར་འགྱུར་ཞེ་ན། བྱེད་པ་རྣམས་ཀུན་ཏུ་གཡོ་བར་བྱེད་པར་འགྱུར་ཏེ། བྱེད་པ་རྣམས་སྐྱོད་པས་ནི་གནས་དང་འཕྲད་པར་བྱེད་དོ། །དེ་བསྟན་པའི་ཕྱིར། གཡོ་རླུང་རབ་ཏུ་གཡོས་པ་ཡིས། །བྱེད་པ་ཀུན་ཏུ་བསྐྱོད་པ་ན། །དོག་དང་ཡངས་པའི་གནས་རྣམས་སུ། །ཕྲད་དང་ཅུང་ཟད་ཕྲད་པར་བྱེད། །ཞེས་བྱ་བ་སྨྲོས་སོ། །དེ་ལ་དོག་པ་ནི་འགུལ་བ་དང་། སྣ་དང་ཀླད་པའི་སྦུབས་པའོ། །ལྷག་མ་ནི་ཡངས་པའོ། །རྐན་དང་ལྕེ་སྦྱར་བ་དང་། སོ་དང་ལྕེ་སྦྱར་བ་དང་།མཆུ་གཉིས་སྦྱར་བ་ནི་འདིར་ཕྲད་པའོ། །ལྷག་པ་ནི་ཅུང་ཟད་ཕྲད་པ་སྟེ། འདི་ཡང་འོག་ནས་འཆད་དོ། ། དེའི་ཚེ་ལྷན་ཅིག་འབྱུང་བའི་རྒྱུ་བསྟན་པའི་ཕྱིར། དེའི་ཚེ་ནིཿ་ཤྭཱ་སྭ་ཞེས་པའི། །རླུང་དང་ལྷན་ཅིག་འབྱུང་བས་ཏེ། །ཞེས་བྱ་བ་སྨྲོས་ཏེ། འདི་ལྟར་གནས་དང་བྱེད་པ་ཕྲད་པའི་ཚེ། ནིཿ་ཤྭཱ་སྭ་ཞེས་བྱ་བའི་རླུང་ནི་དབུགས་ཡིན་ཏེ། འདི་དང་སྒྲའི་ཚོགས་སུ་འདྲེས་ནས་འབྱུང་སྟེ། འདི་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ། །ཀུན་ཏུ་འགྲོ་བའི་རྒྱུ་བསྟན་པའི་ཕྱིར། །ཇི་ལྟར་གཟུགས་ལས་འབྱུང་བ་བཞིན། །ང་རོ་ལ་ནི་རྟེན་བཞིན་དུ། །ཞེས་བྱ་བ་སྨྲོས་ཏེ། དཔེར་ན་གཟུགས་ཐམས་ཅད་འབྱུང་བ་བཞིས་བསྐྱེད་པ་བཞིན་དུ། ཡི་གེའི་ཚོགས་ཐམས་ཅད་ལ། དབྱངས་ཀྱི་ཡི་གེ་བཅུ་དྲུག་དང་། །གསལ་བྱེད་བཅོ་བརྒྱད་ཀྱིས་ཁྱབ་སྟེ། དེ་བས་ན་ང་རོ་ཞེས་བྱ་བ་དབྱངས་དང་གསལ་བྱེད་ལ་བརྟེན་ནས་ཡི་གེ་དང་མིང་དང་ཚིག་གི་ཚོགས་ཐམས་ཅད་འབྱུང་སྟེ། འདི་ནི་ཀུན་ཏུ་འགྲོ་བའི་རྒྱུ་ཡིན་ནོ། །སྐལ་བ་མཉམ་པའི་རྒྱུ་བསྟན་པའི་ཕྱིར། རྣམ་རྟོག་རང་གི་སྣང་ཆ་ལས། །གཟུགས་བརྙན་བཞིན་དུ་ཆ་མཉམ་སྐྱེ། །ཞེས་བྱ་བ་སྨྲོས་ཏེ། དེའི་ཚེ་རྣམ་པར་རྟོག་པ་རང་གི་ཡུལ་སྣང་བའི་ཆ་མིང་དང་མིང་ཅན་འབྲེལ་བར་སྣང་བར་འགྱུར་ཏེ། འདི་ལྟར་ཀ་བའི་དངོས་པོ་ལ་ཀ་བ་ཞེས་མིང་དུ་བཏགས་པ་འབྲེལ་བར་བརྡའི་དུས་ན་ཞེན་པས་ཕྱིས་དོན་ལ་སྐྱེས་བུ་འཇུག་པ་ན། རང་གི་སྣང་བ་དང་མཐུན་པའི་ཡི་གེ་འབྱུང་བར་འགྱུར་ཏེ། དཔེར་ན་བཞིན་གྱི་དཀྱིལ་འཁོར་ཇི་ལྟ་བར་གཟུགས་བརྙན་འབྱུང་བ་བཞིན་ནོ། །འདི་ནི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། ། ད་ནི་ངག་གི་འདུ་བྱེད་ཀྱི་རྒྱུ་དེ་རྣམས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། མཇུག་བསྟན་པར་འདོད་ནས། གནས་རྣམས་དང་ནི་བྱེད་པ་དང་། །རྣམ་པར་རྟོག་པ་རླུང་གཉིས་དང་། །ང་རོ་གསལ་བྱེད་སྣང་ཆ་ཡིས། །ངག་གི་འདུ་བྱེད་ཀུན་ཏུ་བསྐྱེད། །ཞེས་བྱ་བ་སྨྲོས་ཏེ། སྒྲ་འབྱུང་བའི་གནས་མགུལ་བ་ལ་སོགས་པ་རྣམས་ནི་གཞིའི་རྒྱུ་ཡིན་ནོ། །ཕྲད་པ་ལ་སོགས་པ་བྱེད་པ་རྣམས་ནི་འབྱིན་པར་བྱེད་པའི་རྒྱུའོ། །རྣམ་པར་རྟོག་པ་ནི་བསྐུལ་བའི་རྒྱུའོ། །བཱ་ཡ་ཏ་དང་། ནིཿ་ཤྭཱ་སྭ་ཞེས་བྱ་བ་རླུང་གཉིས་ལས་བཱ་ཡ་ཏ་ཞེས་བྱ་བ་ནི་བྱེད་པ་རྣམས་བསྐྱོད་པར་བྱེད་པའི་རྒྱུའོ། །ནིཿ་ཤྭཱ་སྭ་ནི་ལྷན་ཅིག་འབྱུང་བའི་རྒྱུའོ། །ང་རོ་བཅུ་དྲུག་དང་གསལ་བྱེད་བཅོ་བརྒྱད་ནི་ཀུན་ཏུ་འགྲོ་བའི་རྒྱུའོ། །རང་སྣང་བའི་གཟུང་བའི་ཆ་ནི་སྐལ་བ་མཉམ་པའི་རྒྱུའོ། །རྒྱུ་དེ་རྣམས་ཀྱིས་སྒྲའི་ཚོགས་སྐྱེད་པར་བྱེད་དོ་ཞེས་བྱ་བ་ཡིན་ནོ། ། དེ་ལྟར་རྒྱུ་རྣམས་ཀྱིས་སྐྱེད་པར་བསྟན་པ་ལ། རྒྱུ་རྣམས་ཀྱིས་རྒྱུའི་ཆོས་ཀྱི་མིང་བསྟན་པས་དེའི་ཕྱིར། དེ་དག་སོ་སོའི་ངོ་བོ་བསྟན་པར་འདོད་ནས། རྒྱུ་བདུན་དག་ལས་འབྱུང་བ་ནི། །གནས་རྣམས་གཞི་ཡི་རྒྱུ་ཡིན་ཏེ། །ཞེས་བྱ་བ་ནས་སྐལ་བ་མཉམ་པའི་རྒྱུ་ཞེས་བྱ་བའི་བར་སྨྲོས་སོ། །དེ་ལ་གནས་རྣམས་གཞིའི་རྒྱུ་ཞེས་བྱ་བ་ནི། གནས་རྣམས་ནི་དྲིལ་བུའི་སྦུབས་དང་འདྲ་སྟེ། སྒྲ་རྣམས་ཀྱི་ཁྱད་པར་གྱི་གནས་གཞི་ཡིན་པས་གནས་གཞིའི་རྒྱུ་ཞེས་བྱའོ། །བྱེད་པ་འབྱིན་པར་བྱེད་པའི་རྒྱུ། །ཞེས་བྱ་བ་ནི་དྲིལ་བུའི་ལྕེ་དང་འདྲ་སྟེ། བསྐུལ་ཞིང་འབྱིན་པར་བྱེད་པས་སྟེ། འབྱིན་པར་བྱེད་པའི་རྒྱུ་ཞེས་བྱའོ། །དེ་བཞིན་རྣམ་རྟོག་བསྐུལ་བའི་རྒྱུ། །ཞེས་བྱ་བ་ནི་བསྐུལ་བར་འདྲ་བས་དེ་བཞིན་ཞེས་བྱ་བ་སྨྲོས་ཏེ། ཅུང་ཟད་དུ་ན་སྐྱེས་བུ་དང་འདྲ་སྟེ། བྱེད་པ་པོ་ཡིན་པས་བསྐུལ་བའི་རྒྱུ་ཞེས་བྱ་བའོ། །ཇི་ལྟར་ཤིང་ལ་རླུང་བཞིན་དུ། །བྱེད་པ་བསྐྱོད་རྒྱུ་བཱ་ཡ་ཏའོ། །ཞེས་བྱ་བ་ནི་དཔེར་ན་རླུང་གིས་ཤིང་གཡོ་བར་བྱེད་པ་བཞིན་དུ། བཱ་ཡ་ཏའི་རླུང་གིས་བྱེད་པ་སྐྱོད་པར་བྱེད་པས། བཱ་ཡ་ཏའི་རླུང་ལ་སྐྱོད་པར་བྱེད་པའི་རྒྱུ་ཞེས་བྱའོ། །སྐྱེས་བུ་དང་ནི་གཞོན་པ་བཞིན། །ལྷན་ཅིག་འབྱུང་རྒྱུ་ནིཿ་ཤྭཱ་སྭ། །ཞེས་བྱ་བ་ནི་དཔེར་ན་སྐྱེས་བུ་རྟ་ལ་ཞོན་ནས། སྐྱེས་བུ་དེ་རྟ་ལ་རྟེན་ཅིང་རྟ་དང་ལྷན་ཅིག་འབྱུང་བ་བཞིན་དུ། སྒྲ་རྣམས་དབུགས་ལ་རྟེན་ནས་དབུགས་དང་ལྷན་ཅིག་འབྱུང་བས། ནིཿ་ཤྭཱ་སྭའི་རླུང་ལ་ལྷན་ཅིག་འབྱུང་བའི་རྒྱུ་ཞེས་བྱའོ། །ང་རོ་རྣམས་དང་གསལ་བྱེད་ནི། །ཀུན་ཏུ་ཁྱབ་པར་འགྲོ་བའི་རྒྱུ། །ཞེས་བྱ་བ་ནི་དཔེར་ན་འབྲས་བུའི་གཟུགས་གང་ན་བ་དེར་འབྱུང་བ་ཆེན་པོ་བཞིས་ཁྱབ་པ་བཞིན། ཇི་སྲིད་དུ་བརྗོད་པ་ཐམས་ཅད་ལ་ང་རོ་བཅུ་དྲུག་དང་། གསལ་བྱེད་བཅོ་བརྒྱད་ཀྱིས་ཁྱབ་སྟེ། དེའི་ཕྱིར་ང་རོ་དང་གསལ་བྱེད་ལ་ཀུན་ཏུ་འགྲོ་བའི་རྒྱུ་ཞེས་བྱའོ། །སྣང་ཆ་འདྲ་བར་འབྱུང་བ་ནི། །སྐལ་བ་མཉམ་པའི་རྒྱུ་ཞེས་བྱ། །ཞེས་བྱ་བ་ནི་དཔེར་ན་བྱད་དང་འདྲ་བར་གཟུགས་བརྙན་འབྱུང་བ་བཞིན། རྣམ་པར་རྟོག་པའི་སྣང་བའི་ཆ་དང་འདྲ་བར་ཡི་གེ་རྣམས་ཀྱི་སྒྲ་འབྱུང་བས། རྣམ་པར་རྟོག་པ་སྣང་བའི་ཆ་ལ་སྐལ་བ་མཉམ་པའི་རྒྱུ་ཞེས་བྱའོ། ། ད་ནི་རྒྱུ་དེ་དག་ལས་གྱུར་པའི་ཡི་གེ་རྣམས་ཀྱི་གདངས་ཀྱི་བྱེ་བྲག་སྟོན་ཏེ། དེ་ཡང་འབྲས་བུ་མི་འདྲ་བ་རྣམས་ནི་རྒྱུ་མི་འདྲ་བ་སྔོན་དུ་སོང་བ་ཡིན་ཏེ། དེས་ན་རྒྱུས་ཕྱེ་བ་ཡིན་པར་བསྟན་པའི་ཕྱིར། དེ་ལས་གདངས་ཀྱི་བྱེ་བྲག་ནི། །རྒྱུ་རྣམས་དག་གིས་ཕྱེ་བ་སྟེ། །སྔོན་དུ་སོང་བར་རིག་པར་བྱ། །ཞེས་བྱ་བ་སྨྲོས་ཏེ། དེ་ལ་རྒྱུ་བདུན་དང་། རང་བཞིན་རྩ་བ་བདུན་གྱིས་ཕྱེ་བར་བསྟན་པའི་ཕྱིར། དེ་ལ་རྒྱུ་དང་རང་བཞིན་ནི། །ཞེས་བྱ་བ་སྨྲོས་ཏེ། དེ་ལ་རྒྱུ་རྣམས་ནི་བཤད་ཟིན་ནས། རྩ་བ་གང་ལས་གང་གྱུར་པ་དང་། གནས་གང་ལས་གང་འབྱུང་བ་བསྟན་པའི་ཕྱིར། ང་རོ་དྲང་པོ་ལས་གྱུར་པ། །ཀ་སོགས་སྡེ་ནས་རིམ་བཞིན་དུ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྨྲོས་སོ། །དེ་ལ་ང་རོ་དྲང་པོ་རྩ་བ་ཨ་ལས་གྱུར་པ་འདི་རྣམས་ཞེས་བྱའོ། །ཀ་སོགས་སྡེ་ནས་རིམ་བཞིན་དུ། །སྡེ་ལྔ་དག་དང་། ཞེས་བྱ་བ་ནི་ཀའི་སྡེ་ནས་གཟུང་བ་སྡེ་པ་ལྔ་ཞེས་བྱ་བ་སྟེ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་དྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། འདི་རྣམས་ནི་སྡེ་པ་ལྔ་སྟེ། རང་རང་གི་སྡེའི་ཚོགས་ཡིན་པས་སྡེ་པ་ཞེས་བྱའོ། ཨ་འདས་སྠ་ཞེས་བྱ་བ་ནི་ཡ་ཝ་ར་ལ་བཞི་ཡིན་ཏེ། སྡེ་པའི་མཐའ་ན་གནས་པས་མཐར་གནས་ཞེས་བྱའོ། །ཨུསྨ་ཎ་ཞེས་བྱ་བ་ནི་ཤ་ཥ་ས་ཧ་བཞི་ཡིན་ཏེ། དབུགས་ལ་རྟེན་པས་དྲོ་བ་ཞེས་བྱའོ། །མཐར་ཟད་ཞེས་བྱ་བ་ནི་ཀྵ་ཡིན་ཏེ། ཀྵ་ཡཾ་ཏ་ཞེས་བྱ་བའི་ཕྱིར་རོ། །ཡི་གེ་འདི་རྣམས་ཀྱི་མིང་བསྟན་པའི་ཕྱིར། གནས་ཀྱི་ཡི་གེ་སུམ་ཅུ་བཞི། །མིང་དང་ཕོ་ཞེས་གྲགས་པ་སྟེ། །ཞེས་སྨྲོས་ཏེ། སྒྲའི་ཡི་གེ་དང་གནས་ཀྱི་ཡི་གེ་ཞེས་བྱ་བ་ལས་ནི་ཡི་གེ་འདི་རྣམས་གནས་ཀྱི་ཡི་གེ་ཞེས་བྱ་སྟེ། གནས་སོ་སོ་ལ་བརྟེན་པའི་ཕྱིར་རོ། །དབྱངས་ཀྱི་ཡི་གེ་དང་མིང་གི་ཡི་གེ་ཞེས་བྱ་བ་ལས་ནི་མིང་གི་ཡི་གེ་ཞེས་བྱ་སྟེ། ཡིག་འབྲུ་སོ་སོ་གསལ་བར་སྟོན་པའི་ཕྱིར། མོའི་ཡི་གེ་དང་ཕོའི་ཡི་གེ་ཞེས་བྱ་བ་ལས་ནི་ཕོའི་ཡི་གེ་ཞེས་བྱ་སྟེ། །གསལ་ཞིང་དྲག་པའི་ཕྱིར་རོ། །དེ་བཞིན་དུ་ནང་གི་ཡི་གེ་དང་ཕྱི་རོལ་གྱི་ཡི་གེ་ཞེས་བྱ་བ་ལས་ནི་ཕྱི་རོལ་གྱི་ཡི་གེ་ཞེས་བྱ་སྟེ། མཉན་ན་ཉེ་བར་སྣང་བའི་ཕྱིར་རོ། ། ད་ནི་གནས་ཀྱི་དབྱེ་བ་བསྟན་པར་འདོད་དེ། དེ་ལས་དང་པོར་མགྲིན་པ་ལས་འབྱུང་བ་བསྟན་པའི་ཕྱིར། དེ་ལ་དང་པོའི་སྡེ་པ་དང་། །ཨུས་མ་ན་ཡི་བཞི་པ་ནི། །བཅད་པར་བཅས་པ་མགྲིན་པ་ལས། །ཞེས་བྱ་བ་སྨྲོས་ཏེ། ཀའི་སྡེ་དང་ཧ་དང་ཚེག་དྲག་རྣམས་མགྲིན་པ་ལས་འབྱུང་བ་ཡིན་ནོ། །རྐན་ལས་འབྱུང་བ་བསྟན་པའི་ཕྱིར།གཉིས་པ་དག་དང་ཨ་འདས་སྠའི། །དང་པོ་ཨུས་མའི་གསུམ་པ་རྣམས། །རྐན་ལས་རབ་ཏུ་འབྱུང་བ་ཡིན། ཞེས་སྨྲོས་ཏེ། ཙའི་སྡེ་དང་ཡ་དང་ཤ་རྣམས་རྐན་ལས་འབྱུང་བ་ཡིན་ནོ། །སྤྱི་བོ་ལས་འབྱུང་བ་བསྟན་པའི་ཕྱིར། གསུམ་པ་དག་དང་ཨ་འདས་སྠའི། །གསུམ་པ་ཨུས་མའི་གཉིས་པ་རྣམས། །སྤྱི་བོ་ལས་ནི་རབ་ཏུ་འབྱུང་། །ཞེས་སྨྲོས་ཏེ། ཊའི་སྡེ་དང་ར་ཥ་རྣམས་སྤྱི་བོ་ལས་འབྱུང་བ་ཡིན་ནོ། །སོ་ལས་འབྱུང་བ་སྟོན་ཏེ། བཞི་པ་དང་ནི་ཨ་འདས་སྠའི། །གསུམ་པ་ཨུས་མའི་གསུམ་པ་རྣམས། །སོའི་ཆ་ལས་ཀུན་ཏུ་འབྱུང་། །ཞེས་སྨྲོས་ཏེ། ཏའི་སྡེ་དང་ལ་དང་ས་རྣམས་སོ་ལས་འབྱུང་བ་ཡིན་ནོ། །མཆུ་ལས་འབྱུང་བ་བསྟན་པའི་ཕྱིར། ལྔ་པ་དང་ནི་ཨ་འདས་སྠའི། །བཞི་པ་མཆུ་ལས་འབྱུང་བ་ཡིན། །ཞེས་སྨྲོས་ཏེ། པའི་སྡེ་དང་ཝ་ནི་མཆུ་ལས་འབྱུང་བ་ཡིན། ཀྵ་འབྱུང་བའི་གནས་མགུལ་དང་སྤྱི་བོ་ལས་ཞེས་བྱ་བ་འདི་ཡིན་ནོ། ། ད་ནི་སྡེ་པ་ལྔ་ལས་ནང་གསེས་ཀྱི་བྱེ་བྲག་ལྔ་ལྔ་བསྟན་པའི་ཕྱིར།སྡེ་ལྔ་དག་ལས་ལྔ་ལྔ་ཡང་། །དང་པོ་རང་གནས་དྲག་པ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། སྡེ་པ་རེ་རེ་ལ་ལྔ་ལྔ་ཡོད་པ་ལས། དང་པོ་རྣམས་ནི་རང་རང་གི་གནས་ན་དྲག་པར་བརྗོད་པ་སྟེ། ཙ་ཀ་ཏ་ཊ་པ་རྣམས་སོ། །གཉིས་པ་འབྲིང་དང་སྤྱི་བོའི་ཆ། །ཞེས་བྱ་བ་ནི། ཁ་ཚ་ཐ་ཋ་ཕ་རྣམས་ནི་ཀ་འབྲིང་དུ་དྲངས་པ་དང་། སྤྱི་བོའི་སྒྲ་ཆ་ཕྲད་པ་ལས་ཁ་འབྱུང་། ལྷག་མ་རྣམས་ལའང་དེ་བཞིན་དུ་སྦྱར་རོ། །གསུམ་པ་རྣམས་ནི་ཞན་པ་སྟེ། །ཞེས་བྱ་བ་ནི་ག་ཛ་ཌ་ད་བ་རྣམས་ནི་ཞན་པར་དྲངས་པ་སྟེ། ཀ་དང་ཨ་སྦྱར་ན་གར་འགྱུར། གཞན་ཡང་དེ་བཞིན་དུ་སྦྱར་རོ། །མ་ཧ་པྲ་ན་ཞེས་བྱ་ནི། །བཞི་པ་རང་གནས་ཁོང་ནས་སོ། །ཞེས་བྱ་བ་ནི། གྷ་ཛྷ་དྷ་ཌྷ་བྷ། འདི་རྣམས་ནི་སྟོབས་ཆེ་བ་ཞེས་བྱ་བ་སྟེ།རང་རང་གི་སྒྲའི་གནས་དང་། ཁོང་པའི་སྒྲའི་ཆ་ལྡན་པ་སྟེ། ག་དང་ཧའི་སྒྲ་ལྡན་པ་ནི་སྟོབས་ཆེ་བ་ཞེས་བདེ་སྤྱོད་ཀྱི་མདོ་ལས་འབྱུང་ངོ་། །གཞན་དུའང་དེ་བཞིན་དུ་སྦྱར་བར་བྱའོ། །ཨ་ནུ་སྭ་ར་ཞེས་པ་ནི། །ལྔ་པ་རང་གནས་སྣ་ལས་འབྱུང་། །ཞེས་བྱ་བ་ནི། ང་ཉ་ཎ་ན་མ་འདི་རྣམས་ནི་ཀླད་ཀོར་གྱི་ཡི་གེ་ཡིན་ཏེ། རང་རང་གི་གནས་དང་སྣའི་སྒྲ་ཕྲད་པ་ལས་འབྱུང་སྟེ། མགུལ་བ་དང་སྣ་ལས་ང་འབྱུང་། གཞན་ཡང་དེ་བཞིན་དུ་སྦྱར་རོ། ། ད་ནི་བྱེད་པ་རྣམས་ཀྱི་གནས་བསྟན་པའི་ཕྱིར། མགུལ་བ་སྣ་དང་ཀླད་པའི་སྦུབས། །དོག་པ་ཡིན་ཏེ་ཡངས་པ་གཞན། །རྐན་དང་སོ་དང་ལྕེ་དང་མཆུ། །ཕྲད་པ་ཡིན་ཏེ་གཞན་ཞེས་བྱ། །ཞེས་བྱ་བ་སྨྲོས་ཏེ། དེ་ལ་དོག་པ་ཡིན་ཏེ་ཞེས་བྱ་བ་ནི་མགུལ་བ་ལ་སོགས་པའི་གནས་འདི་རྣམས་ལས་འབྱུང་བའི་ཡི་གེ་ནི་གནས་དོག་པའི་རྐྱེན་གྱིས་བསྐྱེད་པར་བྱ་བ་ཡིན་པས་བྱེད་པ་འདི་ལ་དོག་པ་ཞེས་བྱའོ། །ཡངས་པ་གཞན་ཞེས་བྱ་བ་ནི་ལྷག་མ་རྣམས་གནས་ཡངས་པའི་རྐྱེན་གྱིས་བསྐྱེད་པ་ཡིན་པས་བྱེད་པ་འདི་ལ་ཡངས་པ་ཞེས་བྱའོ། །ཕྲད་པ་ཞེས་བྱ་བ་ནི་རྐན་ལ་སོགས་པའི་གནས་འདི་རྣམས་ལས་འབྱུང་བའི་ཡི་གེ་ནི། གནས་གཉིས་ཕན་ཚུན་ཕྲད་པ་ལས་འབྱུང་བས་དེ་ལ་ཡང་དེ་སྐད་ཅེས་བྱའོ། །གཞན་ཞེས་བྱ་བ་ནི་ལྷག་མ་རྣམས་ཕྲད་དུ་ཉེ་བ་ལས་འབྱུང་བས་ཅུང་ཟད་ཕྲད་པ་ཞེས་བྱའོ། ། ད་ནི་ཡི་གེའི་ལྡང་ཚད་བཤད་པར་འདོད་ནས། གནས་ཆའི་ཡི་གེ་ཇི་སྙེད་ཀྱང་། །ང་རོ་གཅིག་གིས་བཅིངས་པ་ལས། །དེ་ལའང་ཡི་གེ་གཅིག་ཅེས་བརྗོད། །ཤིན་ཏུ་ཕྲ་བའི་རྣམ་པའི་ཆ། །དེ་ལ་ཡི་གེ་གཅིག་ཅེས་བྱ། །ཞེས་སྨྲོས་ཏེ། དེ་ལ་ཡི་གེ་ཞེས་བྱ་བའི་སྐབས་ཀྱིས་རྣམ་པ་གཉིས་སུ་འགྱུར་ཏེ། དབྱངས་གཅིག་གིས་བཅིངས་པའི་ཡི་གེ་དང་།མིང་གི་མཐའི་ཡི་གེའོ། །དེ་ལ་དབྱངས་གཅིག་གིས་བཅིངས་པའི་ཡི་གེ་ནི་ང་རོ་གཅིག་གིས་བཅིངས་པས་ཏེ། ཨོཾ་དང་ཧཱུྃ་དང་ཕཊ་ལ་སོགས་པ་ལྟ་བུའོ། །ཡིག་འབྲུ་རེ་རེ་ཞེས་བྱ་སྟེ། འོན་ཀྱང་ཨོཾ་གཅིག་པུ་ལ་ཡང་ཨ་དང་ཨུ་དང་ཨཾ་དང་གསུམ་ཚོགས་པ་ལས་གྲུབ་པ་ཡིན་མོད་ཀྱི། ཨོ་ཞེས་བྱ་བ་དབྱངས་ཀྱི་ཡི་གེ་གཅིག་གིས་བཅིངས་ཤིང་བསྡུས་པ་སྟེ། ཨོཾ་ལ་ཡིག་འབྲུ་གཅིག་ཅེས་བྱའོ། །ཤིན་ཏུ་ཕྲ་བའི་རྣམ་པ་ཞེས་བྱ་བ་འདི་ནི་མིང་གི་མཐའ་ཡིན་ཏེ། དཔེར་ན་གཟུགས་རྣམས་བཤིག་ན་རྡུལ་ཕྲ་རབ་ཀྱི་མཐར་ཐུག་ཏེ་དེ་ལས་ལྷག་པར་ཕྲ་བའི་གཟུགས་གཞན་མེད་དོ། །དེ་བཞིན་དུ་མིང་རྣམས་བཤིག་ན་གང་དུ་མཐར་ཐུག་པར་འགྱུར་པ། དེ་ལས་བྱེ་བྲག་ཏུ་དབྱེ་བའི་བོགས་དབྱུང་དུ་མེད་པ་ནི་ཡི་གེ་གཅིག་ཅེས་བྱ་སྟེ། གསལ་བྱེད་བཅོ་བརྒྱད་ཀྱི་ཆ་ལྟ་བུའོ། ། ད་ནི་ཡི་གེ་རྣམས་ཀྱི་འདྲེན་པའི་ཆ་ཤས་ཀྱིས་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། སྒྲ་འདི་དག་ལ་འདྲེན་པའི་ཆ། །ཨལ་པ་པྲ་ན་གཉིས་གཅིག་ཡིན། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། དེ་ལ། ཨལ་པ་པྲ་ན་གཉིས་གཅིག་ཡིན། །ཞེས་བྱ་བ་ནི། ཡི་གེ་གཉིས་ལ་ཡི་གེ་གཅིག་གི་སྒྲ་ལས་མེད་པ་ནི། སྟོབས་ཆུང་བས་སྟོབས་མེད་ཅེས་བྱ་སྟེ། ཕཊ་ཞེས་བྱ་བ་ལྟ་བུའོ། །ཊའི་སྒྲ་ཕྱེད་ཕའི་ཁོང་དུ་སོང་བས་ཡི་གེ་གཅིག་གི་སྒྲར་སོང་བ་ལྟ་བུའོ། །མ་ཧཱ་པྲ་ན་གཅིག་གཉིས་ཡིན། །ཞེས་བྱ་བ་ནི་ཡི་གེ་གཅིག་ལ་གཉིས་ཀྱི་སྒྲ་ཡོད་པ་སྟེ། སྡེ་པའི་ཡི་གེ་ལས་བཞི་པ་བཞི་པ་རྣམས་འདྲེན་པའི་སྟོབས་ཆེ་བས་སྟོབས་ཆེན་ཞེས་བྱའོ། །ཨ་ནུ་སྭ་ར་རྔུབ་པའི་སྒྲ། །ཞེས་པ་ནི་ཀླད་ཀོར་ཡི་གེ་རྣམས་ནི་སྣའི་དབུགས་རྔུབ་པ་སྟེ། དབྱངས་ཀྱི་ཡི་གེ་དང་རྗེས་སུ་མཐུན་པའི་ང་རོ་ཞེས་བྱའོ། །འབི་ས་ཉྫ་ནི་གཅད་པའོ། །ཞེས་བྱ་བ་ནི་ཚེག་དྲག་སྟེ། དྲག་ཏུ་བྱེད་ཅིང་གཅད་པས་ཏེ། རྣམ་པར་གཅོད་པ་ཞེས་བྱའོ། །ཧྲ་སྭ་ཐ་མལ་སྒྲ་ཡིན་ཏེ། །ཞེས་བྱ་བར་ཡི་གེ་གང་རུང་ཐ་མལ་དུ་བརྗོད་པ་ཡིན་པས་ཐུང་ངུ་ཞེས་བྱ་བའོ། །འདིར་རྒ་དག་ནི་གཉིས་ཀྱི་ཡུན། །ཞེས་བྱ་བ་ཡི་གེ་གཉིས་ཀྱི་ཡུན་དུ་བརྗོད་པ་ཡིན་པས་རིང་པོ་ཞེས་བྱའོ། །སོ་ནུ་ཏ་ནི་དེ་བཞིན་གསུམ། །ཞེས་བྱ་བ་གསུམ་གྱི་ཡུན་དུ་བརྗོད་པ་ཡིན་པས་ཤིན་ཏུ་རིང་བ་ཞེས་བྱའོ། །ཨུད་ཏད་ཏ་ནི་མཚུངས་གཉིས་གཅིག །ཞེས་བྱ་བ་ཡི་གེ་མཚུངས་པ་གཉིས་བཏགས་པ་ལ་སྒྲ་ཆེན་པོ་གཅིག་ཏུ་བོད་པ་སྟེ། ཀྐ་ཚཚ་ཞེས་བྱ་བ་ལྟ་བུ་ཆེན་པོ་ཞེས་བྱའོ། །ཨ་ནུད་ཏད་ཏ་ཕྱེད་ཆ་ཡིན། །ཞེས་བྱ་བ་ཡི་གེ་ཕྱེད་ཀྱི་སྒྲ་བོད་པ་སྟེ། ཕྱེད་པ་ཉིད་ལ་ཆུང་ངུ་ཞེས་བྱའོ། །སྭ་རི་ཏ་ནི་རང་སྒྲའོ། །ཞེས་བྱ་བ་ནི། བསྐྱེད་སྐྱུང་མ་བྱས་པ་སྟེ་བར་མ་ཞེས་བྱའོ། །སྣ་ལྡན་ཨ་ནུ་སྭ་རའི་ཆ། །ཞེས་བྱ་བ་སྣ་དང་ལྡན་པ་ཞེས་པ་ནི་ཀླད་ཀོར་དང་ལྡན་པའོ། །ཨ་ལྡན་ཨ་མེད་ཅེས་བྱ་བ། །ཆེ་བ་དག་དང་ཆུང་བའི་མིང་། །ཞེས་བྱ་བ་ནི་ཨ་དང་ལྡན་པ་དང་མི་ལྡན་པ་ཞེས་བྱ་བ་ཨ་ཤས་ཆེ་བ་དང་ཤས་ཆུང་བའི་བྱེ་བྲག་སྟེ། ཨ་དང་མི་ལྡན་པ་དག་ནི་མེད་དོ། ། དེ་ལྟར་དྲང་པོའི་ཆ་བསྟན་ནས། སྒྲེང་བ་ལ་སོགས་པའི་རྩ་བ་གཞན་པའི་ཆ་བསྟན་པའི་ཕྱིར། དྲང་པོ་དག་ལ་ཇི་ལྟ་བ། །ང་རོ་གཞན་ལ་དེ་བཞིན་ཏེ། །ཞེས་བྱ་བ་སྨྲོས་ཏེ། དྲང་པོ་སྟེ་ཨའི་སྒྲ་ལས་གྱུར་པའི་གནས་དང་། ཆ་ཇི་ལྟ་བ་བཞིན་དུ། སྒྲེང་བ་དང་། བཀུག་པ་དང་།བསྟོད་པ་དང་། སྨད་པ་དང་། སྒྲིམས་པ་དང་། གློད་པ་རྣམས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལ་དང་པོ༼དྲང་པོའི།ཞེས་སྡེ་དགེ་པར་མ་ལས་བྱུང་།༽་སྒྲ་དང་མཐུན་པ་དག་ནི་གོང་དུ་བསྟན་པར་ཟད་དོ། །དེ་ལས་ཅུང་ཟད་མི་འདྲ་བ་རྣམས་བཤད་པའི་ཕྱིར། དེ་ལ་ཅུང་ཟད་གནས་ཆ་ནི། །རྐན་དང་མགུལ་བའི་ཆ་དག་ལས། །སྒྲེང་དང་བཀུག་པའི་ང་རོ་འབྱུང་། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། གནས་ཅུང་ཟད་མི་འདྲ་བ་ནི་འདི་ཡིན་ཏེ། སྒྲེང་བ་དང་བཀུག་པ་ནི་མགུལ་བ་དང་རྐན་ལས་འབྱུང་སྟེ། ཨ་བཀུག་པ་ནི་ཨི་ཡིན་ནོ། །ཨ་དང་ཨི་སྦྱར་བ་ནི་སྒྲེང་བ་སྟེ་ཨེའོ། །དེ་བཞིན་མཆུ་ལ་བསྟོད་སྨད་དོ། །ཨོ་དང་ཨུ་མཆུ་ལས་འབྱུང་སྟེ། དེ་ཡང་ཨ་སྨད་པ་ཨུའོ། །ཨ་ཨུ་དང་ཨུ་སྦྱར་བ་ནི་ཨོ་ཡིན་ནོ། །སྒྲིམས་པ་སྤྱི་བོའི་ཆ་ལས་ཏེ། །ཞེས་བྱ་བ་ནི། རྀ་ནི་སྤྱི་བོ་ལས་འབྱུང་བ་སྟེ། ལྕེའི་རྩེ་མོ་ཉེ་བ་དང་རྐན་དུ་སྦྱར་ན་སྤྱི་བོ་ལས་སྒྲ་འབྱུང་བ་ཡིན་ཏེ། དཔེར་ན་གླིང་བུའི་སྒྲ་སྤྱི་བོར་བུས་པ་དག །ཞབས་ནས་གྲག་པར་སྣང་བ་ལྟ་བུའོ། །གློད་པ་དག་ནི་སོ་ཡིན་ནོ། །ཞེས་བྱ་བ་ནི་ལྀ་ནི་སོ་དང་ལྕེ་སྦྱར་བ་ལས་འབྱུང་བ་ཡིན་ནོ། །དབྱངས་འདི་དག་གིས་བཅིངས་ཤིང་བསྡུས་པའི་ཆའི་བྱེ་བྲག་ནི་དྲང་པོའི་སྐབས་སུ་བརྗོད་པ་བཞིན་དུ་ཤེས་པར་བྱའོ། །ཞེས་ཤེས་པར་བྱ་བའི་ཕྱིར། འདི་དག་གིས་ནི་བཅིངས་པ་ན། །ཆ་ནི་སྔོན་དུ་བརྗོད་པ་བཞིན། །ཞེས་བྱ་བ་སྨྲོས་སོ། ། ད་ནི་སྒྲེང་བ་དང་བཀུག་པ་ལ་སོགས་པའི་སྒྲ་དེ་རྣམས་མིང་དུ་སྨྲོས་ཀྱང་ངོ་བོ་ཉིད་གང་ལ་བྱ་བ་མ་བསྟན་པས། དེའི་ཕྱིར། མི་དེ་མུ་དོ་རྀ་ལྀ་ཡི། །སྒྲ་ཡི་ཆ་དང་ཅི་རིགས་སྦྱར། །ཞེས་བྱ་བ་སྨྲོས་སོ། །མི་ཞེས་བྱ་བ་ནི་ཨི་ཡིན་ནོ། དེ་བཞིན་དུ་དེ་ནི་ཨེའོ། །མུ་ནི་ཨུའོ། །དོ་ནི་ཨོའོ། །རྀ་ལྀ་ནི་དངོས་ཏེ་སྔོན་གྱི་མཁན་པོ་རྣམས་ཀྱིས་བརྡར་བྱས་པའོ། །སྒྲ་ཡི་ཆ་ནི་ཅི་རིགས་སྦྱར། །ཞེས་བྱ་བ་ནི། ཨི་ནི་བཀུག་པ་དང་སྦྱར་རོ། །དེ་བཞིན་ཨེ་ནི་སྒྲེང་བའོ། །ཨུ་ནི་སྨད་པའོ། །ཨོ་ནི་བསྟོད་པའོ། །རི་ནི་སྒྲིམས་པའོ། །ལི་ནི་གློད་པའོ། །དྲང་པོ་གང་ཡིན་ཞེ་ན། ཨའི་ཆ་ནི་བདུན་དུ་བཤད། །ཞེས་སྨྲོས་ཏེ། དྲང་པོ་ནི་ཨའི་ཆ་ཡིན་ཏེ། གོང་དུ་བཤད་ཟིན་ཏོ་ཞེས་པའོ། །འོ་ན་ཨི་ལ་སོགས་པ་ལ་ཡང་ཨའི་ཆ་ཞེས་མི་བྱའམ་ཞེ་ན། ལྷག་མ་རྣམ་པའི་ཆ་ཞེས་བྱ། །ཞེས་བྱ་བ་སྨྲོས་ཏེ། འདིར་ལྷག་མ་རྣམས་ལ་རྣམ་པའི་ཆ་ཞེས་བྱ་བ་ནི་ཨའི་རྣམ་པའམ་བྱེ་བྲག་ཡིན་ཏེ། དེའི་ཕྱིར་ཨ་དང་ཨའི་རྣམ་པ་ཞེས་བྱའོ། །དེ་ལ་ཆ་ཞེས་བྱ་བ་ཡང་རང་གི་ཆ་དང་སྤྱིའི་ཆ་ཞེས་བྱ་བ་གཉིས་སུ་འགྱུར་ཏེ། རང་རེ་ལ་ཡོད་པའི་ཆ་ནི་རང་གི་ཆ་ཞེས་བྱའོ། །སྤྱི་ལ་ཡོད་པའི་ཆ་ནི་སྤྱིའི་ཆ་སྟེ། དེ་ཉིད་བསྟན་པའི་ཕྱིར། དེ་དག་རེ་རེའི་ཆ་ཡིན་ཏེ། །གང་ཡང་ཕན་ཚུན་བརྟེན་པ་ནི། །ཀུན་ཏུ་ཁྱབ་ཕྱིར་སྤྱི་ཡི་ཆ། །ཞེས་བྱ་བ་སྨྲོས་སོ། །དེ་ལ་ཕན་ཚུན་བརྟེན་ཅེས་བྱ་བ་ནི་ཡི་གེ་རྣམས་ཕན་ཚུན་གཅིག་ལ་གཅིག་བརྟེན་པ་སྟེ། ཨོཾ་ལྟ་བུ་ཨོ་ལ་བརྟེན་ཅིང་ཁྱབ་པ་ལྟ་བུའོ། །དེ་ལྟར་བརྟེན་པ་དེ་དག་ཀྱང་ཡི་གེའི་བྱེ་བྲག་གམ་རབ་ཏུ་དབྱེ་བ་ཡིན་པའི་ཕྱིར། དེ་ཡང་ཡི་གེའི་བྱེ་བྲག་སྟེ། །ཞེས་བྱ་བ་སྨྲོས་སོ། ། ད་ནི་ཡི་གེའི་ངེས་ཚིག་བསྟན་པར་འདོད་ན། རྣམ་གྲངས་དུ་མ་མེད་པ་དང་། །མིང་ཚིག་གསལ་བར་བྱེད་པ་དང་། །དོན་རྣམས་བརྗོད་པར་བྱེད་པའི་ཕྱིར། །ཡི་གེ་ཞེས་ནི་བརྗོད་པར་བྱ། །རང་བཞིན་ལས་དང་དགོས་ཆེད་ཀྱི། །ངེས་ཚིག་ཡིན་ཏེ་གོ་རིམས་བཞིན། །ཞེས་བྱ་བ་སྨྲོས་ཏེ། རྣམ་གྲངས་དུ་མ་མེད་པ་ཞེས་བྱ་བ་ནི། རང་གི་ངོ་བོའི་སྒོ་ནས་ངེས་ཚིག་བརྗོད་པ་ཡིན་ཏེ། ངེས་ཚིག་རྣམས་ཀྱི་རང་བཞིན་རྣམ་གྲངས་གཞན་དུ་མི་འགྱུར་ཞིང་དུ་མ་མེད་པའི་ཕྱིར་མི་འགྱུར་བ་ཞེས་བྱའོ། །གསལ་བར་བྱེད་པ་ཞེས་བྱ་བ་ནི་ལས་ཀྱི་སྒོ་ནས་ངེས་ཚིག་བརྗོད་པ་སྟེ། མི་འགྱུར་བ་ཉིད་ཀྱིས་མིང་དང་ཚིག་གསལ་བར་བྱེད་པས་གསལ་བྱེད་ཅེས་བྱའོ། །བརྗོད་པར་བྱེད་པ་ནི་དགོས་ཆེད་ཀྱི་སྒོ་ནས་ངེས་པའི་ཚིག་བརྗོད་པ་སྟེ། གསལ་བར་བྱས་པས་ཆོས་རྣམས་ཀྱི་དོན་བརྗོད་པར་བྱེད། དྲན་པར་བྱེད། ཤེས་པར་བྱེད་པས་བརྗོད་པར་བྱེད་པ་ཞེས་བྱའོ། ། ད་ནི་ཡི་གེའི་ཚོགས་བསྟན་པའི་ཕྱིར། ཚོགས་དང་ལུས་དང་འདུས་པ་ནི། །རྣམ་གྲངས་དག་སྟེ་དེ་བཞིན་སྦྱར། །ཞེས་བྱ་བ་སྨྲོས་ཏེ། ཀཱ་ཡ་ཞེས་བྱ་བའི་སྒྲ་ནི་ཚོགས་དང་ལུས་དང་འདུས་པ་ལ་འཇུག་སྟེ། འདི་དག་ནི་རྣམ་གྲངས་སུ་གཏོགས་པའོ། །དེ་བཞིན་དུ་སྦྱར་ཞེས་བྱ་བ་ནི་ཚོགས་བྱ་བའི་དོན་འདི་མིང་དང་ཚིག་ལ་ཡང་སྦྱར་རོ། །ཞེས་བྱ་བའི་དོན་བསྟན་པའོ། །དེ་ལྟར་ན་ཡི་གེའི་ཚོགས་དེ་དག་ཀྱང་། རྒྱུ་དང་། རང་བཞིན་དང་། ལྡང་ཚད་དང་། ངེས་པའི་ཚིག་དང་། རབ་ཏུ་དབྱེ་བ་རྣམས་ཀྱིས་བཤད་པ་ལས། དབྱེ་བ་དེ་དག་ཀྱང་རྩ་བ་གང་ལས་གྱུར་པའི་རབ་ཏུ་དབྱེ་བ་དང་། རྒྱུས་རབ་ཏུ་དབྱེ་བ་དང་། གནས་ཀྱིས་རབ་ཏུ་དབྱེ་བ་དང་། མིང་གིས་རབ་ཏུ་དབྱེ་བ་དང་། །འདྲེན་པས་རབ་ཏུ་དབྱེ་བ་རྣམས་སུ་ཤེས་པར་བྱ་སྟེ། ཇི་སྐད་གོང་དུ་བཤད་པ་རྣམས་འདི་དག་ཏུ་འདུས་པར་ཤེས་པར་བྱའོ། ། ད་ནི་མིང་གི་ཚོགས་སྟོན་ཏེ། དེ་ཡང་གྲུབ་པའི་མིང་དང་། རྗེས་སུ་འཇུག་པའི་མིང་གཉིས་སུ་བསྟན་པར་འདོད་ནས། ཇི་ལྟར་རྡུལ་ལས་གོང་བུ་བཞིན། །ཡི་གེ་འདུས་པར་གྱུར་པ་ན། །མིང་ནི་རབ་ཏུ་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། དེ་ལ་འདིས་ནི་མིང་གི་ཚོགས་ཀྱི་རྒྱུ་བསྟན་ཏེ། དེ་བཞིན་དུ། རང་གི་ངོ་བོ་དང་། ལྡང་ཚད་དང་། ངེས་པའི་ཚིག་དང་། རབ་ཏུ་དབྱེ་བ་རྣམས་ཀྱིས་འདི་ཡང་བསྟན་པར་ཤེས་པར་བྱའོ། །དེ་ལ་རྒྱུ་ནི་རྡུལ་ཕྲ་རབ་འདུས་པ་ལས་གོང་བུ་འགྲུབ་ན་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་བཞིན་ཡི་གེ་འདུས་པ་ལས་མིང་འགྲུབ་སྟེ། ཡི་གེ་ཉིད་ཀྱང་མིང་མ་ཡིན། ཡི་གེ་ལས་གུད་ན་ཡང་མིང་མེད་དེ། ཡི་གེ་འདུས་པའི་གནས་སྐབས་ལ་མིང་ཞེས་བྱའོ། །མིང་འདུས་པ་ལས་ཚིག་ཀྱང་དེ་བཞིན་ནོ། ། ད་ནི་རང་གི་ངོ་བོ་ལ་སོགས་བསྟན་པར་འདོད་ནས། གང་ཞིག་རྣམ་ཆ་འདུས་པ་ལས། །དོན་གྱི་ངོ་བོ་རབ་བརྗོད་ན། །རྣམ་ཆ་མང་གཅིག་ཉུང་གྱུར་ཀྱང་། །དེ་ནི་མིང་ཞེས་རབ་ཏུ་བརྗོད། །ཞེས་སྨྲོས་ཏེ།དེ་ལྟར་ཡི་གེ་འདུས་པ་མིང་ཡིན་ན། ཡི་གེ་ཇི་ཙམ་འདུས་པས་མིང་འགྲུབ་ཞེ་ན། ཆོས་རྣམས་ཀྱི་ངོ་བོ་ཉིད་ཙམ་སྟོན་ན། ཡི་གེའི་རྣམ་པ་ནི་གྲངས་ཀྱི་ཚད་ངེས་པ་མེད་དེ། དཔེར་ན། འབའ་རི་ཀ་ས་ལྟ་བུ་ཡི་གེ་བཞིའི་རྣམ་པ་ལྟ་བུ་བྱེ་བྲག་དང་བཅས་པ་ལ་མིང་ཞེས་བྱའོ། །ཁ་ལྟ་བུའི་མིང་གཅིག་ལའང་མིང་ཞེས་བྱ་སྟེ། མདོར་ན་ཆོས་ཀྱི་ངོ་བོ་ཉིད་ཙམ་སྟོན་ནུས་ལ། ཁྱད་པར་མི་སྟོན་པའི་ཡི་གེ་འདུས་པའི་གནས་སྐབས་ལ་མིང་ཞེས་བྱའོ། །དེས་ནི་རང་གི་ངོ་བོ་དང་། ལྡང་ཚད་ནི་དངོས་སུ་བསྟན་ལ། ངེས་པའི་ཚིག་ཀྱང་ཤུགས་ཀྱིས་བསྟན་པ་ཡིན་ཏེ། ངོ་བོ་ཉིད་བརྗོད་ན་དེར་ཁྲིད་ཅིང་མཚོན་པར་བྱེད་པ་ཡིན་པས་མིང་ཞེས་བྱའོ། ། ད་ནི་དབྱེ་བ་བསྟན་པར་འདོད་ནས། དེ་ཡང་མིང་གི་ཐོག་མ་དང་། །རྗེས་སུ་སྒྲུབ་པ་རྣམ་པ་གཉིས། །ཞེས་སྨྲོས་ཏེ། དེའི་དབྱེ་བ་ནི་ཐོག་མར་གྲུབ་པའི་མིང་དང་། གྲུབ་པ་ལ་བརྟེན་པའི་རྗེས་སུ་སྒྲུབ་པའི་མིང་གཉིས་སོ། །དེ་ལ་ཐོག་མར་གྲུབ་པའི་མིང་དེ་འདོད་རྒྱལ་ལམ། དོན་ལྡན་པ་ཞིག་ཡིན་སྙམ་པ་ལ། ཐོག་མ་འདོད་རྒྱལ་མིང་ཡིན་ཏེ། །ཞེས་བྱ་བ་སྨྲོས་སོ། །ཆོས་རྣམས་ལ་དེ་མེད་བཞིན་དུ་བླ་དྭགས་སུ་བཏགས་པ་ཡིན་པས་འདོད་རྒྱལ་བ་ཡིན་ཏེ། ངེས་པའི་ཚིག་མེད་དོ། །རྗེས་སུ་སྒྲུབ་པ་ཇི་ལྟ་བུ་ཞིག་སྙམ་ན། རྗེས་སྒྲུབ་དག་ནི་དོན་ལྡན་ལ། །རྣམ་པ་གཉིས་གར་འདོད་པ་ཡིན། །ཞེས་སྨྲོས་ཏེ།རྗེས་སུ་སྒྲུབ་པ་ནི་གྲུབ་པ་ལ་བརྟེན་པ་ཡིན་པས་དོན་དང་ལྡན་པ་ཡིན་ཏེ། ཁ་གཅིག་ནི་དོན་ལ་ལོག་པར་སྦྱོར་བ་ཡོད་པས། དོན་དང་ལྡན་པ་དང་། འདོད་རྒྱལ་གཉིས་སུ་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར། དེ་ནི་ངེས་ཚིག་ཡོད་མེད་དོ། །ཞེས་སྨྲོས་ཏེ། དོན་དང་ལྡན་པ་ནི་ངེས་ཚིག་ཡོད་པ་ཡིན་ལ། འདོད་རྒྱལ་ནི་ངེས་པའི་ཚིག་མེད་དོ། ། ད་ནི་གྲུབ་པའི་མིང་དང་རྗེས་སུ་བསྒྲུབ་པའི་མིང་དེ་དག་ཉིད་གསལ་བར་བྱེད་དེ། དེའི་ཕྱིར། གང་ཞིག་གཞན་ལ་མ་བརྟེན་པར། །བླ་དྭགས་གང་བྱས་ཐོག་མའོ། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། དེ་ལ་གྲུབ་པའི་མིང་ཞེས་བྱ་བ་ནི། མིང་གང་དག་དངོས་པོ་གཞན་གྱི་མིང་ལ་མ་བརྟེན་པར་དེ་ཉིད་ལ་བཏགས་པ་སྟེ། འདི་ལྟར་ཀ་བ་ཞེས་བྱ་བའི་མིང་ནི་གཞན་ལ་མ་བརྟེན་པར་འདི་ལ་ཅིའི་ཕྱིར་ཀ་བ་ཞེས་བྱ་བ་མེད་དོ། །རྟེན་ཞེས་བྱས་ན་ནི་གཞན་བརྟེན་པར་བྱེད་པ་ལ་ལྟོས་པས་མིང་གི་ཐོག་མར་མི་འགྱུར་རོ། །རྗེས་སུ་བསྒྲུབ་པ་ནི། དེ་ལ་རྟེན་པ་རྗེས་བསྒྲུབ་པ། །འདོད་རྒྱལ་དོན་ལྡན་གཉིས་སུ་འདོད། །ཅེས་བྱ་བ་ཡིན་ཏེ། གྲུབ་པ་ལ་རྟེན་པ་ནི་རྗེས་སུ་བསྒྲུབ་པ་ཡིན་ཏེ། སྐྱེས་བུ་བརྟན་པོ་ལ་ཀ་བ་ཞེས་བྱ་བ་ལྟ་བུ། སྔར་ཀ་བ་གྲུབ་པར་བྱས་ནས། ཕྱིས་དེ་ལ་བརྟེན་པའོ། །དེ་ལ་རྗེས་སུ་བསྒྲུབ་པའི་འདོད་རྒྱལ་ནི། ཁྱི་ནག་པོ་ལ་དུང་ཞེས་བྱ་བ་ལྟ་བུའོ། །དོན་དང་ལྡན་པའི་ཁྱི་དཀར་པོ་ལ་དུང་ཞེས་བྱ་བ་ལྟ་བུའོ། །འོ་ན་གྲུབ་པའི་མིང་ཡང་འདོད་རྒྱལ་ཡིན་ལ། རྗེས་སུ་བསྒྲུབ་པ་ལོག་པར་བསྒྱུར་བའང་འདོད་རྒྱལ་ཡིན་ན། ཅིའི་ཕྱིར་མིང་གི་ཐོག་མ་ལ་གྲུབ་པ་ཞེས་བྱ་ཞེ་ན། འདོད་རྒྱལ་དག་ཏུ་མཚུངས་མོད་ཀྱི། །མ་བརྟེན་ཕྱིར་ན་གྲུབ་པ་སྟེ། །མིང་གཞན་གང་ལའང་མ་བརྟེན་པ། །གཞན་གྱིས་འགལ་བ་མེད་ཕྱིར་རོ། །ཞེས་སྨྲོས་ཏེ། མིང་གི་ཐོག་མ་ནི་མིང་གཞན་ལ་མ་བརྟེན་པས་གྲུབ་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། གཞན་ལ་མ་བརྟེན་པའི་མིང་ནི་གཞན་གང་གིས་ཀྱང་གནོད་པ་མེད་དེ། དགག་པའམ། བསྒྲུབ་པར་ནུས་པ་མ་ཡིན་ནོ། །འདི་ལྟར། ཀ་བ་ཞེས་བྱ་བ་ནི་རྒྱུ་འདིས་ཀ་བ་ཞེས་བྱའོ་བྱ་བ་ཡིན་ནོ་ཞེས་འཐད་པ་བསྒྲུབ་པ་ཡང་མི་ནུས་ལ། རྒྱུ་འདིས་ཀ་བ་ཞེས་བྱ་བར་མི་རིགས་སོ། །ཞེས་འགལ་བ་བསྒྲུབ་པར་ཡང་གང་གིས་ཀྱང་མི་ནུས་སོ། །མིང་རྣམ་པ་གཉིས་ཀྱིས་དཔེ་བསྟན་པའི་ཕྱིར། འཐད་པ་བསྒྲུབས་པའི་རིགས་པ་དག །ཆོས་ཉིད་ལ་ནི་བརྟེན་པ་བཞིན། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། དཔེར་ན་འཐད་པ་བསྒྲུབ་པའི་རིགས་པ་ཚུལ་གསུམ་པའི་རྟགས་ཀྱི་ སྦྱོར་བ་ལྟ་བུ་ནི། ཆོས་ཉིད་ཀྱི་རིགས་པའི་མཐུ་ལ་བརྟེན་པ་ཡིན་ཏེ། འདི་ལྟར་ཕྱོགས་འདི་ན་མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་རོ། །དུ་བ་ཡང་མེའི་འབྲས་བུ་ཁོ་ན་ཡིན་ཏེ། གཞན་གྱི་མ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ལྟ་བུ་འབྲས་བུའི་སྒོ་ནས་རྒྱུ་དཔོག་པར་བྱེད་པ། དུ་བ་མེའི་འབྲས་བུ་ཡིན་པ་ཅིའི་ཕྱིར། ཞེས་འདྲི་ན། ཆོས་ཉིད་ཀྱི་རིགས་པ་ལ་ཐུག་སྟེ། དེའི་རང་བཞིན་དེ་ཡིན་ནོ། །ཞེས་ཆོས་ཉིད་ལ་བརྟེན་པ་བཞིན་དུ། དོན་ལྡན་མིང་ཡང་དེ་བཞིན་དུ། །འདོད་རྒྱལ་ཐོག་མ་ཉིད་ལ་བརྟེན། །ཁྱི་འདི་ལ་དུང་ཞེས་བྱ་སྟེ། ཁ་དོག་དཀར་པོའི་ཕྱིར་རོ། །ཞེས་ངེས་པའི་ཚིག་བརྗོད་ན། དེ་ལ་དཀར་བ་ལ་ཅིའི་ཕྱིར་དུང་ཞེས་བྱ་ཞེས་དྲིས་པ་ལ། དེའི་མིང་དེ་ཡིན་ནོ། །ཞེས་བྱ་བ་མ་གཏོགས་པ་གཞན་མེད་དོ། །དེའི་ཕྱིར་གྲུབ་པའི་མིང་ལ་རྗེས་སུ་བསྒྲུབ་པའི་མིང་བརྟེན་པ་ཡིན་ནོ། །རྗེས་སུ་བསྒྲུབ་པའི་འདོད་རྒྱལ་ལ། ངེས་པའི་ཚིག་མེད་དམ་ཞེ་ན། རྗེས་སུ་བསྒྲུབ་པའི་འདོད་རྒྱལ་ནི། །ལོག་པར་བསྒྲུབ་ཕྱིར་ངེས་ཚིག་བཞག །ཞེས་སྨྲོས་ཏེ། ངེས་ཚིག་ཡོད་མོད་ཀྱི་བཤད་ན་ལོག་པར་བསྒྲུབ་པར་འགྱུར་ཏེ། དེའི་ཕྱིར་ངེས་ཚིག་མི་བཤད་པར་བཞག་གོ །གྲུབ་པའི་མིང་གི་འདོད་རྒྱལ་ནི། ངེས་པའི་ཚིག་བཤད་པའི་གཞི་མེད་དེ། དེའི་ཕྱིར། འདོད་རྒྱལ་ཐོག་མའི་མིང་གང་ཡིན། །ངེས་ཚིག་གཞི་མེད་ཆོས་ཉིད་བཞིན། །ཞེས་སྨྲོས་ཏེ། དཔེར་ན་ཆོས་ཉིད་ཀྱི་རིགས་པ་ལ་བསྒྲུབ་པའི་གཞི་གཞན་མེད་པ་བཞིན་ནོ། ། ད་ནི་གྲུབ་པ་ལ་བརྟེན་པའི་དོན་དང་ལྡན་པ་བརྗོད་པའི་ངེས་ཚིག་བསྟན་པའི་ཕྱིར། དེ་བརྟེན་དོན་ལྡན་ངེས་ཚིག་ནི། །དེ་ཡིན་ཕྱིར་དང་དེ་ཡོད་ཕྱིར། །དེ་ལ་ཕན་ཕྱིར་དེ་བྱེད་ཕྱིར། །དེ་འདྲའི་ཕྱིར་དང་དེ་བྱའི་ཕྱིར། །དེ་དེའི་ཕྱིར་དང་དེ་ཉིད་ཕྱིར། །དེ་ཡི་མིང་དང་དེ་སྐད་ཅེས། །རྟགས་ཀྱི་སྒོའམ་མེད་ཀྱང་རུང་། །སྐབས་ཀྱི་མཐུ་ཡིས་ངེས་ཚིག་བརྗོད། །ཞེས་བྱ་བ་སྨྲོས་ཏེ། དེ་ལ་ཡིན་པར་སྦྱར་བ་ནི།དེ་ཡིན་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །ཞེས་བྱ་བའོ། །དེ་བཞིན་དུ་ཡོད་པ་ནི། དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་ཕན་པར་བྱེད་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱ་བའོ་ཞེས་བྱའོ། །བྱེད་པ་ནི། འདིས་བྱེད་པས་དེ་སྐད་ཅེས་བྱའོ་ཞེས་བྱའོ། །བྱ་བ་ནི། འདི་བྱེད་པས་དེ་སྐད་ཅེས་བྱ་བའོ་ཞེས་བྱའོ། །འདྲ་ནི། འདི་དང་འདྲ་བའི་ཕྱིར་དེ་སྐད་ཅེས་བྱའོ་ཞེས་བྱ་བའོ། །དེ་དེ་ཞེས་བྱ་བ་ནི། དེ་ནི་དེའོ་ཞེས་བྱ་བ་སྟེ། མེ་ནི་མེའོ་ཞེས་བྱ་བ་ལྟ་བུའོ། །དེ་ཉིད་ཅེས་བྱ་བ་ནི། དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ་ཞེས་བྱ་བའོ། །མིང་དེ་དག་གི་རྟགས་ཀྱི་སྒོ་ནས་བརྡར་སྟོན་ནུས་པའི་ཡི་གེ་ཡོད་པ་སྟེ། འདི་ལྟར་ཞིང་དང་ལྡན་པ་ནི་ཞིང་པ་ཞེས་བྱ་བ་ལྟ་བུའོ། ། ཞེས་བྱ་བ་ནི་རྟགས་ཀྱིས་ལྡན་ཞིང་ཡོད་པར་སྟོན་པ་དང་། རྗོད་ཅེས་བྱ་བ་ནི་བརྗོད་པར་བྱེད་པ་སྟོན་ལ། བརྗོད་ཅེས་བྱ་བ་ནི་བྱ་བ་སྟོན་པ་ལྟ་བུའོ། །རྟགས་དེ་ལྟ་བུ་དག་ཡོད་ཀྱང་རུང་མེད་ཀྱང་རུང་སྟེ། སྐབས་ཀྱི་ཤུགས་ཀྱིས་ངེས་ཚིག་བཤད་པར་བྱའོ། །དེ་དག་ཀྱང་གཉིས་སུ་འདུས་སྟེ། དངོས་ཀྱི་མིང་དང་། བཏགས་པའི་མིང་ངོ་། །དེ་བསྟན་པའི་ཕྱིར། ཡིན་དང་ངོ་བོ་བསྒྲུབ་པ་དང་། །དངོས་པོའི་རྐྱེན་ནི་དངོས་ཀྱི་མིང་། །ལྷག་མ་བཏགས་པ་ཞེས་བྱའོ། །ཞེས་སྨྲོས་ཏེ། ལྔ་ལྷག་མ་ཞེས་སྦྱར་རོ། །དེ་ལ་ཡིན་པར་བསྒྲུབ་པ་དང་། ངོ་བོ་བསྒྲུབ་པ་དང་། དངོས་པོའི་རྐྱེན་གསུམ་ནི། དངོས་ཀྱི་མིང་ཡིན་ནོ། །ལྷག་མ་ཡོད་པར་སྦྱར་བ་དང་། བྱེད་པར་སྦྱར་བ་དང་། ལས་སུ་སྦྱར་བ་དང་། དེ་ལ་ཕན་པར་སྦྱར་བ་དང་། འདྲ་བར་སྦྱར་བ་དང་ལྔ་ནི་བཏགས་པའི་མིང་ཞེས་བྱའོ། །རང་གི་ངོ་བོའི་མིང་གསུམ་གྱི་ཁྱད་པར་ཅི་ཞེ་ན། རང་གི་ངོ་བོ་ངེས་ཚིག་དང་། །བཏགས་པའི་མིང་གཞན་སྤོང་བྱེད་དང་། །རང་གི་ཁྱད་པར་གཞན་སེལ་བས། །ཡིན་དང་ངོ་བོ་བསྒྲུབ་པ་དང་། །དངོས་པོའི་རྐྱེན་རྣམས་གོ་རིམས་བཞིན། །ཞེས་སྨྲོས་ཏེ། ཡིན་པར་བསྒྲུབ་པས་ནི། རང་གི་ངོ་བོ་ཙམ་བསྒྲུབ་ཅིང་། གཞན་ལ་ཟུར་མི་ཟའོ། །ངོ་བོ་བསྒྲུབ་པའི་སྒྲས་ནི། བཏགས་པའི་མིང་ལྔ་པོ་སྤོང་ཞིང་སེལ་བར་བྱེད་དེ། མེ་ནི་མེའོ་ཞེས་བརྗོད་ན། འདི་མེ་དངོས་ཡིན་གྱི་མེ་ཡོད་པ་ལ་སོགས་པ་ལྔ་ནི་མ་ཡིན་ནོ་ཞེས་པའོ། །དངོས་པོའི་རྐྱེན་ནི།རང་གི་ཁྱད་པར་ཡང་སེལ་བར་བྱེད་དེ། ཚ་བ་ཉིད་ཅེས་བརྗོད་ན་ཚ་བ་ཁོ་ན་མེ་ཡིན་གྱི། གསལ་བ་ལ་སོགས་པའི་ཡོན་ཏན་གཞན་ནི་མ་ཡིན་ནོ་ཞེས་བྱ་བའོ། །བཏགས་པའི་མིང་འཆད་པར་འདོད་ནས། རྟེན་ལ་བཏགས་པ་འཆད་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། ཡོད་པ་དང་སྦྱར་བ་ནི་རྟེན་ལ་བརྟེན་པའི་མིང་བཏགས་པ་སྟེ། སྐྱེས་བུ་འདི་ལ་རྩལ་ཡོད་པས་རྩལ་ཞེས་བྱའོ་ཞེའམ། རྩལ་ཅན་ནོ་ཞེས་པ་ལྟ་བུའོ། །དེ་ལ་ཕན་པར་སྦྱར་བ་ནི། །རྒྱུད་པའི་རྒྱུ་ལ་འབྲས་བུ་ཞེས་པ་སྟེ། རྒྱུད་པའི་རྒྱུ་ཙམ་ལ་འབྲས་བུའི་མིང་བཏགས་པ། ཆུ་ལུད་ལ་ཁ་ཟས་ཡིན་ཞེས་བཏགས་པ་ལྟ་བུའོ། །བྱེད་པར་བསྒྲུབ་པ་ནི། དངོས་ཀྱི་རྒྱུ་ལ་དེ་བཞིན་ཞེས་བྱ་བ་སྟེ། འབྲས་བུའི་མིང་བཏགས་པ་སྟེ། བྱ་བ་ལས་བྱེད་པ་ཐམས་ཅད་ཀྱང་འབྲས་བུའི་མིང་བཏགས་པའོ། །ལས་སུ་བསྒྲུབ་པ་ནི།འབྲས་བུའམ་བྱ་བར་གྱུར་པ་ལ། །དེ་ལ་རྒྱུའི་མིང་བཏགས་པའམ། །ཞེས་བྱ་བ་སྨྲོས་ཏེ། འབྲས་བུའམ་ལས་སུ་གྱུར་པ་ལ། རྒྱུ་གཞན་གྱི་སྒོ་ནས་བཏགས་པའོ། །འདྲ་བར་སྦྱར་བ་ནི། དཔེ་གཞན་གྱིས་ནི་མིང་དག་དང་། །ཞེས་བྱ་སྟེ། དཔེའི་ཚིག་ཉེ་བར་གཟུང་སྟེ། ལྷ་དང་འདྲ་བས་ལྷ་ཞེས་བྱ་བ་ལྟ་བུའོ། །དེ་དག་ཉིད་དེ་ལྟར་སྟོན་པ་ནི། དོན་འདི་དག་གི་སྒོ་ནས་ནི། །ཡོད་དང་དེ་ལ་ཕན་པ་དང་། །བྱེད་དང་ལས་སུ་བསྒྲུབ་པ་དང་། །འདྲ་བར་སྦྱར་དང་རིམ་བཞིན་ནོ། །ཞེས་བྱ་བ་འདི་ཡིན་ནོ། །ཚོགས་ཞེས་བྱ་བ་ནི་གོང་དུ་ཡི་གེའི་སྐབས་སུ་བཤད་ཟིན་ཏོ། ། ད་ནི་ཚིག་གི་ཚོགས་བཤད་པར་འདོད་ནས། ཚིག་སྡུད་པའི་སྦྱོར་བ་དང་། ཚིག་གི་ཕྲད་དང་བཅས་པ་བསྟན་པར་འདོད་ནས། གལ་ཏེ་མིང་གཉིས་འདུས་པའམ། །འོན་ཏེ་མང་པོ་འདུས་ཀྱང་རུང་། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །འདིར་ཡང་རྒྱུ་དང་། རང་གི་ངོ་བོ་དང་། ལྡང་ཚད་དང་། ངེས་པའི་ཚིག་དང་། རབ་ཏུ་དབྱེ་བ་འདི་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལ་རྒྱུ་ནི་མིང་ངོ་། །རང་གི་ངོ་བོ་ནི་དེ་འདུས་པས་དོན་གྱི་ཁྱད་པར་སྟོན་པ། ལྡང་ཚད་ནི་ཁྱད་པར་བརྗོད་པ་ཉིད་ཀྱི་ཡི་གེ་འདུས་པ་ལས་མ་འདས་པ། ངེས་པའི་ཚིག་ནི་གསལ་ཞིང་འབྲུར་ཆགས་པ། རབ་ཏུ་དབྱེ་བ་ནི་ཚིག་སྡུད་པའི་སྦྱོར་བ་དང་། ཚིག་གི་ཕྲད་དོ། །དེ་དག་ཉིད་བསྟན་པའི་ཕྱིར། གལ་ཏེ་མིང་གཉིས་འདུས་པའམ། །འོན་ཏེ་མང་པོ་འདུས་ཀྱང་རུང་། །དེ་དག་ཁྱད་པར་བརྗོད་བྱེད་ན། །ཚིག་ཅེས་རབ་ཏུ་བརྗོད་པ་སྟེ། །ཕྲད་རྣམས་དག་དང་བཅས་པ་ཡིན། །ཞེས་བྱ་བར་མདོར་སྨྲོས་ཏེ། དེ་ལ་ཚིག་ཅེས་བྱ་བ་ནི་མིང་འདུས་པ་ལ་བྱ་སྟེ། འདི་ལྟར་དོན་གྱི་ཁྱད་པར་སྟོན་ན་མིང་གཉིས་སམ་མང་པོ་སྟོན་ཀྱང་རུང་སྟེ། ཚིག་ཅེས་བྱའོ། །འདི་ལྟར་ཀ་བ་རིང་པོ་ཞེས་བརྗོད་ན་ཀ་བའི་ཁྱད་པར་བརྗོད་པར་བྱེད་དོ། །དེ་བཞིན་དུ་ཀ་བ་རིང་པོ་འདི་དཀར་པོའོ། །ཞེས་བྱ་བ་ལ་སོགས་པ་ཡང་ཚིག་ཅེས་བྱའོ། །ཚིག་རྣམས་འབྲེལ་བར་བྱེད་པ་ནི་ཚིག་གི་ཕྲད་དོ། ། ད་ནི་སྡུད་པའི་སྦྱོར་བ་བཤད་པར་འདོད་ནས། དེ་ལ་ཚིག་གི་སྦྱོར་བ་བཅུ། འབྲུ་མང་པོ་དང་ཚིག་སྡུད་དང་། །ཁྱད་པར་དག་དང་ཡན་ལག་དང་། །གཞི་དང་གཞི་གཅིག་བསྡུ་བ་དང་། །གཞི་མཐུན་པ་དང་དེའི་སྐྱེས་བུ། །ཟླས་དབྱེ་བ་དང་ཕྱོགས་ཙམ་མོ། །ཞེས་བྱ་བ་སྨྲོས་སོ། །འདི་ལྟར་འབྲུ་མང་པོ་བསྡུ་བ་དང་། ཚིག་སྡུད་པ་ཙམ་གྱིས་བསྡུ་བ་དང་། ཁྱད་པར་དུ་བསྡུ་བ་དང་། ཡན་ལག་བསྡུ་བ་དང་། གཞི་བསྡུ་བ་དང་། གཞི་གཅིག་ཏུ་བསྡུ་བ་དང་། གཞི་མཐུན་པའི་བསྡུ་བ་དང་། དེའི་སྐྱེས་བུའི་བསྡུ་བ་དང་། ཟླས་དབྱེ་བའི་བསྡུ་བ་དང་། ཕྱོགས་ཙམ་སྟོན་པའི་བསྡུ་བའོ། །ཞེས་བྱ་བར་སྦྱར་རོ། ། ད་ནི་འབྲུ་མང་པོ་པ་སྟོན་ཏེ། དེ་ཡང་དབྱེ་བ་དྲུག་ཏུ་བསྟན་པའི་ཕྱིར། །ཚིག་གཉིས་མང་པོ་རབ་དབྱེ་བའི། །རང་མིང་ལྡན་དང་མི་ལྡན་དང་། །ཕྱོགས་དང་རྣམ་གྲངས་ཕན་ཚུན་དང་། །ཚིག་མང་པོ་སྟེ་རྣམ་པ་དྲུག །ཞེས་སྨྲོས་ཏེ། དབྱེ་བ་དྲུག་པོ་འདི་ཡང་ཚིག་གཉིས་ཀྱི་འབྲུ་མང་པོ་པ་དང་། ཚིག་མང་པོའི་འབྲུ་མང་པོ་པ་གཉིས་ཀྱི་དབྱེ་བ་ཡིན་ནོ། །དེ་ཡང་ཚིག་གཉིས་ཀྱི་འབྲུ་མང་པོ་པ་ནི་བ་ཁྲ་མོ་ཅན་ལྟ་བུའོ། །ཚིག་མང་པོའི་འབྲུ་མང་པོ་པ་ནི་བ་དམར་ཁྲ་ཅན་བྱ་བ་ལྟ་བུའོ། །དེ་ལས་རང་གི་མིང་དང་ལྡན་པ་ལ་སོགས་པ་ལྔ་ནི་ཚིག་གཉིས་ཀྱི་འབྲུ་མང་པོ་པའི་དབྱེ་བ་སྟེ། དེ་ཡང་རང་གི་མིང་དང་ལྡན་པ་ནི་སྐྱེས་བུ་སྟོབས་ཅན་བྱ་བ་ལྟ་བུའོ། །རང་གི་མིང་དང་མི་ལྡན་པ་ནི་བ་ཁྲ་མོ་ཅན་བྱ་བ་ལྟ་བུའོ། །ཕྱོགས་ནི་ཤར་ལྷོ་ཞེས་པ་ལྟ་བུའི་མཚམས་སྟོན་པའོ། །རྣམ་གྲངས་ནི་གྲངས་དང་ལྡན་པ་སྟེ། བཅུ་པ། བརྒྱ་པ་ལ་སོགས་པ་ལྟ་བུའོ། །ཕན་ཚུན་ནི་ཕན་ཚུན་བརྟེན་པས་གྲུབ་པ་སྟེ། གཅོད་དཀའ་བ་དང་།དབྱུག་དཀའ་བ་ལ་སོགས་པའོ། །ཚིག་མང་པོ་ནི་ཚིག་མང་པོ་པ་དང་ལྡན་པ་སྟེ། གསུམ་པ་ལ་སོགས་པ་ཇི་སྙེད་པའོ། །དེ་དག་ལ་ཡང་གཞི་མཐུན་པའི་འབྲུ་མང་པོ་པ་དང་། གཞི་ཐ་དད་པའི་དབྱེ་བས་མུ་བཞིར་འགྱུར་ཏེ། དེའི་ཕྱིར། མཐུན་དང་ཐ་དད་དབྱེ་བ་ཡིས། །ཕྱོགས་ཀུན་དང་ནི་ཕྱོགས་གཅིག་ལ། །རབ་ཏུ་དབྱེ་བ་བཞིར་འདོད་དོ། །ཞེས་སྨྲོས་ཏེ། ཕྱོགས་ཀུན་མཐུན་པ་དང་། ཀུན་མི་མཐུན་པ་དང་། ཕྱོགས་གཅིག་མཐུན་པ་དང་། ཕྱོགས་གཅིག་མི་མཐུན་པ་གཉིས་ཏེ་བཞིའོ། །དེ་ལ་ཀུན་མཐུན་པ་ནི་ལྷ་སྦྱིན་རྣ་བ་འཕྱང་བ་ཅན་ལྟ་བུའོ། །ཀུན་མི་མཐུན་པ་ནི་མདའ་དང་གཞུ་ཅན་ལྟ་བུའོ། །ཕྱོགས་གཅིག་མཐུན་པ་ནི་རྐང་ལག་ཅན་ལྟ་བུའོ། །དེ་བཞིན་དུ་ཕྱོགས་གཅིག་མི་མཐུན་པ་ནི་བ་ཁྲ་མོ་ཅན་ལྟ་བུའོ། །ད་ནི་ངོ་བོ་དེ་དག་ལ་ཡང་བྱེད་པའི་ཚིག་དྲུག་གིས་བསྒྱུར་དུ་རུང་བར་བསྟན་པའི་ཕྱིར། བྱེད་པ་དྲུག་གིས་བསྒྱུར་བ་ནི། །ཀུན་ལ་རབ་ཏུ་ལྡན་པ་སྟེ། །ཞེས་བྱ་བ་སྨྲོས་ཏེ། དེ་ལ་བྱེད་པའི་ཚིག་གཉིས་དང་ལྡན་པའི་འབྲུ་མང་པོ་པ་ནི། གང་ལ་ཆོས་ལ་སྤྱོད་པ་ཡོད་པ་དེ་ནི་ཆོས་ལ་སྤྱོད་པ་ཅན་ཞེས་བྱའོ། །དེ་བཞིན་དུ་གཞན་ལའང་སྦྱར་བར་བྱ་སྟེ། གསུམ་པ་ནི་ཆོས་ཀྱིས་འཕེལ་བ་ཅན་དང་། བཞི་པ་ནི་ཆོས་ཀྱི་ཕྱིར་བསྒྲུབ་པ་ཅན་དང་། ལྔ་པ་ནི་ཆོས་ལས་འབྱུང་བ་ཅན་དང་། དྲུག་པ་ནི་ཆོས་ཀྱི་གཏམ་ཅན་དང་། བདུན་པ་ནི་ཆོས་ལ་གནས་པ་ཅན་ཏེ། འདི་ལྟ་བུ་ལ་སོགས་པ་ཅན་དང་། དང་པོའི་ཚིག་དང་བདུན་བདུན་དུ་ཕྱེ་ན་རྣམ་གྲངས་བརྒྱ་དྲུག་ཅུ་རྩ་བརྒྱད་དུ་འགྱུར་བ་ལས། དུས་གཅིག་ཏུ་ནི་ཆོས་གསུམ་དང་ལྡན་ཏེ། རྩ་བ་ཚིག་གཉིས་སམ་མང་པོ་གང་ཡང་རུང་བ་གཅིག །རབ་ཏུ་དབྱེ་བ་གཅིག །བྱེད་པའི་ཚིག་གཅིག་སྟེ། གསུམ་དང་ལྡན་པ་བསྟན་པའི་ཕྱིར། བརྒྱ་དང་དྲུག་ཅུ་རྩ་བཞི་ལས། །དུས་གཅིག་ཏུ་ནི་གསུམ་ལྡན་གཟུང་། །ཞེས་བྱ་བ་སྨྲོས་སོ། ། ད་ནི་ཚིག་བསྡུ་བ་འཆད་དེ། དེའི་ཕྱིར། ཚིག་བསྡུ་བ་ནི་རྣམ་པ་ལྔ། །གཉིས་དང་རྣམ་གྲངས་བྱེ་བྲག་དང་། །གཞན་དང་བྱེད་པའི་ཚིག་ཡིན་ནོ། །ཞེས་སྨྲོས་ཏེ། ཚིག་གཉིས་ཀྱིས་མདོར་བསྡུས་པ་དང་།རྣམ་གྲངས་ཀྱི་མདོར་བསྡུས་པ་དང་། བྱེ་བྲག་གི་མདོར་བསྡུས་པ་དང་།གཞན་གྱི་ཚིག་གི་མདོར་བསྡུས་པ་དང་། བྱེད་པའི་ཚིག་གི་མདོར་བསྡུས་པའོ། །འདི་དག་ནི་སྔོན་གྱི་མཁན་པོ་གཞན་གྱིས་བཤད་པ། མིང་རྣམ་པ་གཞན་གྱི་སྒོ་ནས་བཏགས་པ་སྟེ། གཉིས་ཀྱི་མདོར་བསྡུ་བ་ནི་བཟླས་དབྱེ་བ། རྣམ་གྲངས་ཀྱི་མདོར་བསྡུ་བ་ནི་བ་གཉིས་པ། བྱེ་བྲག་གི་མདོར་བསྡུ་བ་ནི་ལས་འཛིན་པ། གཞན་གྱི་ཚིག་གི་མདོར་བསྡུས་པ་ནི་འབྲུ་མང་པོ་པ། བྱེད་པའི་ཚིག་གི་མདོར་བསྡུས་པ་ནི་དེའི་སྐྱེས་བུའོ་ཞེས་གཞན་ལ་བཤད་དེ། འདི་དག་ལ་ཁྱབ་པའི་བྱེ་བྲག་ཡོད་དོ་ཞེས་ཀྱང་གཞན་ལས་བཤད་དོ། །བྱེད་པའི་ཚིག་གི་མདོར་བསྡུས་པ་འབའ་ཞིག་ལའང་དབྱེ་ན་དྲུག་སྟེ། དེའི་ཕྱིར། ལས་ལ་སོགས་པའི་དབྱེ་བ་ཡིས། །གཉིས་པ་ལ་སོགས་བདུན་པའི་མཐའ། །བྱེད་པ་དྲུག་ཏུ་འདོད་པ་སྟེ། །ཚིག་བསྡུད་ཙམ་དུ་ཤེས་པར་བྱ། །ཞེས་བྱ་བ་སྨྲོས་ཏེ། གཉིས་པ་ལས་ཀྱི་བསྡུ་བ་ནི། གྲོང་ལ་འགྲོ་བ་ནི་གྲོང་འགྲོ་ལྟ་བུའོ། །གསུམ་པའི་བསྡུ་བ་ནི་མདའ་ཡིས་བསྣུན་པ་ནི་མདའ་བསྣུན་ལྟ་བུའོ། །བཞི་པའི་བསྡུ་བ་ནི་རྒྱན་གྱི་ཆེད་ཀྱི་གསེར་ནི། རྒྱན་གསེར་ལྟ་བུའོ། ལྔ་པའི་བསྡུ་བ་ནི་ཡུལ་ལས་བྱུང་བ་ནི་ཡུལ་བྱུང་ལྟ་བུའོ། །དྲུག་པའི་བསྡུ་བ་ནི་ལྷ་སྦྱིན་གྱི་རྟ་ནི་ལྷ་སྦྱིན་རྟ་ལྟ་བུའོ། །བདུན་པའི་བསྡུ་བ་ནི་ཡུལ་ན་གནས་པ་ནི་ཡུལ་གནས་ལྟ་བུ་སྟེ། དེ་དག་ལ་བྱེད་པའི་ཚིག་གི་བསྡུ་བ་ཞེས་བྱའོ། །ཙམ་གྱི་དགག་པ་ནི་དོན་ཐམས་ཅད་དུ་ཐ་དད་པ་འགེགས་པར་བྱེད་དེ། ཚིག་བསྡུ་བ་ལྔ་པོ་འདི་ཚིག་སྡུད་པ་གཞན་དང་དོན་མཐུན་པ་ལ་ཉེས་པ་མེད་དོ། ། ད་ནི་ཁྱད་པར་དུ་བསྡུ་བ་འཆད་དེ། དེའི་ཕྱིར། སྔ་མ་ཕྱི་མའི་སྦྱོར་བ་ཡིས། །ཁྱད་པར་བསྡུ་བ་རྣམ་པ་གཉིས། །ཞེས་སྨྲོས་ཏེ། ཚིག་སྔ་མས་ཁྱད་པར་དུ་སྦྱོར་བ་ནི། སྔོན་པོ་ཉིད་ཨུཏྤལ་ནི་སྔོན་པོ་ཨུཏྤལ་ཞེས་བྱ་བ་དང་།ཚིག་ཕྱི་མས་ཁྱད་པར་དུ་སྦྱར་བ་ནི། ཨུཏྤལ་ཉིད་སྔོན་པོ་ནི་ཨུཏྤལ་སྔོན་པོ་ལྟ་བུའོ། ། ད་ནི་ཡན་ལག་བསྡུ་བ་འཆད་དེ། དེའི་ཕྱིར། འབྲེལ་བ་དག་དང་གོ་རིམས་དང་། །དོན་དང་གྲགས་པའི་ཡན་ལག་ནི། །བསྡུ་བ་བཞི་པའོ། ཞེས་སྨྲོས་ཏེ། འབྲེལ་བའི་ཡན་ལག་བསྡུ་བ་ནི། །ལུས་ལ་སོགས་པའི་དབང་པོ་ཞེས་བྱ་བ་ལྟ་བུའོ། །གོ་རིམས་ཀྱི་ཡན་ལག་བསྡུ་བ་ནི། གཟུགས་ལ་སོགས་པའི་ཕུང་པོ་ཞེས་བྱ་བ་ལྟ་བུའོ། །དོན་གྱི་ཡན་ལག་བསྡུ་བ་ནི། འཁོར་ལོ་ལ་སོགས་པ་རིན་པོ་ཆེ་ལྟ་བུའོ། །གྲགས་པའི་ཡན་ལག་བསྡུ་བ་ལའང་འཇིག་རྟེན་ལ་གྲགས་པ་དང་། བསྟན་བཅོས་ལ་གྲགས་པ་གཉིས་ལས། དེའི་ཕྱིར། གྲགས་པའང་། འཇིག་རྟེན་བསྟན་བཅོས་དག་ལ་གཉིས། །ཞེས་སྨྲོས་ཏེ། འཇིག་རྟེན་ལ་གྲགས་པ་ནི་ཀ་བ་དང་བུམ་པ་ལ་སོགས་པའི་ཐ་སྙད་ཅེས་བྱ་བ་ལྟ་བུའོ། །བསྟན་བཅོས་ལས་གྲགས་པ་ནི། ལས་ལ་སོགས་པའི་བྱེད་པའི་ཚིག་ཅེས་བྱ་བ་ལྟ་བུའོ། ། ད་ནི་གཞི་བསྡུ་བ་འཆད་དེ། དེའི་ཕྱིར། རིགས་གསལ་བྱས་དང་མ་བྱས་པའི། །གཞི་བསྡུ་བ་ནི་གཉིས་ཡིན་ནོ། །ཞེས་སྨྲོས་ཏེ། རིགས་གསལ་བའི་བསྡུ་བ་ནི་ཆོས་མཐའ་དག་ཅེས་པ་ལྟ་བུའོ། །རིགས་མ་གསལ་བའི་བསྡུ་བ་ནི། མཐའ་དག་དང་ཀུན་ལ་སོགས་པ་ལྟ་བུའོ། ། ད་ནི་གཞི་གཅིག་ཏུ་བསྡུ་བ་འཆད་དེ། དེའི་ཕྱིར། ཕྱོགས་གཅིག་ཏུ་ནི་བྱེད་པ་དང་། །སོ་སོའི་ཕྱོགས་གཅིག་བྱེད་པ་ཡིས། །གཞི་གཅིག་བསྡུ་བས་གཉིས་སུའོ། །ཕྱོགས་གཅིག་ཏུ་བྱེད་པའི་བསྡུ་བ་ནི། འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་པ་ལྟ་བུའོ། །སོ་སོ་ཕྱོགས་གཅིག་ཏུ་བྱེད་པའི་བསྡུ་བ་ནི། འདུས་བྱས་དང་འདུས་མ་བྱས་ཐམས་ཅད་བདག་མེད་དོ། །ཞེས་པ་ལྟ་བུའོ། ། ད་ནི་གཞི་མཐུན་པའི་བསྡུ་བ་འཆད་དེ། དེའི་ཕྱིར། ཁྱད་པར་ཁྱད་པར་ཅན་གཉིས་ལས། །ཁྱད་པར་རྣམ་གཉིས་གཞི་གཅིག་ཏུ། །མཐུན་པར་གོ་བར་བྱ་བ་ལ། །སྦྱོར་བའི་གཞི་མཐུན་རྣམ་པ་གཉིས། །ཞེས་སྨྲོས་ཏེ། དེ་ཡང་ཁྱད་པར་དང་ཁྱད་པར་ཅན་གཉིས་གཞི་གཅིག་ཏུ་སྦྱོར་བ་ནི། སྔོ་བ་དང་ཨུད་པ་ལ་གཉིས་ཀ་ལ་ཨུད་པ་ལའོ་ཞེས་པ་ལྟ་བུའོ། །ཁྱད་པར་གཉིས་གཞི་གཅིག་ཏུ་བསྡུ་བ་ནི། སྔོ་བ་དང་རྩུབ་པ་གཉིས་ཀྱང་ཨུད་པ་ལ་ཞེས་གཞི་གཅིག་ཏུ་བསྡུ་བའོ། །མཐུན་པར་གོ་བ་ནི་ཆོས་ཐ་དད་པ་དག་གཞི་གཅིག་པར་གོ་བར་བྱ་བའི་སྐབས་སུ་སྒྲ་སྦྱོར་བ་ནི། གཞི་མཐུན་པའི་བསྡུ་བའོ། ། ད་ནི་དེའི་སྐྱེས་བུ་འཆད་དེ། དེ་ལ་ཡང་གསུམ་སྟེ། བྱེད་པའི་ཚིག་གིས་དེའི་སྐྱེས་བུ་དང་། ལས་འཛིན་པ་དེའི་སྐྱེས་བུ་དང་། བ་གཉིས་པ་དེའི་སྐྱེས་བུའོ། །དེ་ཉིད་བསྟན་པའི་ཕྱིར། ངོ་བོའམ་ནི་ཆོས་ཀྱང་རུང་། །ཐ་དད་གོ་བར་བྱེད་པ་ཡི། །དེའི་སྐྱེས་བུ་གསུམ་ཡིན་ཏེ། །བྱེད་པའི་ཚིག་དང་ལས་འཛིན་དང་། །བ་གཉིས་པ་ཞེས་བྱ་བ་ལྟ་བུའོ། །ཞེས་སྨྲོས་ཏེ། དེའི་སྐྱེས་བུ་ཞེས་བྱ་བ་ནི་ཐ་དད་པར་གོ་བར་བྱེད་པ་སྟེ། དེ་ལ་ངོ་བོ་ཐ་དད་པར་སྦྱོར་བ་ཡང་རུང་ངོ་། །ངོ་བོ་གཅིག་གི་ཆོས་ཐ་དད་པར་སྦྱོར་བ་ཡང་རུང་སྟེ། ངོ་བོ་ཐ་དད་པར་སྦྱོར་བའི་སྐབས་སུ་དེའི་སྐྱེས་བུ་ཞེས་བྱའོ། །དེ་ལ་བྱེད་པའི་ཚིག་གི་དེའི་སྐྱེས་བུ་ཡང་དབྱེ་བ་བརྒྱད་དེ། དེ་བསྟན་པའི་ཕྱིར། དེ་ལ་བྱེད་པ་བརྒྱད་ཡིན་ཏེ། །དང་པོ་ལ་སོགས་བདུན་པའི་མཐའ། །རྣམ་དབྱེ་བསྒྱུར་བ་བདུན་པོ་དང་། །ཕྲད་དང་སྦྱོར་བ་བྲལ་བའི་ཕྱིར། །གཞན་དང་སྦྱོར་མེད་བོད་པ་ཡང་། །དགག་པ་དང་ནི་བརྒྱད་དུ་འདོད། །ཅེས་བྱ་བ་སྨྲོས་ཏེ། དེ་ལ་དང་པོའི་སྐྱེས་བུའི་བསྡུ་བ་ནི་བར་གྱི་ཚིག་མི་མངོན་པ་སྟེ། དེ་ཡང་དང་པོའི་སྒྲ་མི་མངོན་པར་བྱས་པའོ། །ལས་ལ་སོགས་པ་ནི་བྱེད་པ་དྲུག་གི་བསྡུ་བ་དང་འདྲ་བའོ། །བོད་པ་མ་གཏོགས་པ་ནི་གང་གི་ཕྱིར་བོད་པའི་སྒྲ་ལ་སྒྲ་གཞན་སྦྱར་དུ་མི་རུང་སྟེ། ཁ་དོག་ནག་པོ་བཞིན་ནོ། །དེའི་ཕྱིར་བོད་པའི་སྒྲ་ལ་ཚིག་བསྡུ་བ་མེད་དོ། །དགག་པ་དང་བརྒྱད་དུ་འགྱུར་རོ། །དགག་པ་དེ་ཉིད་འཆད་པར་འདོད་ནས། མཚན་ཉིད་དབང་གིས་དབྱེ་བ་ཡིས། །མ་ཡིན་དགག་པ་བཅུ་བཞི་དང་། །མཚན་ཉིད་དབྱེ་བ་མེད་མོད་ཀྱི། །ཡུལ་དང་དུས་ཀྱི་ཕྱེ་བ་ཡིས། །མེད་པ་དགག་པ་བཅུ་གཅིག་དག །གང་ལྡན་དགག་པར་འདོད་པའོ། །ཞེས་སྨྲོས་ཏེ། དེ་ཡང་བསྡུ་ན་གཉིས་ཏེ། མ་ཡིན་པར་དགག་པ་དང་། མེད་པར་དགག་པའོ། །དེ་ལ་མ་ཡིན་པར་དགག་པ་ནི། མཚན་ཉིད་མི་མཐུན་བཅུ་བཞིའོ། །མེད་པར་དགག་པ་མཚན་ཉིད་མི་མཐུན་པ་མེད་ཀྱི། ཡུལ་དང་དུས་ཀྱི་ཕྱེ་ན་བཅུ་གཅིག་གོ །དགག་པ་དེ་དང་ལྡན་པའི་ཚིག་ལ་དགག་པའི་སྒྲ་སྡུད་པ་ན། མེད་པ་དང་མ་ཡིན་ཞེས་བྱ་བ་ལྟ་བུ་ཕྱི་ནས་མ་ལྟ་བུ་སྦྱར་བ་ནི་དགག་པའི་བསྡུ་བ་ཞེས་བྱ་བ་ལྟ་བུའོ། །དེ་ལ་མ་ཡིན་པར་དགག་པའི་མཚན་ཉིད་མི་མཐུན་པ་བཅུ་བཞི་གང་ཞེ་ན། གཞན་དང་མི་མཐུན་གཉེན་པོ་དང་། །ཆུང་དང་ཕྲ་དང་ཉུང་བ་དང་། །ཡུན་ཐུང་ལྷག་མ་མེད་པ་དང་། །མཐའ་དག་མིན་དང་བྲལ་བ་དང་། །དམན་དང་ཞན་དང་ཞུམ་པ་དང་། །འདྲ་བ་དག་ལས་དགག་པ་ནི། །མ་ཡིན་དགག་པས་འདོད་པའོ། །ཞེས་བྱ་བ་ཡིན་ནོ། །དེ་ལ་གཞན་པ་ནི། རྒྱལ་པོ་ལ་བྲམ་ཟེ་མ་ཡིན་པ་ལྟ་བུའོ། །མི་མཐུན་པ་ནི། རིག་པའི་མི་མཐུན་པ་ལ་མ་རིག་པ་ཞེས་པ་ལྟ་བུ་ཡིན་ནོ། །གཉེན་པོ་ནི། ཆགས་པའི་གཉེན་པོ་ལ་མ་ཆགས་པ་ཞེས་བྱ་བ་ལྟ་བུའོ། །ཆུང་བ་ནི། གཟུགས་ཆུང་བ་ལ་གཟུགས་མེད་ཅེས་པ་ལྟ་བུའོ། །ཕྲ་བ་ནི། འདུ་ཤེས་ཕྲ་བ་ལ་འདུ་ཤེས་མེད་ཅེས་པ་ལྟ་བུའོ། །ཉུང་བ་ནི། རྫས་ཉུང་བ་ལ་རྫས་མེད་ཅེས་པ་ལྟ་བུའོ། །ཡུན་ཐུང་བ་ནི། ཚེ་ཐུང་བ་ལ་ཚེ་མེད་པ་ཞེས་ལྟ་བུའོ། །ལྷག་མ་མེད་པ་ནི། དེ་ཕན་ཆད་གྲངས་གཞན་མེད་པ་ལ་གྲངས་མེད་པ་ཞེས་པ་ལྟ་བུའོ། །མཐའ་དག་མིན་པ་ནི། རྒྱུ་མཐའ་དག་ནི་འབྲས་བུ་མཐའ་དག་ལ་ངེས་པ་མ་ཡིན་ནོ་ཞེས་པ་ལྟ་བུའོ། །བྲལ་བ་ནི། དྲི་མ་དང་བྲལ་བ་ལ་མྱ་ངན་ལས་འདས་པ་ལྟ་བུའོ། །དམན་པ་ནི། བུ་ངན་པ་ལ་བུ་མེད་ཞེས་པ་ལྟ་བུའོ། །ཞན་པ་ནི། འགྲོས་ཞན་པ་ལ་འགྲོས་མེད་ཅེས་པ་ལྟ་བུའོ། །ཞུམ་པ་ནི། སྟོབས་ཞུམ་པ་ལ་སྟོབས་མེད་ཅེས་པ་ལྟ་བུའོ། །འདྲ་བ་ལས་དགག་པ་ནི། རྣམ་པར་རིག་བྱེད་དང་འདྲ་བ་མ་ཡིན་པའི་གཟུགས་ལ་རིག་བྱེད་མ་ཡིན་པའི་གཟུགས་ཞེས་པ་ལྟ་བུའོ། །འདི་དག་གི་གཞན་དགག་པའི་སྒོ་ནས་རང་གི་ངོ་བོ་སྟོན་པ་མ་ཡིན་པར་དགག་པ་ཞེས་པའི་སྒོ་ནས་རང་གི་ངོ་བོ་སྟོན་པས་མ་ཡིན་པར་དགག་པ་ཞེས་བྱའོ། ། ད་ནི་མེད་པར་དགག་པ་འཆད་དེ། དེའི་ཕྱིར། རྒྱུན་འདྲ་བ་དང་རང་བཞིན་དང་། །སྐབས་དང་རྟེན་གྱི་དབྱེ་བ་ཡིས། །སྔ་དང་ཞིག་ནས་མེད་པ་ལ། །དབྱེ་བ་རྣམ་པ་བརྒྱད་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། དེ་ལ་སྔ་ན་མེད་པ་བཞི་ལ། རྒྱུན་འདྲ་བ་སྔ་ན་མེད་པ་སེམས་ཅན་སྐྱེས་པ་ལྟ་བུ་དང་། རང་བཞིན་སྔ་ན་མེད་པ་ས་བོན་ལ་མྱུ་གུ་མེད་པ་ལྟ་བུ་དང་། གནས་སྐབས་སྔ་ན་མེད་པ་གསེར་ལ་རྣ་རྒྱན་མེད་པ་ལྟ་བུ་དང་། རྟེན་ལ་སྔ་ན་མེད་པ་ས་ཕྱོགས་ན་བུམ་པ་མེད་པ་ལྟ་བུ་སྔ་ན་མེད་པ་རྣམ་པ་བཞིའོ། །དེ་བཞིན་དུ་ཞིག་ནས་མེད་པ་ཡང་བཞི་ཡིན་སྟེ། རྒྱུན་འདྲ་བ་ཞིག་ནས་མེད་པ་སེམས་ཅན་ཤི་ནས་མེད་པ་ལྟ་བུ་དང་། རང་བཞིན་ཞིག་ནས་མེད་པ་མྱུ་གུ་ལ་ས་བོན་གྱི་རང་བཞིན་ཞིག་ནས་མེད་པ་ལྟ་བུ་དང་། གནས་སྐབས་ཞིག་ནས་མེད་པ་རྣ་རྒྱན་ལ་གསེར་ཕྱེ་མེད་པ་ལྟ་བུ་དང་། རྟེན་ལ་ཞིག་ནས་མེད་པ་བུམ་པ་ཡུལ་གཞན་དུ་འཕོས་ནས་མེད་པ་ལྟ་བུ་སྟེ། ཞིག་ནས་མེད་པ་རྣམ་པ་བཞིའོ། །དེ་ལྟར་སྔ་ན་མེད་པ་དང་། ཞིག་ནས་མེད་པའི་དབྱེ་བ་རྣམ་པ་བརྒྱད་དོ། །ཕན་ཚུན་གཅིག་ལ་གཅིག་མེད་དང་། །ཤིན་ཏུ་མེད་པའི་དབྱེ་བ་ནི། །ཕན་ཚུན་དག་ལ་རང་བཞིན་དང་། །རྒྱུ་དང་རང་བཞིན་གཉིས་དབྱེ་བའི། །ཤིན་ཏུ་མེད་པ་བཅུ་གཅིག་ནི། །མེད་པར་དགག་པར་འདོད་པའོ། །ཞེས་བྱ་བ་ཡིན་ཏེ། ཕན་ཚུན་གཅིག་ལ་གཅིག་མེད་པ་ནི། རྟ་ལ་བ་ལང་གི་རང་བཞིན་མེད་པའོ། །ཤིན་ཏུ་མེད་པ་ལ་ཡང་། རྒྱུ་ཤིན་ཏུ་མེད་པ་ནི་ནམ་མཁའ་ལ་མེ་ཏོག་གི་རྒྱུ་མེད་པ་ལྟ་བུའོ། །རང་བཞིན་ཤིན་ཏུ་མེད་པ་ནི་ནམ་མཁའི་མེ་ཏོག་གི་རང་བཞིན་མེད་པ་ལྟ་བུ་སྟེ། དེ་ལྟར་བཅུ་གཅིག་གོ །དེ་དག་ཀྱང་མེད་པ་ཙམ་སྟོན་པའི་ཚེ་ན་ཡིན་ཏེ། དངོས་པོ་ཙམ་སྟོན་པའི་ཚེ་ནི་མ་ཡིན་པར་དགག་པ་ཡིན་ནོ། །དགག་པའི་ངེས་པའི་ཚིག་ནི། ཀུན་ཏུ་ལྡོག་ཕྱིར་དགག་པ་ཡིན། །ཞེས་སྨྲོས་པ་ཡིན་ཏེ། གང་དང་ལྡན་གཅིག་འབྲེལ་བའི་ཚིག་གི་དོན་འགེགས་ཤིང་ལྡོག་པར་བྱེད་པའོ། ། ད་ནི་ལས་འཛིན་པ་འཆད་དེ། དེའི་ཕྱིར། དེ་ཉིད་གཞན་དུ་མི་བརྗོད་དང་། །འདྲ་བ་གཞན་དང་བྱེ་བྲག་གི །ཚིག་སྦྱོར་བྱེད་པ་ལས་འཛིན་ནོ། །ཞེས་སྨོས་ཏེ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཚིག་གི་སྦྱོར་བ་ནི། ཨུཏྤལ་ཡང་ཡིན་ལ། སྔོན་པོ་ཡང་ཡིན་པས་ཨུཏྤལ་སྔོན་པོའོ། །འདྲ་བའི་ཚིག་སྦྱོར་བ་ནི། སྐྱེས་བུ་ཡང་ཡིན་ལ། སེང་གེ་དང་འདྲ་བ་ཡང་ཡིན་པས་སྐྱེས་བུ་སེང་གེའོ། །བྱེ་བྲག་གི་ཚིག་སྦྱོར་ནི། ཚ་བ་ཡང་ཡིན་ལ་རྩུབ་པ་ཡིན་པས་ཚ་རྩུབ་པོ་ཞེས་བྱ་བ་ལྟ་བུ་སྟེ། དེ་ལྟར་ལས་འཛིན་པ་དེ་རྣམས་ནི་གཞི་གཅིག་གི་ཆོས་སུ་སྦྱོར་བར་མཚུངས་པ་ཡིན་ཏེ། ལས་གཞིས་འཛིན་པས་ལས་གཞི་འཛིན་པའམ། གཞིའི་ལས་བྱེད་པས་ལས་འཛིན་པ་ཞེས་བྱའོ། ། ད་ནི་བ་གཉིས་པ་འཆད་དེ། དེའི་ཕྱིར། གྲངས་དང་བསྡུས་དོན་སྦྱོར་བ་ཡིས། །གཅིག་དང་ཐ་དད་སྦྱོར་བྱེད་པ། །བ་གཉིས་པར་ནི་འདོད་པའོ། །ཞེས་སྨྲོས་ཏེ། གྲངས་ཀྱི་ཚིག་དང་བསྡུས་པའི་ཚིག་སྦྱོར་བ་ལ་གཅིག་གི་ཚིག་གིས་གཅིག་ཏུ་སྟོན་པ་དང་། མང་པོའི་ཚིག་གིས་ཐ་དད་དུ་སྟོན་པ་སྟེ། རྣམ་པ་གཉིས་སོ། །དེ་ལ་ལྔ་ཞེས་བྱ་བ་ནི་གྲངས་དང་། ཕུང་པོ་ཞེས་བྱ་བའི་བསྡུས་པའི་ཚིག་སྦྱར་ནས་ཕུང་པོ་ལྔ་ཞེས་བྱ་བའི་ལྡན་པའི་ཚིག་སྟོན་པའི་རྐྱེན་དང་ལྡན་པ་ནི་བ་གཉིས་པར་འགྱུར་ཏེ། ཕུང་པོ་ཡང་ཡོད་ལ་ལྔ་ཡང་ཡོད་པ་ནི་ཕུང་པོ་ལྔ་ལྟ་བུའོ། །གཅིག་ཏུ་སྦྱོར་བ་དང་ཐ་དད་དུ་སྦྱོར་བ་ནི་སྐབས་ཀྱིས་བརྩི་བར་བྱ་སྟེ། འདི་ལྟར་དྲུག་གྲོང་ཡིན་པ་ནི་གྲོང་དྲུག་སྟེ། གཅིག་གི་ཚིག་གོ །གྲོང་རྣམས་དྲུག་ཡིན་པ་ནི་གྲོང་དྲུག་རྣམས་ཏེ། མང་པོའི་ཚིག་གོ །བ་གཉིས་པ་ཞེས་བྱ་བ་ནི། བསྡུས་པ་ཡོད་པའི་བ་དང་། གྲངས་ཡོད་པའི་བ་གཉིས་སྟེ། དེ་སྟོན་པ་ནི་བ་གཉིས་པའོ། ། ད་ནི་ཟླས་དབྱེ་བ་འཆད་དེ། དེའི་ཕྱིར། བསྡུས་པའི་ཕྱིར་དང་དབྱེ་བའི་ཕྱིར། །ཉེ་བར་ཐ་དད་སྦྱོར་བའི་ཕྱིར། །འདས་མ་ཐག་དང་གཞན་དག་དང་། །ལན་གྲངས་གཞན་ལ་སྦྱོར་བྱེད་པ། །ཟླས་དབྱེ་བ་ཞེས་འདོད་པ་ཡིན། །ཞེས་སྨྲོས་ཏེ། ཟླས་དབྱེ་བ་ནི་བསྡུ་བའི་ཕྱིར་སྦྱོར་ཡང་རུང་། དབྱེ་བའི་ཕྱིར་སྦྱོར་ཡང་རུང་སྟེ། ཉེ་བར་ནི་དེ་གཉིས་ག་ཡང་ཐ་དད་པར་གོ་བར་བྱེད་པ་ཡིན་ནོ། །དེ་ལ་བསྡུ་བའི་ཕྱིར་སྦྱོར་བ་ནི། ས་དང་ཆུ་དང་མེ་དང་རླུང་ནི་འབྱུང་བ་ཞེས་པ་ལྟ་བུའོ། །དབྱེ་བའི་ཕྱིར་སྦྱོར་བ་ནི། ཆོས་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་པ་ལྟ་བུའོ། །སྡུད་པ་དག་ལ་ཡང་འདས་མ་ཐག་པའི་བསྡུ་བ་ནི། དང་ངམ་ཡང་གི་སྒྲ་དག་འདས་མ་ཐག་པའི་སྒྲ་བསྡུད་པའོ། །གཞན་བསྡུད་པ་ནི་ཚིག་དུ་མ་སྨྲོས་པའི་དོན་དག་བསྡུས་པའོ། །ལན་གྲངས་གྲངས་གཞན་ལ་སྦྱོར་བ་ནི་ལན་གྲངས་གཞན་ལ་སྨྲོས་པའི་ཚིག་བསྡུད་པའོ། །ཟླས་དབྱེ་བ་ཞེས་བྱ་བ་ནི། ཟླ་ཡིས་དབྱེ་བའམ། ཟླ་དང་དབྱེ་བ་སྟེ། གཉིས་པར་སྟོན་པ་ཞེས་བྱ་བའི་དོན་ནོ། ། ད་ནི་ཕྱོགས་ཙམ་སྟོན་པ་འཆད་དེ། དེའི་ཕྱིར། རང་གི་རིགས་ཙམ་བསྡུད་བྱེད་ཅིང་། །ཕྱོགས་གཞན་ཀུན་ཏུ་སྤོང་བ་དང་། །རིགས་ཀྱི་ཚད་ཀྱང་མི་འཛིན་པ། །ཕྱོགས་ཙམ་སྟོན་པའི་སྦྱོར་བའོ། །ཞེས་སྨྲོས་ཏེ། འདི་ནི་ཙམ་དང་། རེ་རེ་ལྟ་བུའི་ཚིག་བསྡུད་པ་ཡིན་ཏེ། སེམས་ཙམ་བྱ་བ་ལྟ་བུ་སེམས་ཀྱི་རིགས་ཐམས་ཅད་སྟོན་པ་དང་། སེམས་མ་ཡིན་པ་གཞན་སྤོང་བར་བྱེད་ཅིང་། སེམས་རང་ཚད་འདི་ཙམ་ཞེས་འཛིན་པར་མི་བྱེད་པ་དེ་ལ་ནི་ཕྱོགས་ཙམ་སྟོན་པ་ཞེས་བྱའོ། །དེ་བཞིན་དུ་རྩྭ་རེ་རེ་དང་ཤིང་རེ་རེ་ཞེས་བྱ་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། ། དེ་ལྟར་ཚིག་བསྡུད་པའི་སྦྱོར་བ་བསྟན་ནས། ད་ནི་ཚིག་གི་ཕྲད་འཆད་དེ། དེ་ལ་ཡང་གཉིས་སྟེ། ཕྲད་དང་ཕྲད་འདུས་པའོ། །ཕྲད་བསྟན་པའི་ཕྱིར། གང་ཞིག་རང་གི་དོན་མེད་པའི། །དོན་གྱི་མིང་ལ་གསལ་བྱེད་པ། །ཚིག་གི་ཕྲད་ཅེས་བྱ་བ་སྟེ། །དེ་ལྡན་ཕྲད་དང་བཅས་པ་ཡིན། །ཚིག་གང་རང་ལ་བསྟན་པར་བྱ་བའི་དོན་མེད་ཅིང་། གཞན་ལ་ཕན་འདོགས་ཤིང་གསལ་བར་བྱེད་པ་ནི་ཚིག་གི་ཕྲད་ཅེས་བྱ་སྟེ། དཔེར་ན་ལྕགས་གཉིས་སྦྱོར་བར་བྱེད་པ་ཚྭ་ལ་ལྟ་བུའོ། །དོན་གྱི་མིང་ནི་ཚིག་གང་ལ་བསྟན་པར་བྱ་བའི་དོན་ཡོད་པའོ། །ཕྲད་དང་བཅས་པ་ནི་ཕྲད་དང་ལྡན་ཞིང་ཕྲད་ཡོད་པའོ། །དེ་ལྟར་སྤྱིར་བསྟན་ནས་རང་རང་གི་འཇུག་པ་བསྟན་པའི་ཕྱིར། དེ་ལ་ཕྲད་ཀྱི་འཇུག་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། ཚིག་གི་ཕྲད་རྣམས་ལས་གང་ཞེས་བྱ་བ་འཇུག་པ་བསྟན་པ་ནི། གང་ནི་འདྲི་བའི་ཚིག་གི་དོན། །སྤྱི་ལ་ཁྱབ་པར་སྦྱོར་བ་སྟེ། །སླར་བསྡུད་པ་ལ་ཀུན་ཏུ་སྤང་། །ཞེས་བྱ་བ་སྨྲོས་ཏེ། གང་ཞེས་བྱ་བ་ནི་འདྲི་བའི་ཚིག་ལས་ཁྱབ་པའི་སྤྱིའི་དོན་དུ་སྙེགས་པ་སྟེ། སླར་བསྡུད་པའི་ཚིག་མ་གཏོགས་པ་གཞན་ཐམས་ཅད་ལ་འཇུག་ཅིང་། འདྲི་བའི་ཚིག་ཏུ་སྦྱར་བའོ། །དེ་དང་ཆ་མཐུན་པ་ནི། ཅི་ལ་སོགས་པ་དེ་བཞིན་ཏེ། །ཁྱབ་པ་སྐབས་ཀྱིས་རྩི་བར་བྱ། །ཞེས་བྱ་བ་ཡིན་ཏེ། ཇི་སྙེད་དང་སུ་དག་ལ་སོགས་པ་གང་དང་མཐུན་ཏེ།འདྲི་ཞིང་སྤྱི་ལ་ཁྱབ་པར་འགྱུར་རོ། །ཁྱབ་པ་སྐབས་ཀྱི་རྩི་བ་ནི། གང་དག་ཅེས་བྱ་བ་དང་། སུ་དག་ཅེས་བྱ་བ་ལྟ་བུ་སྐབས་སུ་འཇུག་པའི་ཡུལ་མི་མཐུན་པར་འགྱུར་བ་ལྟ་བུའོ། ། དེ་ཞེས་བྱ་བའི་འཇུག་པ་བསྟན་པ། དེ་ཞེས་བྱ་བའི་ཚིག་གི་དོན། །ཐ་སྙད་དབང་དུ་འཇུག་པ་གསུམ། །འདས་དང་རྣམ་གྲངས་གཞན་ཅན་དང་། །ལྷག་མ་དག་དང་བཅས་པའོ། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། དེ་ཞེས་བྱ་བའི་སྒྲ་ཚིག་གི་ཐ་སྙད་ལ་འཇུག་པ་དང་། དངོས་པོ་ལ་འཇུག་པ་དང་། དུས་ལ་འཇུག་པ་གསུམ་ལས། ཐ་སྙད་ལ་འཇུག་པ་འབའ་ཞིག་ལ་ཡང་གསུམ་སྟེ།འདས་པ་ལ་འཇུག་པ་དང་། རྣམ་གྲངས་གཞན་ཡོད་པར་སྦྱོར་བ་དང་།ལྷག་མ་དང་བཅས་པར་སྟོན་པའོ། །དངོས་པོ་ལ་འཇུག་པ་ནི། བདེན་པ་དག་དང་གསང་བ་དང་། །བདག་གི་བ་དང་ཕ་རོལ་པོ། །དངོས་པོ་དག་ལ་འཇུག་པ་བཞིན། ཞེས་སྨྲོས་པ་ཡིན་ཏེ། བདེན་པ་ལ་འཇུག་པ་དང་། གསང་བ་ལ་འཇུག་པ་དང་།བདག་གི་བ་ལ་འཇུག་པ་དང་། ཕ་རོལ་པོ་ལ་འཇུག་པའོ། །དུས་ལ་འཇུག་པ་ནི། འདས་པ་དང་ནི་མ་འོངས་པའི། །དུས་ཉིད་ལ་ནི་འཇུག་པ་གཉིས། །ཞེས་སྨྲོས་པ་ཡིན། འདས་པ་ལ་འཇུག་པ་དང་། མ་འོངས་པ་ལ་འཇུག་པ་གཉིས་སོ། །མི་འཇུག་པ་ནི་གཉིས་ཏེ། བདག་ཉིད་ད་ལྟར་ཉིད་ལ་སྤང་། །ཞེས་བྱ་བ་སྟེ། དངོས་པོའི་སྐབས་སུ་བདག་ཉིད་ལ་མི་འཇུག །དུས་ཀྱི་སྐབས་སུ་ད་ལྟར་ལ་མི་འཇུག་གོ །ད་ལྟར་གྱི་དངོས་པོ་ལ་མི་འཇུག་གམ་ཞེ་ན། དངོས་པོའི་དུས་ནི་མི་འདོར་ཏེ། །ཀུན་ལ་རབ་ཏུ་སྦྱར་བར་བྱ། །ཞེས་སྨྲོས་ཏེ། དངོས་པོ་ལ་འཇུག་པ་བཞི་ནི་དུས་གསུམ་ཆར་མི་འདོར་ཏེ། དུས་ཀུན་ལ་འཇུག་པར་སྦྱར་བར་བྱའོ། ། འདི་ཞེས་བྱ་བའི་འཇུག་པ་བསྟན་པ། འདི་ཚིག་འདས་དང་མ་འོངས་དང་། །སྐབས་ཀྱི་དངོས་གཞན་དག་ལ་འཇུག །གང་ཞིག་ལས་ནི་ལྟོས་བྱས་པའི། །ཉེ་བ་དག་དང་མངོན་སུམ་པའི། །དངོས་པོ་དག་དང་གཉིས་ཡིན་ནོ། །ཞེས་བྱ་བ་སྨྲོས་ཏེ། འདི་ཞེས་བྱ་བའི་སྒྲ་ནི་འདས་པ་ལ་འཇུག་པ་དང་། མ་འོངས་པ་ལ་འཇུག་པ་དང་། དངོས་པོ་གཞན་ལ་འཇུག་པ་དང་གསུམ་མོ། །དེ་ཡང་གཉིས་ཏེ། དངོས་པོ་ཉེ་བ་ལ་འཇུག་པ་དང་། མངོན་སུམ་ལ་འཇུག་པའོ། །འདི་གཉིས་ཀྱང་ལྟོས་པ་ཡིན་ཏེ། གང་ཞིག་ལ་ལྟོས་ན་འདི་ཉེ་བའོ། །ཞེས་བྱ་བ་དང་། གང་ཞིག་ལ་ལྟོས་ན་འདི་མངོན་དུའོ། །ཞེས་སྟོན་པའོ། །འདི་ཞེས་བྱ་བའི་སྒྲ་མི་འཇུག་པ་ནི། སྤང་བར་བྱ་བ་འདི་ལྟ་སྟེ། །ལྐོག་ཏུ་གྱུར་དང་རིང་བ་དང་། །གལ་ཏེ་བསྟན་བྱ་དུས་ཉིད་ན། །འདས་དང་མ་འོངས་སྤང་བར་བྱ། །ཞེས་བྱ་བ་ཡིན་ཏེ། དོན་ལྐོག་ཏུ་གྱུར་པ་ལ་མི་འཇུག་པ་དང་། དངོས་པོ་རྒྱང་རིང་བ་ལ་མི་འཇུག་པའོ། །གལ་ཏེ་འདི་ཞེས་བྱ་བའི་སྒྲ་དུས་ལ་འཇུག་པ་ན། འདས་པ་དང་མ་འོངས་པ་ལ་མི་འཇུག་གོ །དེ་རྣམས་ཀུན་ལ་བསྒྱུར་བ་ལྡན། །ཞེས་བྱ་བ་ནི། གང་དང་དེ་དང་འདི་རྣམས་བསྒྱུར་བ་བདུན་དང་ལྡན་ཏེ། འདི་ལྟར་གང་། གང་ལ། གང་གིས། གང་གི་ཕྱིར། གང་ལས་གང་གི །གང་ལ། དེ་བཞིན་གཞན་ལ་ཡང་སྦྱར་རོ། ། ད་ནི་སྐབས་སུ་བབ་པའི་ཚིག །ད་ལྟར་བྱུང་ལ་སྦྱོར་བ་སྟེ། །འདས་པའི་སྐབས་ལ་རྣམ་པར་སྤང་། །ཞེས་བྱ་བ་ནི། ད་ནི་ཞེས་བྱ་བའི་སྒྲ་ནི། དོན་བཤད་པའི་སྐབས་སུ་བབ་པའི་ཚིག་ཡིན་ཏེ། ད་ལྟར་བཤད་པའི་དུས་ལ་སྦྱོར་གྱི། འདས་པའི་དུས་ལ་ནི་མི་འཇུག་གོ ། ན་ཞེས་བྱ་བའི་འཇུག་པ་བསྟན་པ། ན་ཞེས་བྱ་བའི་ཚིག་གི་དོན། །དམིགས་ཀྱིས་འབྱེད་དང་རྒྱུ་མཚན་དང་། །རྒྱུ་མཚན་དོན་གྱིས་སྟོན་པ་དང་། །ལས་དང་ཆེད་དང་རྟེན་གནས་དང་། །ཕྱི་ཚིག་དེ་གཞན་སོགས་སྟོན་དང་། །འོས་པ་དཀའ་བ་ཆག་འཛིན་ལས། །ཕྱི་ཚིག་ངེས་པར་བྱེད་པ་དང་། །དེ་ལས་ཟློག་པ་ཉིད་དང་ནི། །འགལ་བའང་མི་འགལ་སྟོན་པ་ནི། །སྨོན་དང་འདྲི་དང་ཐེ་ཚོམ་གཞི། །ཚེ་སྐབས་རྣམས་ལ་འདི་མཐོང་ངོ་། །ཞེས་བྱ་བ་ཡིན་ཏེ། ན་ཞེས་བྱ་བའི་ཚིག་གི་དོན་ནི། འདི་སྙེད་གཅིག་ལ་འཇུག་པ་ལས། དམིགས་འབྱེད་པར་བྱེད་པའི་ན་ལ་ཡང་། གཉིས་ཏེ། གཞུང་འཛུགས་པ་དང་། གལ་འཛུགས་པའོ། །དེ་ལ་དམིགས་ཀྱིས་འབྱེད་པ་གཞུང་འཛུགས་པ་ནི་དངོས་སུ་ན་ཞེའམ། མདོར་ན་ཞེས་པ་ལྟ་བུའོ། །གལ་འཛུགས་པ་ནི་ཡིན་གྲང་ན། འགྱུར་གྲང་ན་ཞེས་པ་ལྟ་བུའོ། །རྒྱུ་མཚན་ནི་མཚན་མའི་ཚིག་དང་། རྒྱུའི་ཚིག་སྟེ། དེ་ལ་རྒྱུ་མཚན་མཚན་མའི་ཚིག་ནི། ཅི་ཞིག་ཡོད་ན་འདི་བྱེད་ཞེས་པ་ལྟ་བུའོ། །རྒྱུ་མཚན་རྒྱུའི་ཚིག་ནི། འདི་ཡོད་ན་འདི་འབྱུང་ཞེས་པ་ལྟ་བུའོ། །རྒྱུ་མཚན་དོན་གྱིས་བསྟན་པ་ནི། འདི་ལྟར་ཤིང་ཉིད་མེད་ན་ཤིང་ཤ་པ་གང་ཞིག་ཡོད་ཅེས་པ་ལྟ་བུ། ཡོད་པའི་ཚིག་གིས་འགེགས་པར་བྱེད་པའམ། འདྲི་བར་བྱེད་པའི་ཚིག་གིས་ལན་འདོན་པར་བྱེད་པའོ། །ལས་ནི། ཤིང་གི་རྩེ་མོ་ན་གཅོད་ཅེས་པ་ལྟ་བུའོ། །ཆེད་ནི། ཤིང་གི་ཕྱིར་ན་ཆུ་འདྲེན་ཅེས་པ་ལྟ་བུའོ། །རྟེན་གནས་ནི། ཤིང་གི་རྩེ་མོ་ན་གནས་སོ་ཞེས་པ་ལྟ་བུའོ། །ཚིག་ཕྱི་མ་དེ་ལས་གཞན་པ་ལ་སོགས་པར་སྟོན་པ་ནི། སོགས་ཀྱིས་བསྡུ་བ་ནི་ཚིག་ཕྱི་མ་དེ་དང་འགལ་བ་དང་། དེ་མེད་པར་སྟོན་པ་བསྡུས་ཏེ། འདི་ལྟར་དུ་བ་གང་ན་ཡོད་པ་དེ་ན་མེ་ཡོད་པ་ཡིན་ན། འདི་ན་ནི་དུ་བ་མེད་དེ་ཞེས་པ་ལྟ་བུའོ། །ཚིག་ཕྱི་མ་སྔ་མ་ལས་གཞན་པ་སྟོན་པ་དང་། འགལ་བར་སྟོན་པ་དང་། མེད་པ་སྟོན་པ་ལྟ་བུ་ཡིན་ནོ། །མི་འོས་པའི་ཚིག་གིས་ཕྱི་མ་ངེས་པར་བྱེད་པ་ནི། ལྷ་ཡང་ཕྱག་འཚལ་ན་མི་རྣམས་ལྟ་སྨྲོས་ཅི་དགོས་ཞེས་པ་ལྟ་བུའོ། །རྒྱུ་ཡང་མ་སྐྱེས་ན་རྒྱུ་ཅན་ག་ལ་སྐྱེ་ཞེས་པ་ལྟ་བུའོ། །དེ་ལས་ཟློག་པ་ནི། སྔ་མའི་ཚིག་གིས་ཕྱི་མ་ངེས་པར་བྱེད་པ་ཡིན་ཏེ། མི་ཕྱག་འཚལ་ན་ལྷ་ཡང་ཕྱག་འཚལ་ལམ་བྱ་བ་ལྟ་བུའོ། །འགལ་བ་ཡང་མི་འགལ་བར་སྟོན་པ་འདི་ནི་མི་མཐུན་པའི་རྒྱན་སྟོན་པ་ཡིན་ཏེ། འདི་ལྟར་དོན་དམ་པར་ནི་དབྱེར་མེད་ན། ཀུན་རྫོབ་ཏུ་དབྱེ་བ་ཡོད་ཅེས་པ་ལྟ་བུའོ། །སྨོན་པའི་གཞི་ནི་བྱང་ཆུབ་ཀྱི་སྙིང་པོ་ཅན་གྱི་ཕྱིར་བདག་རྫོགས་པའི་བྱང་ཆུབ་རྫོགས་པར་བྱ་ན་ཞེས་སྨོན་པའི་ནི་གོ་ཅའི་རྒྱུ་ཞེས་པ་ལྟ་བུའོ། །༼སྡེ་དགེ་པར་ལས། སྨོན་པའི་གཞི་ནི་བྱང་ཆུབ་ཀྱི་སྙིང་པོ་ཐོབ་པར་བྱ་ན་ཞེས་སྨོན་པ་ནི་གོ་ཆའི་རྒྱུ་ཞེས་པ་ལྟ་བུའོ།།༽འདྲི་བའི་གཞི་ནི་གཟུགས་གཟུགས་སུ་རུང་བ་ཡིན་ན་འདི་ཅིས་གཟུགས་སུ་རུང་ཞེས་པ་ལྟ་བུའོ། །ཐེ་ཚོམ་གྱི་གཞི་ནི་ས་བོན་ཡོད་ན་མྱུ་གུ་འབྱུང་བར་འགྱུར་བའམ། འོན་ཏེ་མ་ངེས་ཞེས་པ་ལྟ་བུའོ། །ཚེ་སྐབས་ནི་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེའམ། ༼སྡེ་དགེ་པར་མ་ལས། གང་གི་ཚེ་ན་ཞེས་པའམ། ༽དེའི་ཚེ་ན་ཞེས་པ་ལྟ་བུའམ། དུས་ལ་སྦྱོར་བའི་བདུན་པ་ལྟ་བུའོ། ། ད་ནི་ཏེའི་དོན་འཆད་དེ། དེ་ཡང་རྣམ་པ་གསུམ་དུ་བསྟན་པའི་ཕྱིར། སྟེ་ནི་ལྷག་མ་ཡོད་པ་སྟེ། །འཚམས་སྦྱོར་བ་དང་དམ་འཆའ་དང་། །གཞན་འདྲེན་པ་དང་གསུམ་དུ་འདོད། །ཞེས་བྱ་བ་སྨྲོས་སོ། །དེ་ལ་འཚམས་སྦྱོར་བ་བསྟན་པའི་ཕྱིར། བྱེད་དང་བྱ་བའམ་ཡང་ན་ནི། །བྱ་བ་ཉིད་དུ་སྦྱོར་བ་གང་། །ཚིག་གཉིས་རིམ་མམ་དུས་གཅིག་ཏུ། །སྦྱོར་བར་བྱེད་པ་འཚམས་སྦྱོར་ཡིན། །ཞེས་བྱ་བ་སྨྲོས་ཏེ། འཚམས་སྦྱོར་བ་ཡང་ཚིག་སྔ་མ་བྱེད་པར་སྦྱོར་ལ། ཚིག་ཕྱི་མ་བྱ་བར་སྦྱོར་བའམ། དུས་མི་མཐུན་ཏེ། རིམ་དུ་འཇུག་པ་ཡོད་དེ། མདའ་འཕངས་ཏེ་ཕོག་ཅེས་པ་ལྟ་བུའོ། །ཁ་ཅིག་ནི་གཉིས་ཀ་བྱ་བར་སྦྱོར་ལ་དུས་རིམ་གྱིས་འཇུག་པ་ཡོད་དེ། ལྷ་མཆོད་དེ་ལས་བྱ་ཞེས་པ་ལྟ་བུའོ། །ཁ་ཅིག་ནི་གཉིས་ཀ་བྱ་བར་སྦྱོར་ལ། དུས་གཅིག་ཏུ་སྦྱོར་བ་ཡོད་དེ། འཛུམ་མུལ་ལེ་མདངས་དབྱུང་ཞེས་པ་ལྟ་བུའོ། །འདི་དག་ནི་ནས་ཞེས་བྱ་བ་དང་། ཅིང་ཞེས་བྱ་བ་ལ་སོགས་པ་དང་ཡང་མཐུན་པར་སྦྱར་རོ། །དམ་བཅའ་བ་ནི། གང་ཞིག་གིས་ནི་སྔ་མ་ལ། །གསལ་བར་བྱེད་པ་དམ་བཅའ་བ། །ཞེས་བྱ་བ་ཡིན་ཏེ། རྣམ་གྲངས་དམ་བཅའ་བ་དང་།དེ་བཞིན་དུ་གཏན་ཚིགས་དང་། ངེས་པའི་ཚིག་དང་། བསྟན་པ་བཤད་པ་ལ་སོགས་པ་ཡིན་ཏེ། ཚིག་ཕྱི་མས་སྔ་མ་ལ་ཕན་འདོགས་ཤིང་གསལ་བར་བྱེད་པ་རྣམས་སོ། །གཞན་འདྲེན་པ་ནི། ལྷག་མ་ཡོད་ཙམ་སྟོན་འགྱུར་ཞིང་། །དེ་ལས་གཞན་གྱུར་གཞན་འདྲེན་པའོ། །ཞེས་བྱ་བ་ཡིན་ཏེ། ད་དུང་བསྟན་པར་བྱ་བ་གཞན་ཞིག་ཀྱང་ཡོད་པ་ཙམ་དུ་སྟོན་ཅིང་། གོང་མ་གཉིས་ཀ་ལས་གཞན་དུ་སྟོན་པ་ནི་གཞན་འདྲེན་པ་ཡིན་ཏེ། འདི་ལྟར། ཤར་གྱི་ཕྱོགས་ན་དབང་པོ་སྟེ། ལྷོའི་ཕྱོགས་ན་འཆི་བདག་གོ །ཞེས་པ་ལྟ་བུའོ། །འདི་རྣམས་ནི་ཚིག་ལྷག་མ་ཡོད་པར་སྟོན་པ་ཡིན་ཏེ། འདི་ཉིད་ཚིག་ལྷག་མ་ཡིན་ནོ། ། དང་གི་སྒྲ་འཇུག་པ་བསྟན་པ་ནི། དང་ནི་འབྱེད་དང་བསྡུད་པ་དང་། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔ། །དེ་ཉིད་དང་ནི་གཞན་དག་དང་། །ལན་གྲངས་གཞན་ལ་སྦྱོར་བ་ཡི། །བསྡུད་པའི་སྒྲ་དང་གསུམ་དུ་འདོད། །ཞེས་བྱ་བ་ཡིན་ཏེ། དེ་ལ་འབྱེད་པའི་དང་ནི། ཆོས་འཁོར་བ་དང་མྱ་ངན་ལས་འདས་པ་ལྟ་བུའོ། །སྡུད་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཞེས་པ་ལྟ་བུའོ། །རྒྱུ་མཚན་ནི། མཉན་པ་བྱས་དང་ལྷག་མཐོང་འཕེལ། ཅེས་པ་ལྟ་བུའོ། །ཚེ་སྐབས་ནི། དགེ་སློང་དེ་དག་བཅོམ་ལྡན་འདས་ལ་ཕྱིར་ཉན་པ་དང་། ཞེས་པ་ལྟ་བུའོ། །གདམས་ངག་ནི། དགེ་སློང་དག་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ཞེས་པ་ལྟ་བུའོ། །སྡུད་པའི་དང་འབའ་ཞིག་ལ་དབྱེ་བ་གསུམ་སྟེ། འདས་པའམ་མ་འོངས་པའང་རུང་སྟེ། ཉེ་བ་ཉིད་བསྟན་པ་བསྡུ་བ་དང་། དངོས་པོ་གཞན་བསྡུ་བ་དང་། ལན་གྲངས་གཞན་ལ་བསྟན་པས་བསྡུ་བའོ། ། ནི་ཞེས་བྱ་བའི་འཇུག་པ་བསྟན་པ། ནི་ནི་དགར་དང་བརྣན་པའི་ཚིག །དམིགས་སམ་ངེས་པར་འཛིན་པ་དེ། །ཕྱི་མའི་ཚིག་ལ་སྦྱར་བར་བྱ། །ཞེས་བྱ་བ་ཡིན་ཏེ། ནི་ཞེས་བྱ་བའི་སྒྲ་ནི། དགར་བ་དང་བརྣན་པའི་ཚིག་ཏུ་འགྱུར་ཏེ། དེ་ལ་དགར་བ་ལ་ཡང་ཟླ་ལས་དགར་བ་དང་། བཀོད་པ་ལས་དགར་བའོ། །དེ་ལ་ཟླ་ལས་དགར་བ་ནི། དགར་བའི་གནས་དམིགས་ཀྱིས་མ་སྨྲོས་ཀྱང་། དོན་གྱིས་ཡོད་པར་ཤེས་པར་བྱའོ། །བཀོད་པ་ལས་དགར་བ་ནི། སྔར་ངོ་བོ་བཀོད་ནས་ཕྱིས་གཏན་ཚིགས་འཇོག་པ་ལྟ་བུའོ། །བརྣན་པ་ལ་ཡང་ངོ་བོ་ཉིད་བརྣན་པ་དང་། རྣམ་གྲངས་ཀྱི་དབྱེ་བ་བརྣན་པའོ། །དེ་ལ་ངོ་བོ་ཉིད་བརྣན་པ་ནི།ཉིད་དང་ཁོ་ན་ལྟ་བུར་གྱུར་པའོ། །རྣམ་གྲངས་གཞན་བརྣན་པ་ནི། ཡང་ན་ལྟ་བུར་གྱུར་པའོ། །ཕྱི་མའི་ཚིག་དང་སྦྱར་བར་བྱ། །ཞེས་བྱ་བ་ནི། སྤྱིར་དྲི་བའི་ཚིག་ཡིན་པས་ཚིག་ཕྱི་མ་དང་སྦྱར་ཏེ། གང་གི་ཕྱིར་ཞེས་བྱ་བ་དང་། གང་ཞེ་ན་ཞེས་བྱ་བ་དང་། འདི་ལྟ་སྟེ་ཞེས་བྱ་བ་དང་། སྦྱར་བར་བྱའོ། །ཀྱང་དང་ཡང་ལ་སོགས་པའི་འཇུག་པ་བསྟན་པ་ནི། ཀྱང་དང་ཡང་ནི་བསྡུད་པའི་ཚིག །མི་མཐུན་མཐུན་པར་སྟོན་པ་ཡིན། །འདས་པའམ་མ་འོངས་གཞན་དག་ལ། །ཅི་རིགས་དག་ཏུ་བསྡུ་བར་བྱ། །ཡང་ཞེས་བྱ་བའང་བརྣན་པ་ཡིན། །ཞེས་བྱ་བ་ཡིན་ཏེ། བསྡུད་པར་སྟོན་པའི་ཚེ་ནི་འདས་པའམ་མ་འོངས་པའམ། དངོས་པོ་གཞན་ཡང་རུང་སྟེ། ཡོན་ཏན་མཚུངས་པར་བསྡུད་པའོ། །འགལ་བའི་ཆོས་མི་འགལ་བར་སྟོན་པ་ཡང་ཡིན་ཏེ། མི་མཐུན་པའི་རྒྱན་དུ་གྱུར་པའོ། །འདས་པར་བསྟན་པའམ། མ་འོངས་པར་བསྟན་པའམ། གཞན་བསྡུད་པའི་སྐབས་སུ་ཅི་རིགས་པར་བསྡུས་པ་ཞེས་བྱ་སྟེ། ཅི་རིགས་ཞེས་བྱ་བའི་སྒྲ་ནི་འདས་པའི་སྐབས་སུ་མ་སྨྲོས་ཀྱང་གཞན་བསྡུད་པར་བྱེད་པ་རྣམས་སོ། །བརྣན་པ་ཞེས་བྱ་བ་ནི། ཁ་ཅིག་ཏུ་ཡང་ཞེས་བྱ་བའི་ཚིག་བརྣན་པར་འགྱུར་ཏེ། རྣམ་གྲངས་གཞན་བརྣན་པར་སྟོན་པའོ། ། ད་ནི་ཁོ་ནའི་ཚིག་གི་དོན་བསྟན་པའི་ཕྱིར། ངེས་པར་གཟུང་བའི་ཚིག་གི་དོན། །གཞན་མི་ལྡན་དང་གཞན་ལ་མིན། །ལྡན་པ་ཙམ་དུ་འཛིན་པ་དང་། །མ་ངེས་པ་ནི་རྣམ་པ་གཉིས། །བདེན་ཞིང་མི་སླུ་བ་ཉིད་དང་། །ཁོ་ན་དག་ནི་རྣམ་པ་དྲུག །ཞེས་བྱ་བ་སྨྲོས་ཏེ། དེ་ལ་ཉིད་དང་ཁོ་ན་ལྟ་བུའི་ཚིག་གི་དོན་དྲུག་ལ་འཇུག་སྟེ། གཞན་མི་ལྡན་པར་ངེས་པར་གཟུང་བ་དང་།གཞན་ལ་མི་ལྡན་པར་ངེས་པར་གཟུང་བ་དང་། ལྡན་པ་ཙམ་དུ་ངེས་པར་གཟུང་བ་དང་། གཞན་མི་ལྡན་པར་མ་ངེས་པར་གཟུང་བ་དང་།གཞན་ལ་མི་ལྡན་པར་མ་ངེས་པ་དང་། བདེན་ཞིང་མི་སླུ་བའི་དོན་དྲུག་གོ །དེ་ལ་གཞན་མི་ལྡན་པ་ནི། དེ་བཞིན་གཤེགས་པ་ནི་ཡོངས་སུ་རྫོགས་པའི་ཡོན་ཏན་ཁོ་ན་དང་ལྡན་ནོ། །ཞེས་པ་ལྟ་བུ་སྟེ། འདི་ལ་ཆོས་གཞན་མེད་པར་སྟོན་པའོ། །གཞན་ལ་མི་ལྡན་པར་ངེས་པར་གཟུང་བ་ནི། དེ་བཞིན་གཤེགས་པ་ཁོ་ན་ལ་རྫོགས་པའི་ཡོན་ཏན་མངའོ། །ཞེས་པ་ལྟ་བུ་སྟེ། གཞན་ལ་མེད་པར་སྟོན་པའོ། །གཞན་མི་ལྡན་པར་མ་ངེས་པ་ནི། སྲིད་བསྒྲུབ་འཕོང་ཁོ་ན་སྐྱེན། ཞེས་པ་ལྟ་བུ་སྟེ། འདི་ལ་ཡོན་ཏན་གྱི་ཆོས་རྩིས་མཁན་ལ་སོགས་པ་གཞན་ཡོད་པས་མ་ངེས་པར་འགྱུར་རོ། །གཞན་ལ་མི་ལྡན་པར་མ་ངེས་པ་ནི། སྲིད་བསྒྲུབ་ཁོ་ན་རྩིས་མཁས། ཞེས་པ་ལྟ་བུ་སྟེ། འདི་ནི་སྲིད་བསྒྲུབ་པས་དོན་གྲུབ་རྩིས་མཁས་ཏེ། མ་ངེས་པར་འགྱུར་རོ། །ལྡན་པ་ཙམ་དུ་འཛིན་པ་ནི། སྲིད་བསྒྲུབ་རྩིས་མཁས་པ་ཁོ་ན། ཞེས་པ་ལྟ་བུ་སྟེ། འདི་ནི་ལྡན་པ་ཙམ་དུ་བསྒྲུབ་ཀྱི། གཞན་ལ་ཟུར་ཟ་བར་མི་བྱེད་དོ། །བདེན་ཞིང་མི་སླུ་བའི་དོན་ལ་འཇུག་པ་ནི། ཀུན་རྫོབ་དང་དོན་དམ་པའི་དེ་ཁོ་ན་ཉིད། ཅེས་པ་ལྟ་བུའོ། ། ཉིད་ཀྱི་འཇུག་པ་བསྟན་པ་ནི། ཉིད་ནི་དེ་བཞིན་ཅུང་ཟད་དུ། །ཕྱི་ཚིག་ཐ་མི་དད་པ་དང་། །སོ་སོའི་རྐྱེན་དུ་འགྱུར་བའོ། ཞེས་བྱ་བ་ཡིན་ཏེ། ཉིད་ལ་ཕལ་དུ་ཁོ་ན་དང་འདྲ། ཅུང་ཟད་མི་འདྲ་བར་ཚིག་ཕྱི་མ་རང་ལས། ཐ་མི་དད་པར་སྦྱོར་བ་ཡང་ཡོད་དེ། ཨུད་པ་ལ་ཉིད་སྔོན་པོ་ཞེས་པ་ལྟ་བུའོ། །ཁ་ཅིག་དངོས་པོའི་རྐྱེན་དུ་འགྱུར་ཏེ། སྲ་བ་ཉིད། ཅེས་པ་ལྟ་བུ་སྲ་བའི་དངོས་པོ་ནི་སྲ་བ་ཉིད་ལྟ་བུར་སྟོན་པའོ། ། ཙམ་གྱི་འཇུག་པ་སྟོན་པ་ནི། ཚད་འཛིན་ལྷག་མ་འགོག་པ་ཡིས། །ཙམ་ཞེས་བྱ་བ་རྣམ་པ་གཉིས། །ཞེས་བྱ་བ་ཡིན་ཏེ། ཚད་འཛིན་པའི་ཙམ་ནི།རྡུལ་ཕྲ་མོ་ཙམ། ཞེས་བྱ་བའམ། རི་རབ་ཙམ། ཞེས་བྱ་བ་ལྟ་བུའོ། །ལྷག་པ་འགོག་པའི་ཙམ་ནི།རྣམ་པར་རིག་པ་ཙམ་མོ། །ཞེས་པ་ལྟ་བུའོ། །དེ་དང་ཕྱོགས་མཐུན་པར་བསྟན་པའི་ཕྱིར། འབའ་ཞིག་ལ་སོགས་དེ་བཞིན་སྦྱར། །ཁྱབ་པ་སྐབས་ཀྱིས་རྩི་བར་བྱ། །ཞེས་བྱ་བ་སྨྲོས་ཏེ། འབའ་ཞིག་དང་ཤ་སྟག་ལ་སོགས་པའང་ལྷག་མ་འགོག་པར་སྦྱར་ཏེ། དེ་རྣམས་གང་ཁྱབ་ཆེ་བ་ནི་སྐབས་ཀྱི་ཤུགས་དང་སྦྱར་རོ། ། ད་ནི་དོན་ལྷག་པར་སྟོན་པ་དང་མི་སྟོན་པའི་ཕྲད་བསྟན་པའི་ཕྱིར།ཡང་དག་ཡོངས་སུ་ཀུན་ཏུ་སོགས། །སྒྲ་བཞིན་དང་ནི་ཕྲད་དུའོ། །ཞེས་བྱ་བ་སྨྲོས་ཏེ། ཡང་དག་པར་ཞེའམ། ཀུན་ཏུ་ཞེའམ། དེ་བཞིན་རབ་དང་། རྣམ་པ་དང་། ཉེ་བ་དང་། ཤིན་ཏུ་ལྟ་བུ་སྐབས་སུ་སྒྲ་ཇི་ལྟ་བ་བཞིན་དུ་སྟོན་པར་འགྱུར་རོ། །སྐབས་སུ་དོན་ལྷག་པར་སྟོན་པ་མེད་དེ། ཚིག་གི་ཕྲད་དང་རྒྱན་ཙམ་མོ། །ད་ནི་ཚུལ་གྱི་སྒྲ་ལས་ཚིག་གི་ཕྲད་དུ་འགྱུར་བ་བསྟན་པར་འདོད་ནས། ཚུལ་ནི་འདྲ་དང་སྨད་པ་དང་། །སྒོ་དང་སྡོམ་པ་མཚན་ཉིད་དང་། །ཐབས་དང་རིགས་དང་དོན་དང་འདོད། །ལེགས་པ་དག་ལ་འཇུག་པ་ལས། །འདྲ་བར་སྦྱར་བ་འཕྲད་དུ་འདོད། །ཞེས་བྱ་བ་སྨྲོས་ཏེ། ཚུལ་ཞེས་བྱ་བའི་སྒྲ་ཇི་སྐད་བཤད་པའི་དོན་བཅུ་ལ་འཇུག་པ་ལས། འདྲ་བ་ལ་འཇུག་པ་ནི།དཔེ་དང་སྦྱར་རོ། །སྨད་པ་ལ་འཇུག་པ་ནི། མི་ངན་པ་ལ་མིའི་ཚུལ་ཞེས་པ་ལྟ་བུའོ། །སྒོ་ལ་འཇུག་པ་ནི། དོན་གྱི་སྒོ་ལ་དོན་གྱི་ཚུལ་ཞེས་པ་ལྟ་བུའོ། །སྡོམ་པ་ལ་འཇུག་པའི་ཚུལ་དུ་ཞུགས་པ་ལྟ་བུའོ། །མཚན་ཉིད་ལ་འཇུག་པ་ནི། ངང་ཚུལ་ངན་པ་ལ་ཚུལ་ངན་པ་ཞེས་པ་ལྟ་བུའོ། །ཐབས་ལ་འཇུག་པ་ནི། སྔགས་ཀྱི་ཐབས་ནི་རིག་སྔགས་ཀྱི་ཚུལ། ཞེས་པ་ལྟ་བུའོ། །རིགས་ལ་འཇུག་པ་ནི། རིགས་པ་དང་ལྡན་པའི་ཚུལ་དང་ལྡན་པ་ཞེས་པ་ལྟ་བུའོ། །དོན་ལ་འཇུག་པ་ནི། དོན་བཟང་པོ་ལ་ཚུལ་བཟང་པོ་ཞེས་པ་ལྟ་བུའོ། །འདོད་པ་ལ་འཇུག་པ་ནི། གཞན་གྱི་འདོད་པའི་ཡུལ་ནི་གཞན་གྱི་ཚུལ་ཞེས་པ་ལྟ་བུའོ། །ལེགས་པ་ལ་འཇུག་པ་ནི། མ་ནོར་བར་བྱེད་པ་ལ་ཚུལ་བཞིན་བྱེད་པ་ཞེས་པ་ལྟ་བུ་སྟེ། ཚུལ་ཞེས་པ་དོན་འདི་རྣམས་ལ་འཇུག་པ་ལས། འདྲ་བར་སྦྱར་བ་ནི་ཚིག་གི་ཕྲད་དུ་སྦྱར་རོ། །བཞིན་ལ་སོགས་པའི་འཇུག་པ་བསྟན་པ། བཞིན་ལ་སོགས་པའི་ཚིག་གི་དོན། །མ་ནོར་བ་དང་ཡིན་པ་དང་། །འདྲ་བ་དག་ཏུ་སྦྱར་བའོ། །ཞེས་བྱ་བ་ཡིན་ཏེ། དེ་བཞིན་དང་དེ་ལྟ་བུ་ཞེས་བྱ་བའི་ཚིག་གི་དོན། མ་ནོར་བ་ལ་འཇུག་པ་ནི་དེ་བཞིན་ཉིད་ཅེས་པ་ལྟ་བུའོ། །ཡིན་པ་ལ་འཇུག་པ་ནི། དེ་ཡིན་པ་ལ་དེ་ལྟ་བུ་ཞེས་པ་ལྟ་བུའོ། །འདྲ་བ་ལ་འཇུག་པ་ནི་དེ་དང་འདྲ་བ་ནི་དེ་བཞིན་ནོ་ཞེས་པ་ལྟ་བུའོ། །ཅིང་ལ་སོགས་པའི་འཇུག་པ་བསྟན་པ། ཅིང་ལ་སོགས་པ་བསྡུ་བ་དང་། །མཚམས་སྦྱོར་དག་ཏུ་འདོད་པ་ཡིན། །ཞེས་སྨྲོས་ཏེ། ཅིང་ཞེས་བྱ་བ་དང་ཤིང་ཞེས་བྱ་བ་འདི། བསྡུ་བ་ལ་འཇུག་པ་ནི་ཀྱང་དང་ཡང་ལ་སོགས་པ་དང་མཐུན་པར་འཇུག་པའོ། །མཚམས་སྦྱོར་བར་བྱེད་པ་ནི། ཏེ་དང་། སྟེ་ལ་སོགས་པའི་འཇུག་པ་བསྟན་པ་སྟེ། ༼དཔེ་བསྡུར་མ་ལས། ཏེ་ལ་སོགས་པ་དང་མཐུན་པར་སྟོན་སྟེ། ༽འདོད་ཅིང་ཆགས་པ་ཞེས་བྱ་བ་ལྟ་བུའོ། ། ད་ནི་ལའི་དོན་བསྟན་པའི་ཕྱིར། །ལ་ནི་གཉིས་པ་བཞི་པ་དང་། །བདུན་པ་བསྡུད་དང་སྦྱོར་བ་དང་། །སྨོན་དང་ཚོད་འཛིན་བཞི་དང་ནི། །ཚེ་སྐབས་དག་ཏུ་འདོད་པ་ཡིན། །ཞེས་སྨྲོས་པ་ཡིན་ཏེ། ལའི་དོན་གཉིས་པར་འགྱུར་བ་ནི།ཤིང་ལ་གཅོད་ཅེས་པ་ལྟ་བུའོ། །བཞི་པར་འགྱུར་བ་ནི། ཤིང་ལ་ཆུ་འདྲེན་ཅེས་པ་ལྟ་བུའོ། །བདུན་པར་འགྱུར་བ་ནི། ཤིང་ལ་བྱ་གནས་སོ་ཞེས་པ་ལྟ་བུའོ། །བསྡུད་པར་འགྱུར་བ་ནི། ལག་པ་བསྙལ་ལ་ཟན་བཟའ་ཞེས་པ་ལྟ་བུའོ། །སྦྱོར་བ་ནི། འདི་ན་ནི་ཡོད་ལ་འདི་ན་ནི་མེད་པ་ཅེས་པ་ལྟ་བུའོ། །སྨོན་པ་ནི། བདག་ནམ་ཞིག་འདི་ལྟ་བུ་ཞིག་ཏུ་འགྱུར་ལ། གྱུར་ནས་ཀྱང་ཞེས་པ་ལྟ་བུའོ། །ཚད་འཛིན་པ་ནི། འདི་ཙམ་དུ་ཞེའམ། དེ་ཙམ་དུ་བྱ་བ་ཅི་ཙམ་ལ། དེ་ཙམ་ལ་ཞེས་བྱ་བར་འགྱུར་བ་ལྟ་བུའོ། །ཚེ་སྐབས་ནི། དུས་དེ་ལའམ་དེར་ཞེས་པ་ལྟ་བུའོ། །དྲུག་པའི་ཕྲད་བསྟན་པ་ནི། ཀྱི་ནི་འབྲེལ་པའི་དོན་ཡིན་ཏེ། །ཞེས་བྱ་བ་ཡིན་ཏེ། ལྷ་སྦྱིན་གྱི་རྟ་ཞེས་པ་ལྟ་བུ། ཕན་ཚུན་གྱི་དོན་འབྲེལ་པར་སྦྱོར་བར་བརྡའ་སྤྲོད་པ་འདོད་དོ། །གསུམ་པའི་འཇུག་པ་བསྟན་པ། ཀྱིས་ནི་བྱེད་པར་འདོད་པ་ཡིན། །ཞེས་སྨྲོས་ཏེ། ལྷ་སྦྱིན་གྱིས་བྱས་བྱ་བ་ལྟ་བུའོ། །དེ་དག་ལ་མི་མཐུན་པའི་རྒྱན་ཡོད་པ་བསྟན་པའི་ཕྱིར། མི་མཐུན་རྒྱན་ནི་གསུམ་ཆར་ལའོ། །ཞེས་བྱ་བ་སྨྲོས་ཏེ། ལ་མི་མཐུན་པའི་རྒྱན་དུ་འགྱུར་བ་ནི། རྒྱུ་མེད་པ་ལ་འབྲས་བུ་འདོད་པ་ཞེས་པ་ལྟ་བུའོ། །ཀྱི་མི་མཐུན་པའི་རྒྱན་དུ་འགྱུར་བ་ནི། དེ་ལྟར་ཡིན་མོད་ཀྱི་ཞེས་པ་ལྟ་བུའོ། །ཀྱིས་མི་མཐུན་པའི་རྒྱན་དུ་འགྱུར་བ་ནི། འོན་གྱིས་ཀྱང་ཞེས་པ་ལྟ་བུའོ། །ལྔ་པའི་འཇུག་པ་བསྟན་པ། ལས་ནི་རྒྱུ་དང་འབྱུང་ཁུངས་དང་། །དགར་བ་ཡིན་ཏེ་ནས་དེ་བཞིན། །ཞེས་བྱ་བ་ཡིན་ཏེ། རྒྱུའི་དོན་ནི། ས་བོན་ལས་མྱུ་གུ་ཞེས་པ་ལྟ་བུའོ། །འབྱུང་ཁུངས་ཀྱི་དོན་ནི། རི་ལས་གསེར་ཞེས་པ་ལྟ་བུའོ། །དགར་བའི་དོན་ནི། ཁྱིམ་པ་ལས་དགེ་བསྙེན་ཞེས་པ་ལྟ་བུའོ། །ནས་ཀྱི་དོན་ནི།ལས་དང་མཐུན་པའོ། །ཅུང་ཟད་མི་མཐུན་པར་བསྟན་པ་ནི། བསྡུད་པ་དག་དང་འཚམས་སྦྱོར་ནི། །ནས་ལ་ཅུང་ཟད་ལྷག་པ་ཡིན། །ཞེས་བྱ་བ་སྨྲོས་ཏེ། ནས་ཞེས་བྱ་བའི་སྒྲ་ལས་ཅུང་ཟད་ལྷག་པར་སྟོན་པ་ནི། བསྡུད་པ་དང་འཚམས་སྦྱོར་བར་སྟོན་པ་སྟེ།མིག་ནས་ལུས་ཀྱི་བར་ཞེས་པའམ། ཁ་གདངས་ནས་ཉལ་ཞེས་པ་ལྟ་བུའོ། ། བྱེད་པའི་ཚིག་དྲུག་ལས་དྲུག་པ་མ་གཏོགས་པ་གཞན་ཀུན་གཏན་ཚིགས་སྟོན་པར་ཡང་འགྱུར་ཏེ། དེ་བསྟན་པའི་ཕྱིར། གཏན་ཚིགས་དག་ཏུ་འགྱུར་བ་ནི། །དྲུག་པ་འབའ་ཞིག་མ་གཏོགས་པའི། །ཞེས་བྱ་བ་སྨྲོས་ཏེ། དེ་ལ་གསུམ་པ་གཏན་ཚིགས་སུ་འགྱུར་བ་ནི། དེས་ན་ཞེས་པ་ལྟ་བུའོ། །བཞི་པ་འགྱུར་བ་ནི་དེའི་ཕྱིར་ཞེས་པ་ལྟ་བུའོ། །ལྔ་པ་འགྱུར་བ་ནི་ཅི་ལས་ཤེས་ཞེས་པ་ལྟ་བུའོ། །བདུན་པ་འགྱུར་བ་ནི་བཞི་པ་དང་མཐུན་པ་སྟེ། གཉིས་པ་པའི་སྒྲ་ཡང་དེ་བཞིན་ནོ། །དེས་ན། ལ་དང་གིས་དང་ལས་རྣམས་གཏན་ཚིགས་སུ་འགྱུར་བ་ཡོད་དོ། །དུ་ལ་སོགས་པའི་འཇུག་པ་བསྟན་པའི་ཕྱིར། དུ་ལ་སོགས་པ་ལ་དང་མཐུན། །དེ་ཉིད་དག་ནི་ལྷག་པ་ཡིན། །དེ་བཞིན་ལྷག་བཅས་ལ་ལའོ། །ཞེས་སྨྲོས་ཏེ། དུ་དང་སུ་དང་རུ་དང་ར་རྣམས་ལའི་སྒྲ་དང་མཐུན་ཏེ། འདི་ལ་ཞེས་བྱ་བ་དང་། འདི་ན་ཞེས་བྱ་བ་དང་། འདིར་ཞེས་བྱ་བ་དང་། འདི་རུ་ཞེས་བྱ་བ་དང་། གང་དུ་ཞེས་བྱ་བ་དང་། དབུས་སུ་ཞེས་བྱ་བ་ཐམས་ཅད་ཀྱང་ལའི་སྒྲ་མཐུན་ཤ་སྟག་གོ །དེ་ཉིད་དུ་སྟོན་པ་ནི། ལའི་དོན་ལས་ལྷག་པ་སྟེ། ཐོག་དགུ་འཕར་དུ་ཕུབ། ཤིང་མིག་མངས་རིས་སུ་བཏང་། དབྱིབས་གྲུ་བཞིར་བརྩིགས་ཞེས་པ་ལྟ་བུ།ལའི་དོན་ལས་ལྷག་པར་བསྟན་པ་ཡིན་ནོ། །ཚིག་ལྷག་མ་དང་བཅས་པར་སྟོན་པའི་སྒྲ་ནི་ལ་ལ་ལྷག་པ་ཡིན་ཏེ། ལག་པ་བསྙལ་ལ་ཟན་བྱ་ཞེས་པ་ལྟ་བུའོ། །སླར་སྡུད་པ་ནི་འོ་ལ་སོགས་པ་སླར་སྡུད་པའོ་ཞེས་བྱ་བ་ཡིན་ཏེ། རྗེས་སུ་འཇུག་པའི་ཡི་གེ་བཅུ་ལ། ཨོའི་སྒྲ་དང་ལྡན་པའི་ཚིག་ནི་སླར་སྡུད་པ་ཡིན་ཏེ། འདི་ལྟར་ཡིན་ནོ་ཞེའམ། དེ་བཞིན་དུ་ཡོད་དོ། །སྒོམ་མོ། །སྒྲུབ་བོ། །འགྱུར་རོ། །འཚལ་ལོ། །ཤེས་སོ། །འབྱུང་ངོ་། །འགོག་གོ །དེའོ་ཞེས་པ་འདི་བཅུ་ནི་སླར་སྡུད་པ་ཡིན་ནོ། ། ད་ནི་སྐབས་སྐབས་ནས་ཡི་གེ་རེ་རེ་ཙམ་ཚིག་གི་ཕྲད་དུ་འབྱུང་བར་བསྟན་པ་ལ། འོ་ན་ཁོང་དུ་ཆུད་པའི་ཚིག་ཞེས་པ་ནི། འོ་ན་ཞེས་བྱ་བ་དང་། འོན་ཏེ་ཞེས་བྱ་བ་དོན་སྔ་མ་ཁོང་དུ་ཆུད་པ་ལས། ཚིག་ཕྱི་མའི་སྐབས་སྦྱོར་བའོ། །འམ་ཞེས་བྱ་བ་འབྱེད་སྡུད་ཡིན། །ཞེས་བྱ་བ་ནི།འམ་ལ་སོགས་པ་བཅུ་ནི་འབྱེད་པའམ་སྡུད་པ་ཡིན་ཏེ། འདི་ལྟར།གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། མིག་གམ། རྣ་བའམ། འབྱུང་ངམ། འགྱུར་རམ། འགྲུབ་བམ། ཡིན་ནམ། འཚལ་ལམ། སྒོམ་མམ་ལྟ་བུའམ། དག་དང་རྣམས་ནི་མང་པོའི་ཚིག །ཞེས་བྱ་བ་ཤིང་དག །ཤིང་རྣམས་ཞེས་པ་ལྟ་བུ་ནི་དུ་མའི་ཚིག་ཏུ་སྟོན་པའོ། །སོགས་ནི་མཐའ་དག་སྡུད་པ་ཡིན། །ཞེས་བྱ་བ་ནི་སོགས་ཞེས་བྱ་བའི་ཚིག་ནི་མཐའ་བསྡུད་པ་ཡིན་ཏེ། གཟུགས་ལ་སོགས་པ་ཞེས་པ་ལྟ་བུ་དང་པོའི་ཚིག་གིས་མཐའི་ཚིག་སྨྲོས་མི་དགོས་པར་སྡུད་པ་ཡིན་ནོ། །པའམ་ཅན་ནི་བདག་པོའམ། །ལྡན་པའི་དོན་དུ་སྦྱར་བར་བྱ། །ཞེས་པ་ནི་གསེར་གྱི་བདག་པོའམ། གསེར་དང་ལྡན་པ་ནི་གསེར་པ་ཞེས་པའམ། གསེར་ཅན་ཞེས་པ་ལྟ་བུའོ། །དེ་ཉིད་ལས་བའི་སྒྲ་ཅུང་ཟད་མི་འདྲ་བར་བསྟན་པ་ལས། བ་ནི་སྤྱི་རུ་བཞག་པ་སྟེ། །ཡུལ་དུས་ངེས་པར་མ་གཟུང་བའོ། །ཟ་བ་བཟའ་དང་ཟ་པོ་བཞིན། །མ་ནིང་དག་ཏུ་བཞག་པར་བྱ། །ཞེས་སྨྲོས་པ་ཡིན་ཏེ། བྱ་བ་སྟོན་པའི་མིང་ལ་བའི་སྒྲ་འབྱུང་བ་ནི། ཡུལ་དང་དུས་ཀྱི་སྤྱིར་འགྲོ་སྟེ། དེ་འདི་ལྟར་ཟ་བ་ཞེས་པའམ། ལྟ་བ་ཉལ་བ་ཞེས་པ་ལྟ་བུའོ། །དེ་ལ་ཡུལ་ངེས་པར་མ་གཟུང་བ་ནི། བྱེད་པ་པོའམ། བྱ་བའམ། བདག་གི་ཚིག་གམ། གཞན་གྱི་ཚིག་ཏུ་མི་སྟོན་པའོ། །དུས་ངེས་པར་མ་བཟུང་བ་ནི་འདས་པའམ། མ་འོངས་པའམ། ད་ལྟར་གྱི་ཚིག་ཏུ་མི་སྟོན་པའོ། །དཔེར་ན་ཟ་བ་ཞེས་བྱ་བ་ནི་བཟའ་བ་དང་། ཟ་བ་པོ་རྣམས་ཀྱི་སྤྱིར་འཇུག་པ་ལྟ་བུའོ། །གཅིག་ཏུ་ཆད་པ་མི་སྟོན་པའི་ཕྱིར། མ་ནིང་དག་དུ་བཞག་པར་བྱ། །ཞེས་བྱ་བ་ཡིན་ནོ། ། ད་ནི་ཕྲད་འདུས་པ་སྟོན་ཏེ། དེའི་ཕྱིར། གལ་ཏེ་ཕྲད་གཉིས་འདུས་པའམ། །ཡང་ན་མང་པོ་འདུས་པ་ན། །སྔ་ཕྱི་ཕན་ཚུན་ཟིལ་གནོན་དང་། །རང་གི་ཆ་ལྡན་དག་ཏུ་སྦྱར། །ཞེས་བྱ་བ་སྨྲོས་ཏེ། གལ་ཏེ་ཚིག་གི་ཕྲད་དུ་གྱུར་པ་གཉིས་འདུས་པའམ། འོན་ཏེ་མང་པོ་འདུས་ནས་ཚིག་གི་སྐབས་གཅིག་གི་ཕྲད་དུ་བྱུང་ན། དེའི་དོན་རྣམ་པ་གསུམ་དུ་འགྱུར་ཏེ། ཕྲད་སྔ་མས་ཕྱི་མ་ལ་ཟིལ་གྱིས་གནོན་པ་དང་། ཕྱི་མས་སྔ་མ་ཟིལ་གྱིས་གནོན་པ་དང་། །གཉིས་གའི་ཆ་དང་ལྡན་པའོ། །དེ་ལ་གཉིས་གའི་ཆ་དང་ལྡན་པ་བསྟན་པར་འདོད་ནས། གང་ལ་དམིགས་འཛིན་མི་བྱེད་དང་། །དམིགས་འཛིན་ཏེ་ན་ཕྲད་འགྱུར་ན། །གཉིས་པར་འགྱུར་བའི་མཐུ་ཡིན་ནོ། །ཞེས་སྨྲོས་པ་ཡིན་ཏེ། འདི་ལྟར་གལ་ཏེ་ན་ཞེས་བྱ་བའི་ཚིག་གི་དོན་ནི་གཉིས་པར་འགྱུར་ཏེ། དེ་ལ་གལ་ཞེས་བྱ་བའི་སྒྲ་ནི་ཁྱབ་པའི་སྤྱིར་འགྲོ་བ་སྟེ། དམིགས་འཛིན་པར་མི་བྱེད་དོ། །ཏེ་ན་ཞེས་བྱ་བ་ནི་ཕྱོགས་གཅིག་ཏུ་བྱེད་པ་སྟེ། དེ་ཡང་གང་ལ་ཅི་ཞིག་ན་ཞེས་བྱ་བ་ཡིན་པ་ལས། ག་དང་ལ་སྦྱར་ཏེ། གལ་ཞེས་བསྡུས་ནས། ཅི་ཞིག་ཅེས་བྱ་བའི་སྒྲ་ཕྱི་ནས་ཏེ་ན་ཞེས་བྱ་བར་བསྒྱུར་ཏེ། གལ་ཏེ་ན་ཞེས་བརྗོད་ན་དོན་སྔ་མ་ལས་ཕྱི་མ་གཞན་ཡོད་པར་བསྟན་པ་ཡིན་ནོ། །ཕན་ཚུན་ཟིལ་གྱིས་གནོན་པ་དང་། བསྒྱུར་བ་ནི་འདི་བཞིན་གཞན་ལ་སྦྱར་རོ། །དེ་དང་ཆ་མཐུན་པ་འོན་ཏེ་ན་ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར། ཕྱོགས་གཅིག་ཁོང་དུ་ཆུད་པ་ལས། །ཕྱོགས་གཅིག་འདྲི་བར་བྱེད་པ་ནི། །འོ་ན་ཞེས་པའི་ནུས་པའོ། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། འོ་ན་ཞེས་བྱ་བའི་སྒྲ་ནི་དོན་གྱི་ཕྱོགས་གཅིག་ཁོང་དུ་ཆུད་པ་ལས། ཕྱོགས་གཞན་འདྲི་བར་བྱེད་པའི་ཚིག་གི་ཕྲད་པ་ཡིན་ཏེ། འོན་ཞེས་པ་དང་། འོ་ན་ཞེས་བྱ་བ་ནི་ཡི་གེ་བསྡུས་པ་དང་མ་བསྡུས་པ་ཙམ་དུ་ཟད་དེ། འོ་ཞེས་བྱ་བ་དང་། ན་ཞེས་བྱ་བ་ནི་ཕྲད་འདུས་པའོ། །དེ་ལ་དམིགས་འཛིན་སྔ་མ་བཞིན། །གཞན་འདྲེན་བྱེད་པ་ཏེ་ཡིན་ཏེ། །ན་ཡིས་ཕྱོགས་གཅིག་དག་ཏུ་བྱེད། །ཞེས་བྱ་བ་ནི། འོན་ཏེ་ན་ཞེས་བྱ་བའི་སྒྲར་སྦྱོར་ཏེ། སྔ་མ་བཞིན་ཞེས་བྱ་བ་ནི་འོན་ཏེ་ཞེས་བྱ་བའི་སྒྲ་ཡང་གལ་ཏེ་བཞིན་ནོ། །གཞན་འདྲེན་པ་ནི་ཏེ་ཞེས་བྱ་བའི་སྒྲ་ཚིག་ལྷག་མ་དང་བཅས་པ་ལས་གཞན་འདྲེན་པ་ཡིན་ནོ། །འོན་ཏེ་ན་ཞེས་བྱ་བའི་ནའི་སྒྲའི་དོན་ནི། ཕྱོགས་གཅིག་ཏུ་བྱེད་པ་སྟེ། དམིགས་ཀྱིས་འབྱེད་པའི་ན་ཡིན་ནོ། །གོང་དུ་གཉིས་པར་འགྱུར་བར་དམ་བཅས་པ་དེ་བསྟན་པའི་ཕྱིར། དེ་གཉིས་ལྡན་པའི་ཕྲད་རྣམས་ནི། །དམིགས་འཛིན་མི་ལྡན་གཉིས་པས་ཏེ། །ཞེས་བྱ་བ་སྨྲོས་ཏེ། སྤྱི་ལ་འཇུག་པ་དང་། ཕྱོགས་གཅིག་ཏུ་བྱེད་པ་དང་ལྡན་པའི་ཚིག་གི་ཕྲད་རྣམས་ནི། དམིགས་འཛིན་པ་དང་ལྡན་པ་དང་། མི་ལྡན་པ་རྣམས་ཏེ། དེ་ལ་ཕྱི་མ་དམིགས་འཛིན་པ་ཡོད་ན། སྔ་མ་སྤྱི་ལ་འཇུག་པ་མི་ལྡན་པ་ཡང་དོན་གྱིས་བསྡུ་བར་བྱ་ལ། སྔ་མ་དམིགས་འཛིན་པ་ཡོད་ན་དངོས་སུ་སྡུད་དོ། །ཞེས་བསྟན་པའི་ཕྱིར། སྔ་མ་དོན་གྱིས་བསྡུ་བར་བྱ། །ཡོད་ན་སྔ་མ་དངོས་སུ་བསྡུ། །ཞེས་སྨྲོས་པ་ཡིན་ནོ། །དེ་དག་གི་འཇུག་པ་བསྡུ་བ་བསྟན་པའི་ཕྱིར། གལ་ཏེ་ཅི་སྟེ་འོན་ཏེ་དང་། །དེ་སྟེ་ན་ཞེས་སྦྱར་བར་བྱ། །ཞེས་སྨྲོས་ཏེ། གལ་ཏེ་ན་ཞེའམ། དེ་སྟེ་ན་ཞེས་བྱ་བ་རྣམས། ཚིག་སྔ་མ་དམིགས་འཛིན་པར་མི་བྱེད་དམ། སྤྱི་ལ་འཇུག་པ་ལས། ཚིག་ཕྱི་མ་ཕྱོགས་གཅིག་ཏུ་དམིགས་འཛིན་པར་བྱེད་པར་སྦྱར་རོ། །བསྡུ་བ་གཉིས་དང་ལྡན་པ་བསྟན་པའི་ཕྱིར། འོན་ཀྱང་འོ་ན་ཡང་ཞེས་པ། །བསྡུ་བ་གཉིས་ལྡན་གཉིས་བསྡུ་བྱ། །ཞེས་བྱ་བ་སྨྲོས་ཏེ། འོན་ཀྱང་ཞེས་བྱ་བའམ། འོ་ན་ཡང་ཞེས་པ་ལྟ་བུ། བསྡུ་བའི་ཚིག་གཉིས་དང་ལྡན་པ་སྟེ། འོ་ན་ཞེས་བྱ་བའི་སྒྲ་ཡང་བསྡུད་པའི་ཚིག་ཡིན་ལ། ཀྱང་ཞེས་བྱ་བ་དང་། ཡང་ཞེས་བྱ་བ་ཡང་སྡུད་པའི་ཚིག་ཡིན་ཏེ། དེ་ལྟར་བསྡུ་བ་གཉིས་དང་ལྡན་ན། སྔ་མའི་འདོད་པ་དང་འོག་མ་གཞན་གཉིས་ཀ་སྡུད་པར་རིག་པར་བྱའོ། །དེ་ལ་མཐུན་པར་བསྡུ་བ་དང་། མི་མཐུན་པར་བསྡུ་བ་ནི་སྐབས་ཀྱི་མཐུས་རིག་པར་བྱའོ། །ཞེས་བསྟན་པའི་ཕྱིར། མཐུན་དང་ཐ་དད་སྐབས་ཀྱི་མཐུ། །ཞེས་སྨྲོས་ཏེ། རེས་འགའ་ནི་མི་མཐུན་པའི་རྒྱན་དུ་སྟོན་ཏེ། རེས་འགའ་ནི་མཐུན་པའི་རྒྱན་དུ་སྟོན་ཏོ། ། ད་ནི་ཕྲད་རྣམས་དོན་གཅིག་ཏུ་དྲིལ་བར་སྟོན་པའི་ཕྱིར། གང་ལྟར་ཇི་ལྟར་དེ་ལྟར་དང་། །དེ་བཞིན་དེ་སྐད་ལ་སོགས་པ། །ཇི་སྐད་བརྣན་པའི་ཆ་གཉིས་ལྡན། །དེ་ལ་སོགས་པའི་ཕྲད་རྣམས་ཀུན། །ཟིལ་གནོན་གྱུར་ཏམ་ཆ་ལྡན་ཀྱང་། །དགོས་པ་རེ་རེར་དྲིལ་བྱས་ཏེ། །ཞེས་བྱ་བ་སྨྲོས་ཏེ། གང་ལྟར་དང་ཇི་ལྟར་ལ་སོགས་པ་དོན་མཐུན་པའི་སྐབས་བཞིན་དུ། ཕྲད་གཉིས་བརྣན་ནས་སྨྲོས་པའམ། མང་པོ་བརྣན་ནས་སྨྲོས་ཀྱང་རུང་སྟེ། དེ་དག་ཐམས་ཅད་དོན་གཅིག་ཏུ་དྲིལ་བར་བྱའོ། ། དེ་ཡང་ཇི་ལྟ་ཞེ་ན། ཁ་ཅིག་ནི་སྔ་མས་ཕྱི་མ་ཟིལ་གྱིས་གནོན་ཏེ་གཅིག་ཏུ་དྲིལ་བར་བྱའོ། །ཁ་ཅིག་ནི་ཕྱི་མས་སྔ་མ་ཟིལ་གྱིས་གནོན་ཏེ་དྲིལ་བར་བྱའོ། །ཁ་ཅིག་ནི་གཉིས་ཀའི་ཆ་དང་ལྡན་པ་ཡང་བསྟན་པར་བྱ་བ་གཅིག་ཏུ་དྲིལ་ཏེ་བསྡུ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དོན་ཚིག་སྦྱོར་བ་བཅུ་པོ་དང་། །ཕྲད་ཀྱི་སྦྱོར་བ་ཇི་ལྟ་བ། །དེ་ལྟར་ཕྲད་གཉིས་འདུས་པའམ། །མང་པོའི་འདུས་པར་གྱུར་ཀྱང་རུང་། །དེ་ལྡན་ལྷག་མ་མི་སྟོན་ཕྱིར། །སྐབས་དང་ཚིག་ཤུགས་བརྟགས་ནས་ནི། །བློ་ལྡན་རྣམས་ཀྱིས་གང་རིགས་སྦྱར། །ཞེས་བྱ་བ་བསྟན་པའི་ཕྱིར། ཚིག་གི་ཕྲད་འདུས་པ་ཐམས་ཅད་ཀྱང་ཚིག་གི་སྦྱོར་བ་བཅུ་དང་། དེ་ཕྲད་དང་ལྡན་པ་ལས། དོན་ལྷག་པར་སྟོན་པ་མེད་པའི་ཕྱིར་རོ། །སྐབས་ཀྱི་ཤུགས་ནི་དགོས་པའི་ཤུགས་སོ། །ཚིག་གི་ཤུགས་ནི་སྒྲ་རྣམ་པར་སྦྱར་བའི་ཤུགས་སོ། །ཤུགས་ཀྱི་ཡུལ་ནི་ཆེད་དུ་མ་གཏད་པ་དང་། དངོས་སུ་མ་ཕྲད་པའོ། །གང་རིགས་པ་ནི་དོན་དང་ཚིག་ལས་མི་འགལ་བའོ། ། ད་ནི་ཡི་གེ་དང་མིང་དང་ཚིག་དག་དོན་གཏན་ལ་འབེབས་པར་བྱེད་པའི་རྩ་བ་ཡིན་པར་བསྟན་པའི་ཕྱིར། འདིར་དཔེ་བསྟན་པ།དཔེར་ན་སྐྱེས་བུ་འགའ་ཞིག་གིས། །གཟུགས་ཀྱི་བྱེ་བྲག་ཤེས་འདོད་ན། །ཕྲ་རྡུལ་ཆོས་ལ་མཚན་ཉིད་དུ། །དེ་ཆེས་ཆེ་རྡུལ་གོང་བུ་དང་། །གོང་ཆེན་དག་གི་མཚན་ཉིད་དང་། །ལས་རྣམས་འབད་པ་མེད་པར་ཤེས། །དེ་ཤེས་སྐབས་ཀྱི་བྱ་བ་གང་། །སྦྱོར་བ་དག་ལ་མི་འཇིགས་བཞིན། །ཞེས་བྱ་བ་སྨྲོས་ཏེ། དཔེར་ན་སྐྱེས་བུ་ཞིག་གཟུགས་ཀྱི་བྱེ་བྲག་ཤེས་པར་འདོད་ན། དང་པོར་རྡུལ་ཕྲ་རབ་ཀྱི་མཚན་ཉིད་ལ་མཁས་པར་བྱའོ། །དེ་ནས་རྡུལ་འདུས་ཏེ། རྡུལ་ཆེན་པོར་གྱུར་ཏེ། དེ་ཤེས་པར་འགྱུར་རོ། །རྡུལ་ཆེན་པོ་འདུས་པ་ལས་གོང་བུར་འགྱུར་ཏེ། དེ་ཤེས་པར་འགྱུར་རོ། །གོང་བུ་ལས་གོང་བུ་ཆེན་པོར་འགྱུར་ཏེ། དེའི་མཚན་ཉིད་དང་ལས་ཀྱང་ཤེས་པར་འགྱུར་རོ། །དེ་ལྟར་ལས་དང་མཚན་ཉིད་ལེགས་པར་ཤེས་པའི་སྐྱེས་བུ་དེ་ལ། གང་ཞིག་གཟུགས་ཀྱི་བྱ་བ་འདྲི་བ་ན། འཇིགས་པ་མེད་པ་དེ་བཞིན་དུ། སྐྱེས་བུ་སྨྲ་བར་འདོད་པ་ཡིས། །གཞི་མཐའི་ཡི་གེའི་བྱེ་བྲག་དག །ལེགས་པར་ཁོང་དུ་ཆུད་པ་ན། །དེ་འདུས་མིང་དང་དེ་བཞིན་ཚིག །ཤོ་ལོ་དང་ནི་རབ་དབྱེ་སོགས། །མིང་ཚིག་ཡི་གེ་མཚུངས་པའི་ཕྱིར། །ཚིག་སྦྱོར་འབད་པར་མེད་པར་འགྱུར། །འདི་དག་ཀྱང་དེ་བཞིན་ནོ། །ཞེས་སྦྱར་རོ། །འདི་ལྟར་སྐྱེས་བུ་གང་ཞིག་དོན་དང་ལྡན་པའི་ཚིག་སྨྲ་བར་འདོད་པ་དེས། དང་པོར་མིང་གི་མཐའི་བྱེ་བྲག་ལེགས་པར་ཁོང་དུ་ཆུད་པར་བྱའོ། །དེ་ནས་ཡི་གེ་དེ་འདུས་པའི་མིང་འགྲུབ་པར་འགྱུར་ཏེ། དེའི་མཚན་ཉིད་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་མིང་འདུས་པ་ལ་ཚིག་ཡིན་ཏེ། དེའི་བྱེ་བྲག་ཁོང་དུ་ཆུད་ན། གཞན་ཚིག་འདུས་པ་ཤོ་ལོ་ཀ་དང་། ཤོ་ལོ་ཀ་འདུས་པ་ལས་རབ་ཏུ་བྱེད་པ་དང་། དེ་འདུས་པ་ལས་བསྟན་བཅོས་ཆེན་པོ་ལ་སོགས་པ་རྣམས་ཀྱི་ཚིག་གི་སྦྱོར་བ་རྣམས་འབད་པ་ཆུང་ངུས་ཤེས་པར་འགྱུར་རོ། །དེ་ཕྱིར་འདི་ནི་བསླབ་གནས་ཞེས། །སྨྲ་མཆོག་རྗེས་སྨྲ་རྣམས་ཀྱིས་བཤད། །འབད་པ་ཆུང་ངུས་ཤེས་དེའི་ཕྱིར། འདི་ནི་བསླབ་པའི་གནས་ཡིན་ནོ། །ཞེས་སྨྲ་བའི་མཆོག་ཐམས་ཅད་མཁྱེན་པ་དང་། དེའི་རྗེས་སུ་སྨྲ་བའི་སྔོན་གྱི་མཁན་པོ་རྣམས་ཀྱིས་བཤད་དོ། ། ད་ནི་དགེ་བའི་རྩ་བ་བསྔོ་བ་བསྟན་ཏེ། དེ་ཡང་མིང་གི་ཡོན་ཏན་གྱི་སྒོ་ནས་བསྔོ་བ་བསྟན་པའི་ཕྱིར། དོན་ལ་འཇུག་བྱེད་སྨྲ་བ་རྣམས་ཀྱི་སྒོ། །བློ་འབྱེད་གཏི་མུག་གཅོད་པ་མཚོན་ཆ་འདྲ། །རྒོལ་བས་མི་འཇིགས་སྙེམས་པ་དཔུང་དང་གོ །དོན་ནོར་སྨྲ་བས་མི་ཉམས་བརྟན་པའི་མཁར། །སྨྲ་མཆོག་རྗེས་སྨྲ་རྣམས་ཀྱི་རྗེས་འབྲང་བས། །སྒྲ་ཉིད་དང་ནི་དོན་ལ་ཁྲིད་པ་ཡི། །འགྲོ་ཀུན་མཐུ་གཉིས་རབ་ཏུ་རྒྱས་པར་ཤོག །ཞེས་བྱ་བ་སྨྲོས་ཏེ། དོན་ཇི་ལྟ་བ་བཞིན་སྟོན་པའི་འཇུག་པར་བྱེད་པའི་སྒོ་ལྟ་བུ་ཡིན་པས་སྨྲ་བའི་སྒོའོ། །གང་ཟག་རྣམས་ཀྱི་བློ་འབྱེད་ཅིང་། གཏི་མུག་གི་དྲ་བ་གཅོད་པའི་མཚོན་ཆ་ལྟ་བུའོ། །དོན་དང་ལྡན་པ་སྨྲ་བའི་རྒོལ་བ་རྣམས་ཀྱིས་མི་འཇིགས་ཤིང་། བསྙེམས་པས་དཔུང་དང་གོ་ཆ་ལྟ་བུའོ། །རང་གི་བློ་ལ་དོན་ནོར་བར་སྨྲ་བའི་ཤེས་རབ་འཆལ་བའི་སྐྱོན་གྱིས་མི་ཉམས་པའི་བློ་བརྟན་པ་རྙེད་པར་བྱེད་པས་བརྟན་པའི་མཁར་ལྟ་བུའོ། །འདི་ལྟ་བུའི་རབ་ཏུ་བྱེད་པ་འདི་ཐམས་ཅད་མཁྱེན་པ་དང་། སྔོན་གྱི་མཁན་པོ་རྣམས་ཀྱི་རྗེས་སུ་སྨྲས་ཤིང་བཤད་པས། འགྲོ་བ་རྣམས་སྒྲ་དང་། སྒྲའི་དོན་ལ་མཁས་པར་གྱུར་ཅིག་པའོ། །བླ་མ་ཆོས་ཀྱི་བཟང་པོས་མཛད་པའི་སྒྲའི་བསྟན་བཅོས་སྨྲ་སྒོ་མཚོན་ཆའི་འགྲེལ་པ་རྫོགས་སོ། ། ། །