སྨྱོས་སྟོན་ཆོས་འབར།

ཡོང་ཁུངས་Wikipedia

སྙན་ངག་ལེའུ་གསུམ་པའི་ས་བཅད་དང་དཔེར་བརྗོད་བཞུགས་སོ།། བེ་རི་རི་འཇིགས་མེད་དབང་སྙན་ངག་ལེའུ་གསུམ་པའི་ས་བཅད་དང་དཔེར་བརྗོད་བཞུགས་སོ།།རྒྱལ།

གསལ༵་གསལ༵་དབྱིངས་རིག་མི་ཕྱེད་སེམས་ཀྱི་ངོགས།།གོར༵་གོར༵་འོད་རིས་འཁྱིལ་བའི་གུར་ཁྱིམ་ན།།མཛེས༵་མཛེས༵་གཅིག་ཏུ་བསྡུས་པའི་ལྷ་མོ་ཁྱོད།།སྙན༵་སྙན༵་རྒྱུད་མངས་འཁྲོལ་བཞིན་རྟག་ཏུ་བཞུགས།།ངག་གི་རྩ་མདུད་སྔ་ནས་གྲོལ་གྱུར་མོད།།ས་བོན་གདབ་པའི་ཞིང་ས་གཤིན་པོ་ཉུང་།།དེ་སླད་དབྱངས་བདུན་རྫོགས་པའི་སྙན་ཚིག་རྩལ།།གང་དུ་སྤེལ་བ་དེ་ལ་བྱིན་ཆར་སྙིལད།།ཅེས་མཆོད་པར་བརྗོད་པ་དང་མངོན་པར་འདོད་པའི་ཚིག་གིས་ཉེ་བར་བསུས་ཏེ། འདིར་བསྟན་བཅོས་ལོ་རིམ་གསུམ་པའི་སློབ་མ་ཚོའི་ཆེད་དུ། སློབ་ཚན་དང་འབྲེལ་བའི་སྙན་ངག་ལེའུ་གསུམ་པ་སྒྲ་རྒྱན་དང་། གབ་ཚིག སྐྱོན་སེལ་གསུམ་གྱི་གོ་དོན་དང་དཔེར་བརྗོད་བཅས། སློབ་ཚན་འཁྲིད་སྐབས་ནག་པང་ཐོག་ཐོལ་བྱུང་བྲིས་པ་དེ་དག་སློབ་མ་ཚོའི་འབྲི་དེབ་ལས་བཤུས་ནས་ཕྱོགས་གཅིག་ཏུ་བསྡེབས་ཐོག སྐབས་འགར་སྣོན་འཕྲི་ཅུང་ཟད་ཙམ་རེ་བྱེད་ཞོར་བསྒྲིག་པ་ལ། ཐོག་མར་ལེའུ་གསུམ་པ་འཆད་པ་ལ། སྒྲ་རྒྱན་དང་། གབ་ཚིག སྐྱོན་སེལ་གསུམ་ཡོད་པ་ལས། (༈ སྒྲ་རྒྱན་གབ་ཚིག་སྐྱོན་སེལ་རྣམས། །བསྟན་ཕྱིར་ལེའུ་ཐ་མ་གསུངས། །)སྒྲ་རྒྱན་གྱི་གོ་དོན་དང་དབྱེ་བ།(༈ སྒྲ་དོན་གཉིས་ལས་གཙོ་བོ་སྒྲའི། །ཉམས་ལ་བརྟེན་ནས་བརྗོད་དོན་དག་ གསལ་ཞིང་རྗོད་ཚིག་སྙན་པ་ཡི། །ཚིག་སྦྱོར་དེ་ནི་སྒྲ་རྒྱན་ཡིན། །དེ་ལ་ཟུང་ལྡན་རྣམ་བཞག་དང༌། །བྱ་དཀའི་ཁྱད་པར་གཞན་བརྗོད་པ། །དབྱངས་སོགས་ངེས་པའི་བྱ་དཀའ་གསུམ། །)གཅིག ཟུང་ལྡན་གྱི་རྣམ་བཞག(༈ བར་མ་ཆོད་དང་བར་ཆོད་དག །ཡི་གེ་ཚོགས་པ་བསྐོར་བ་ནི། །ཟུང་ལྡན་རྒྱན་ཏེ་དབྱེ་བའི་སྒོ། །བྱ་སླའི་རྐང་བ་དང་པོ་ལ། །ཡོད་པའི་ཟུང་ལྡན་བྱ་དཀའ་པ། །གནས་གཞན་ཡོད་པའི་ཟུང་ལྡན་དང༌། །ཀུན་ཏུ་ཟུང་ལྡན་བསྲེས་པ་དང༌། །ཟློག་པའི་ཟུང་ལྡན་དང་རྣམ་དྲུག །)(༡) བྱ་སླ་བ་རྐང་པ་དང་པོ་ལ་ཡོད་པའི་ཟུང་ལྡན།(༈ བྱ་སླ་རྐང་པ་དང་པོ་ལ། །ཡོད་པའི་ཟུང་ལྡན་ནང་གསེས་གྲངས། །བར་མ་ཆོད་པའི་ཟུང་ལྡན་དང༌། །བར་དུ་ཆོད་པའི་ཟུང་ལྡན་དང༌། །ཆོད་ཅིང་མ་ཆོད་ཟུང་ལྡན་གསུམ། །)བར་མ་ཆོད་པའི་ཟུང་ལྡན། (༈ བར་མ་ཆོད་པའི་ཟུང་ལྡན་ལ། །རྐང་པ་གཅིག་གཉིས་གསུམ་བཞི་རུ། །རེ་རེ་གཉིས་གཉིས་གསུམ་གསུམ་བཞིར། །དབྱེ་བས་རྣམ་གྲངས་བཅོ་ལྔ་ཡོད། །)༡ ཚིགས་རྐང་དང་པོའི་ཐོག་མ་ལ་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན།གསལ་གསལ་སེམས་ཀྱི་མེ་ལོང་ཟླུམ་པའི་ངོས། །ལེ་དབར་སྟོང་གིས་ཆོད་པའི་ཕ་ཡུལ་གྱི། །གངས་ཆུ་བསིལ་མ་འབབ་པའི་གཞུར་རྒྱུན་དག །མ་བྲིས་རི་མོའི་གཟུགས་བརྙན་ཇི་བཞིན་འཆར། །༢ ཚིགས་རྐང་གཉིས་པའི་ཐོག་མ་ལ་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན། མེ་ལྕེ་འབར་འདྲའི་ཝཱཎའི་ཚ་བ་འདིས། །རློན་རློན་རྔུལ་ནག་འཕྱུར་བས་བཙོས་པ་ན། །རླངས་བཙོས་མོག་མོག་འདྲ་བའི་སློབ་མ་ཚོས། །དམར་ཆུང་སེམས་སུ་གངས་ལྗོངས་ལོས་དྲན་ལགས། །༣ ཚིགས་རྐང་གསུམ་པའི་ཐོག་མར་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན། སྔོ་ལྗང་ལྗོན་པ་ཚ་བའི་རླུང་གིས་བདས། །གསུང་སྙན་བྱིའུའི་འགྱུར་ཁུག་ངང་གིས་འགག །བསིལ་བསིལ་ཟླ་འོད་མེད་པའི་མཚན་མོ་ལ། །རྨི་ལམ་མགྲོན་པོས་སེམས་ཀྱི་ཁོར་ཡུག་དཀྲུགས། །༤ རྐང་པ་བཞི་པའི་ཐོག་མ་ལ་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན། མདང་གི་མཚན་མོར་ཉལ་ཁྲི་གྲུ་བཞིའི་སྒང་། །ཚ་བའི་བཙན་འཛུལ་གྱོན་ནས་ཉལ་བའི་ཚེ། །བྱམས་བརྩེ་གནམ་གྱི་རྒྱལ་མོའི་འཕང་པ་ནས། །ཟིལ་ཟིལ་ཆར་པའི་དམག་གིས་རམ་འདེགས་བྱས། །༥ ཚིགས་རྐང་དང་པོ་དང་གཉིས་པའི་ཐོག་མར་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན། གསལ་གསལ་གློག་འོད་འབར་བའི་ཕྲེང་བ་དག །ཡང་ཡང་ཆོད་པའི་མདང་གི་མཚན་མོ་ལ། །གསལ་ལ་མ་གསལ་ཡང་ལཱ་འབར་བའི་འོག །ཉིན་ཐོ་ཀློག་ནས་འདས་དོན་ཕྱི་དྲན་བྱས། །༦ ཚིག་རྐང་དང་པོ་དང་གསུམ་པའི་ཐོག་མར་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན།དུང་དུང་སེམས་ཀྱི་རྒྱལ་མོའི་ཁང་བཟང་ནང་། །ཕ་ཡུལ་དྲན་པའི་ན་ཟུག་མ་བཟོད་ནས། །འཛེར་འཛེར་སྐད་ཀྱིས་ལག་ཐོགས་ཁ་པར་ནང་། །ངུ་མ་དགོད་ཀྱི་གཏམ་གླེང་ཡུན་རིང་བྱས། །༧ ཚིག་རྐང་དང་པོ་དང་བཞི་པའི་ཐོག་མ་ལ་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན། ནག་ནག་གྲུ་བཞིར་འཁྱིལ་བའི་པང་སྟེགས་ངོས། །དབྱངས་ཅན་རྒྱུད་མངས་སྟོང་གི་འགྱུར་ཁུག་དག །སོར་མོ་གསུམ་གྱིས་ཁྱུད་པའི་ས་སྨྱུག་ལས། །དཀར་དཀར་རི་མོའི་གཟུགས་སུ་སྤེལ་ལ་གཟིགས། །༨ ཚིགས་རྐང་གཉིས་པ་དང་གསུམ་པའི་ཐོག་མར་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན། གཉིད་ཀྱི་རྨི་ལམ་དུའང་མི་གློད་པའི། །མཛེས་མཛེས་སྙིང་གི་ཐིག་ལེར་སྨིན་པ་ཁྱོད། །གསལ་གསལ་དམར་ཆུང་སེམས་ཀྱི་ཁང་ཆུང་ནས། །ནམ་ཡང་འབུད་ཐབས་མི་འདུག་སྙིང་སྡུག་ལགས། །༩ ཚིགས་རྐང་གཉིས་པ་དང་བཞི་པའི་ཐོག་མར་ཡོད་པའི་བར་དུ་མ་ཆོད་པའི་ཟུང་ལྡན། སྐྱེས་སྦྱངས་གོམས་པའི་བག་ཆགས་ཡངས་པ་ལས། །ཟབ་ཟབ་མཁྱེན་རབ་རྒྱ་མཚོའི་གཏིང་ལ་འགྲན། །གཞན་ཕན་བྱམས་དང་བརྩེ་བའི་འཇུག་པ་ཡང་། །ཡངས་ཡངས་གནམ་གྱི་མཐའ་ལྟར་དཔོག་ནུས་མིན། །༡༠ ཚིགས་རྐང་གསུམ་པ་དང་བཞི་པའི་ཐོག་མར་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན།མཐོང་དང་ཐོས་པའི་ངོ་ཤེས་ཙམ་མིན་པར། །ཤ་འདྲེས་པགས་འདྲེས་ཚར་བའི་སྙིང་སྡུག་མ། །འུར་འུར་འདུ་ལོངས་འཁྲུགས་པའི་གནམ་ཐང་ནས། །རིག་རིག་མིག་གིས་མཐོང་གིན་བྲལ་བ་སྐྱོ། །༡༡ ཚིགས་རྐང་དང་པོ་གསུམ་གྱི་ཐོག་མར་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན།དཀར་དཀར་སྲབ་འཇམ་འོག་འཇུག་སྲིབ་ཀ་ནས། །འབུར་འབུར་འོ་མ་འཛིན་པའི་གཟུགས་བརྙན་དག །གསལ་གསལ་མིག་གི་ལམ་དུ་འཆར་བ་ན། །འདོད་ལྡན་ཡིད་ལ་འདའ་དཀའི་བག་ཆགས་སྐྲུན། །༡༢ ཚིགས་རྐང་དང་པོ་གཉིས་དང་བཞི་བའི་ཐོག་མར་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན།ཁྲ་ཁྲ་གློག་གི་འོད་མདངས་གཡོ་བའི་གསེབ། །འུར་འུར་སྒྲ་འཛིན་འཁོར་ལོའི་གླུ་དང་ལྷན། །འདོད་པའི་གཞན་དབང་ལྷུང་བའི་ན་གཞོན་ཚོ། །འཁྱུག་འཁྱུག་ཁ་སྦྱོར་ཞབས་བྲོ་རྩེན་པས་སྤྲོ། །༡༣ ཚིགས་རྐང་དང་པོ་དང་ཕྱི་མ་གཉིས་ཀྱི་ཐོག་མ་ལ་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན།དྭངས་དྭངས་གྲུ་བཞི་འཁྱིལ་བའི་ཆུ་རྫིང་ལ། །མགོ་སེར་ཕོ་མོས་ལག་འདང་སྦྲེལ་བྱས་ཏེ། །ལྷོད་ལྷོད་རྐྱལ་རྩལ་ངོམས་པའི་ལྟད་མོ་འདི། །དཀར་དཀར་ངང་མོའི་རྩེ་འཇོ་དངོས་འདྲ་དྲན། །༡༤ ཚིགས་རྐང་ཕྱི་མ་གསུམ་གྱི་ཐོག་མར་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན། སྐྱེས་སྦྱངས་གོམས་པའི་རྣམ་དཔྱོད་ཕུལ་བྱུང་བས། །མང་མང་ཤེས་བྱ་རིག་པའི་གནས་རྣམས་ཀུན།།གསལ་གསལ་མཁྱེན་རབ་རྩལ་གྱིས་བཞལ་བ་དང། །སྙན་སྙན་གཏམ་གྱིས་འཆད་མཁས་ཟམ་གདོང་པ། །༡༥ ཚིགས་རྐང་བཞི་ཀའི་ཐོག་མར་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན། མཛེས་མཛེས་མཚན་དཔེ་མདོ་ཁམས་སྒང་ན་བཞད། །ཟབ་ཟབ་མཁྱེན་རབ་དབུས་གཙང་ཁུལ་ནས་རྒྱས། །གསལ་གསལ་འཕྲིན་ལས་འཛམ་གླིང་ཡོངས་ལ་ཁྱབ། །སྙན་སྙན་གྲགས་པའི་དཔལ་ལྡན་༸གོང་ས་མཆོག ། བར་དུ་ཆོད་པའི་ཟུང་ལྡན།(༈ བར་དུ་ཆོད་པའི་ཟུང་ལྡན་ལ། །གཉིས་རེ་ཡོད་པའི་དབྱེ་བ་དྲུག །གསུམ་རེ་ཡོད་པའི་དབྱེ་བ་གསུམ། །བཞི་ཡོད་གཅིག་སྟེ་བཅུ་ཡི་ཐོག །ཆ་གཉིས་ཡོད་པའི་དབྱེ་བ་གསུམ། །བསྣན་པས་དབྱེ་ངོ་བཅུ་གསུམ་ཡོད། །)༡ ཚིགས་རྐང་དང་པོ་གཉིས་ཀྱི་ཐོག་མ་ལ་ཡོད་པའི་བར་དུ་ཆོད་པའི་ཟུང་ལྡན། དཀར་ཕྱོགས་ཟླ་བའི་རྫོགས་པ་གསུམ་པའི་དུས། །དཀར་མཛེས་ཟླ་བའི་ཆ་ཤས་རྫོགས་པའི་མཚན། །རི་ཤོལ་གོག་ཏོ་ཞིག་གི་སྒང་ལ་ཞོན། །དྲང་སྲོང་ལྷུང་བའི་མཆོད་རྟེན་མདུན་ན་སོང། །༢ ཚིགས་རྐང་དང་པོ་དང་གསུམ་པའི་ཐོག་མ་ལ་ཡོད་པའི་བར་དུ་ཆོད་པའི་ཟུང་ལྡན།ཞལ་རས་ཟླ་བའི་དཀྱིལ་འཁོར་འཛུམ་པ་ལས། །ལྷོད་མེད་བརྩེ་བའི་འོད་མདངས་ལྷག་པར་གསལ། །ཞལ་ནས་གསང་གཏམ་སྨྲ་བའི་འགྱུར་ཁུག་ཀྱང། །དཔྱིད་ཀྱི་ཁུ་བྱུག་མྱོས་པའི་གླུ་བཞིན་སྙན། །༣ ཚིགས་རྐང་དང་པོ་དང་བཞི་པའི་ཐོག་མ་ལ་ཡོད་པའི་བར་དུ་ཆོད་བའི་ཟུང་ལྡན།གཙུག་ལག་རིག་པའི་གཏེར་གྱི་མཛོད་ཆེན་མོ། །ཝཱ་ཎཱའི་བོད་ཀྱི་ཆེ་མཐོའི་སློབ་གཉེར་ཁང་། །གཞི་བྱེས་བོད་པའི་མཐོ་སློབ་ཡོངས་ཀྱི་དབུས། །གཙུག་གི་ནོར་བུ་ཇི་བཞིན་མངོན་པར་མཐོ། །༤ ཚིགས་རྐང་གཉིས་པ་དང་གསུམ་པའི་ཐོག་མར་ཡོད་པའི་བར་དུ་ཆོད་པའི་ཟུང་ལྡན།མཁས་རྒུའི་ཞལ་གྱི་བུམ་བཟང་ལས་ཕྱུངས་པའི། །ལེགས་བཤད་གསུང་གི་བདུད་རྩི་གསར་བའི་རོ། །ལེགས་པར་མྱོང་པས་གཙུག་ལག་ཤེས་བྱ་ཀུན། །ཐོགས་མེད་སྨྲ་བའི་སྤོབས་པ་ཁོ་བོས་ཐོབ། །༥ ཚིགས་རྐང་གཉིས་པ་དང་བཞི་པའི་ཐོག་མར་ཡོད་པའི་བར་དུ་ཆོད་པའི་ཟུང་ལྡན།མཐའ་ཀླས་བཅུ་ཕྲག་ཤེས་བྱ་ཡངས་པོའི་ཁྱོན། །རྣམ་དཔྱོད་གོམ་པའི་སྟངས་སྟབས་གཅིག་གིས་གཞལ། །དེ་དོན་སྨྲ་བའི་ལེགས་བཤད་སྒྲོག་པ་ལ། །རྣམ་འདྲེན་ཐུབ་པ་སྟོང་གི་དཔེ་ཟླར་འོས། །༦ ཚིགས་རྐང་གསུམ་པ་དང་བཞི་པའི་ཐོག་མ་ལ་ཡོད་པའི་བར་དུ་ཆོད་པའི་ཟུང་ལྡན།ཉིན་གསུམ་དྲན་པའི་གདུང་བས་ཟས་ཐེངས་འཆག།མཚན་གསུམ་རྨི་ལམ་དཀྲུགས་པའི་འཁྲུལ་སྣང་སྟེར།།སྙིང་སྡུག་དགའ་མ་བྲལ་བའི་ལོ་ཟླའི་ན་ང་།།སྙིང་གི་ནད་གཞི་དྲག་ཐབས་མེད་པར་གྱུར།།༧ ཚིགས་རྐང་དང་པོ་གསུམ་ཐོག་མ་ལ་ཡོད་པའི་བར་དུ་ཆོད་པའི་ཟུང་ལྡན།བཀའ་དང་བསྟན་བཅོས་མཁྱེན་པའི་བློ་གྲོས་ཟབ།།བཀའ་སློབ་འདོད་དགུར་གནང་བའི་གསུང་དབྱངས་སྙན།།བཀའ་བློན་ཁྲི་པ་ཟམ་གདོང་པཎ་ཆེན་ལ།།འགྲན་པའི་སྐྱེ་བོ་འཇིག་རྟེན་འདི་ན་དཀོན།།༨ ཚིགས་རྐང་དང་པོ་དང་གསུམ་བཞི་པའི་ཐོག་མར་ཡོད་པའི་བར་དུ་ཆོད་པའི་ཟུང་ལྡན།ས་ཆེན་ཟླུམ་པོའི་གཙུག་ཏོར་གངས་རིའི་ལྗོངས།།ལྔ་ཕྲག་ཤེས་བྱའི་སྲོལ་གཏོད་ཤིང་རྟ་བ།།ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་ལ།།ས་ཐོབ་སེམས་དཔའ་སྟོང་གིས་མཚོན་མ་ཡིན།།༩ ཚིགས་རྐང་ཕྱི་མ་གསུམ་ཐོག་མ་ལ་ཡོད་པའི་བར་དུ་ཆོད་པའི་ཟུང་ལྡན།ཤེས་བརྩོན་ཐོས་པ་ཉུང་བའི་བླུན་པོ་འགའ།།ཀ་ཁ་ག་ངའི་དག་ཆ་མི་ཤེས་ཤིང་།།ཀ་བ་བུམ་པའི་མུ་གསུམ་མ་ངེས་ན།།ཀ་དག་གནས་ལུགས་ཕ་རིའི་སྤང་ཁ་རེད།།ཡང་ན། གྲང་ལྷག་མདའ་ཡིས་འབིགས་པའི་གཡུལ་ས་ཆེ།།ཁ་བས་འཇིག་རྟེན་གནོན་པའི་དགུན་གཞུང་ན།།ཁ་སྒོ་འཁྱགས་པས་བསྡམས་པའི་བྱིས་པ་ཚོའི།།ཁ་ལ་སྦྲང་རྩི་བླུགས་པའི་ངོ་སོ་ཅི།།༡༠ ཚིགས་རྐང་བཞི་ཀའི་ཐོག་མར་ཡོད་པའི་བར་དུ་ཆོད་པའི་ཟུང་ལྡན།བཀྲ་ཤིས་གནམ་ལོ་གསར་པའི་ཚེས་མགོ་ལ།།བཀྲ་ཤིས་ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་བསྟར།།བཀྲ་ཤིས་ལྷ་དང་སྲུང་མ་གསོལ་བ་དང་།།བཀྲ་ཤིས་རྟེན་འབྲེལ་བཟང་པོའི་མཛད་སྒོ་ཚུགས།།༡༡ ཚིག་རྐང་དང་པོ་གཉིས་འདྲ་ཕྱི་མ་གཉིས་འདྲའི་བར་དུ་ཆོད་པའི་ཟུང་ལྡན།བཀྲ་ཤིས་སྙན་ངག་སྨྲ་བའི་རྒྱལ་པོ་དང་།།བཀྲ་ཤིས་ལེགས་སྦྱར་སྨྲ་བའི་སྒྲོལ་མ་གཉིས།།བསྟན་བཅོས་ལོ་རིམ་གསུམ་པའི་འཛིན་གྲྭ་ནང་།།བསྟན་བཅོས་སློབ་པའི་གོ་སྐབས་མཉམ་དུ་ཐོབ།།༡༢ ཚིགས་རྐང་དང་པོ་གསུམ་པ་འདྲ་ཞིང་གཉིས་པ་དང་བཞི་པ་འདྲ་བའི་བར་དུ་ཆོད་པའི་ཟུང་ལྡན།གངས་ཅན་ལྔ་རིག་སྲོལ་གཏོད་ས་པན་རྗེ།།མཁས་རྒུ་རི་སྐྱེས་བྱེ་བ་ཚོགས་པའི་དབུས།།གངས་ཀྱི་རི་ལ་སེང་གེ་འགྱིངས་པ་བཞིན།།མཁས་དང་གྲུབ་པའི་ལུས་སྟོབས་ཡོངས་སུ་རྫོགས།།༡༣ ཐོག་མཐའ་གཉིས་འདྲ་བར་བ་གཉིས་འདྲའི་བར་དུ་ཆོད་པའི་ཟུང་ལྡན།སྔོ་ལྗང་གཡུ་ལོ་འཁྲིགས་པའི་ནགས་འདབས་ན།།གཙུག་ལག་ཤེསས་བྱའི་འོད་སྣང་འབར་བ་ཡི།།གཙུག་གི་ནོར་བུ་་འདྲ་བའི་རྒན་རབས་འགའི།།སྔོ་ལྗང་ཀླད་པའི་ཁ་དོག་བརྗེ་ན་རན།།(3) བར་དུ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན།(༈ ཆོད་ཅིང་མ་ཆོད་ཟུང་ལྡན་ལ། །སྔ་མ་གཉིས་འདྲ་ཕྱི་མ་གཉིས། །ཐོག་མཐའ་གཉིས་འདྲ་བར་བ་གཉིས། །རྐང་པ་བཞི་ཡི་ཐ་མ་ལ། །ཡོད་པའི་ཟུང་ལྡན་རྒྱན་དང་གསུམ། །)༡ དང་པོ་གཉིས་འདྲ་ཕྱི་མ་གཉིས་འདྲའི་བར་དུ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན།དུངས་དུངས་སེམས་ཀྱི་གཡའ་དག་མེ་ལོང་ངོས།།དུངས་དུངས་ནམ་ཡང་འཆར་བའི་མཛའ་ན་མོ།།ཡང་ཡང་མཇལ་བའི་སྐལ་བ་མི་ལྡན་པས།།ཡང་ཡང་དྲན་པས་སེམས་འདི་སྨྱོ་ལ་ཁད།།༢ སྔ་ཕྱི་གཉིས་འདྲ་བར་བ་གཉིས་འདྲའི་བར་དུ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན།མཛེས་མཛེས་མཆོད་རྟེན་འགྲམ་གྱི་སྤང་ཁ་ན།།ཡང་ཡང་སྤྲོ་འཁྱམས་ཕེབས་པ་ལེགས་མོད་ཀྱང་།།ཡང་ཡང་འདོད་པའི་འཁོར་ལོ་མ་སྐོར་ཞེས།།མཛེས་མཛེས་ན་ཆུང་དུ་མའི་ཆ་འཕྲིན་སྙན།།༣ བཞི་ཀའི་ཐོག་མ་ལ་ཡོད་པའི་བར་དུ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན།མཛེས་མཛེས་འགྲན་སྡུར་བྱེད་སའི་སྡིངས་ཆའི་སྟེང་།།མཛེས་མཛེས་ན་ཆུང་དུ་མའི་འཚང་ཀའི་གསེབ།།མཛེས་མཛེས་གཞན་གྱིས་སྒྲུན་པར་མི་ནུས་པའི།།མཛེས་མཛེས་ནོར་འཛོམས་ལང་ཚོའི་སྙན་གྲགས་འབར།།(༢) གནས་གཞན་ལ་ཡོད་པའི་ཟུང་ལྡན།(༈ ཚིགས་སུ་བཅད་པའི་རྐང་བ་ཡི། །ཐོག་མར་ཁོ་ནར་མ་ཡིན་པར། །གནས་གཞན་ལ་ཡང་ཡོད་པ་དེ། །བྱ་དཀའི་གནས་གཞན་ལ་ཡོད་པའི། །ཟུང་ལྡན་རྒྱན་ཏེ་དབྱེ་བའི་གྲངས། །བཞི་ཀའི་དབུས་ན་ཡོད་པ་དང༌། །མཐར་ཡོད་བར་མཐའ་གཉིས་ཀ་དང༌། །ཐོག་མ་གཉིས་དང་ཐ་མ་གཉིས། །གནས་གསུམ་ལ་ཡོད་དྲུག་པོ་ཉིད། །བར་ཆོད་ཆོད་ཅིང་མ་ཆོད་པ། །གཉིས་ཏེ་སྦྱར་བས་བཅུ་གཉིས་འགྱུར། །)༡ རྐང་པ་བཞིའི་དབུས་ན་ཡོད་པའི་བར་དུ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན།མི་གསོད་ལག་དམར་དམར་པོའི་སྲིད་གཞུང་གི།།སྐར་ལྔའི་དར་དམར་དམར་པོའི་མེ་ལ་བསྲེགས།།དགྲ་བོ་རྒྱ་དམར་དམར་བསད་བཏང་པའི་ཤུལ།།འཁྱིལ་བའི་ཁྲག་དམར་དམར་ནག་གཉིས་་ལ་མཆོད།།༢ དབུས་ཡོད་བར་དུ་ཆོད་པའི་ཟུང་ལྡན།གོས་ནག་གོན་ནས་མུན་ནག་ནང་དུ་འགྲོ།།སྐྲ་ནག་བསགས་ནས་མི་ནག་འགུག་ཐབས་བྱེད།།དུ་ནག་སྟེར་ནས་བསམ་ནག་བྱས་པའི་འབྲས།།མི་ནག་གྱུར་ཏེ་བཙོན་ནག་ནང་དུ་ལྷུང་།།༣ མཐའ་ཡོད་བར་དུ་ཆོད་པའི་ཟུང་ལྡན།ཆུང་དུས་སྐྱིད་པའི་རྩེད་རྭ་འགྲིམས་པ་མེད།།གཞོན་དུས་དགའ་བའི་ཆུང་མ་བསུས་པ་མེད།།རྒས་དུས་དགོས་པའི་རྒྱུ་ནོར་བསགས་པ་མེད།།འཆི་དུས་ཕན་པའི་དམ་ཆོས་བསྒྲུབས་པ་མེད།།༤ བཞི་ཀའི་མཐར་ཡོད་ཆོད་ཅིང་མ་ཆོད་པའི་ཟུང་ལྡན།རྣམ་གསུམ་ངུར་སྨྲིག་བནམས་པའི་སྐུ་མཛེས་མཛེས།།ཟབ་རྒྱས་ལེགས་བཤད་སྒྲོག་པའི་གསུང་མཛེས།།བྱམས་དང་སྙིང་རྗེས་ཕྱུག་པའི་ཐུགས་མཛེས་མཛེས།།མཁས་གྲུབ་སྐྱེས་ཆེན་དབུས་ན་ཁྱོད་མཛེས་མཛེས།།༥ བར་མཐའ་ལ་ཡོད་པའི་བར་དུ་ཆོད་པའི་ཟུང་ལྡན།སྤྲིན་དམར་དགུང་ལ་མཆེད་པའི་འོད་མདངས་དམར། །དར་དམར་གནམ་ལ་འཕྱར་བའི་ཆབ་སྲིད་དམར། །ཁྲག་དམར་ས་ལ་བཤོལ་བའི་ཁ་དོག་དམར། །ལག་དམར་རླུང་རྟ་རྒྱུགས་པའི་ལས་འགུལ་དམར།༦ བར་མཐའ་ན་ཡོད་པའི་བར་དུ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན།གནག་སྣུམ་དབུ་མཛེས་མཛེས་སྡུག་སྐྲ་མཛེས་མཛེས། །ཕྲ་ལྡེམ་སྐུ་མཛེས་མཛེས་བྱེད་རྒྱན་མཛེས་མཛེས། །དཀར་གསལ་ཞལ་མཛེས་མཛེས་ལྡན་མདངས་མཛེས་མཛེས། །མེ་ཏོག་ལྷ་མཛེས་མཛེས་མའི་དབུས་མཛེས་མཛེས། །༧ ཐོག་མ་དང་བར་ལ་ཡོད་པའི་ཆོད་པའི་ཟུང་ལྡན།རྣམ་དག་ཆོས་ལ་རྣམ་ཀུན་བརྩོན་པ་ཡི། །རྣམ་གསུམ་རྒྱན་ལྡན་རྣམ་པའི་སྐུ་བསྟན་པ། །རྣམ་གསུམ་འགྲོ་ཀུན་རྣམ་མཁྱེན་རྒྱལ་བའི་སར། །རྣམ་པར་འདྲེན་མཁས་རྣམ་དག་བཤེས་གཉེན་མཆོག །༨ དང་པོ་དང་གསུམ་པའི་ཐོག་མཐར་ཡོད་ཅིང་གཉིས་པ་དང་བཞི་པའི་ཐོག་བར་ལ་ཡོད་པའི་བར་ཆོད་ཅིང་མ་ཆོད་པའི་ཟུང་ལྡན།དཀར་དཀར་སྟོན་ཀའི་ཟླ་བའི་འོད་དཀར་དཀར། །དཀར་དཀར་འོ་མཚོར་དཀར་དཀར་ངང་མོའི་མདོག །དཀར་དཀར་དེ་ཀོས་མི་མཚོན་ཆེས་དཀར་དཀར། །དཀར་དཀར་ཁྱེད་ཀྱི་སྙན་གྲགས་དཀར་དཀར་གཡོ། །༩ རྐང་བཞིའི་ཐོག་མཐའ་གཉིས་ཀར་ཡོད་པའི་ཆོད་པའི་ཟུང་ལྡན།མཛེས་ལྡན་ཟླ་གཞོན་ཅོད་པན་ཐོགས་པས་མཛེས།།མཛེས་སྡུག་མཚན་དཔེའི་ལང་ཚོ་དར་བས་མཛེས།།མཛེས་པའི་འཁྱོག་པོར་རྒྱུ་བའི་གོམ་སྟབས་མཛེས།།མཛེས་པ་ཕུལ་བྱུང་མཚོ་བྱུང་ལྷ་མོ་མཛེས།།ཡང་ན།མཛེས་ལྡན་ཞལ་རས་ཟླ་བའི་དཀྱིལ་འཁོར་མཛེས།།མཛེས་སྡུག་ལང་ཚོ་འབར་བའི་རྣམ་འགྱུར་མཛེས།།མཛེས་བྱེད་རྒྱན་དང་བྲལ་བའི་གོམས་སྟབས་མ་ཛེས།།མཛེས་མའི་འགྲན་བསྡུར་ཁྲོད་ན་ནོར་འཛོམས་མཛེས།།༡༠ རྐང་བཞིའི་ཐོག་མཐའ་གཉིས་ཀར་ཡོད་པའི་བར་དུ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན།མཛེས་མཛེས་ངུར་སྨྲིགས་བནབས་པའི་སྐུ་མཛེས་མཛེས།།མཛེས་མཛེས་མཆུ་སྒྲོས་འཛུམ་པའི་གསུང་མཛེས་མཛེས།།མཛེས་མཛེས་ཉོན་མོངས་བྲལ་བའི་ཐུགས་མཛེས་མཛེས།།མཛེས་མཛེས་མཁས་རྒུའི་དབུས་ན་ཁྱོད་མཛེས་མཛེས།།ཡང་ན། མཛེས་མཛེས་ཞལ་རས་ཟླ་བའི་མདངས་མཛེས་མཛེས།།མཛེས་མཛེས་རྒྱན་གོས་སྲབ་པའི་ལུས་མཛེས་མཛེས།།མཛེས་མཛེས་འོ་འཛིན་འབུར་བས་སྟོད་མཛེས་མཛེས།།མཛེས་མཛེས་འཚང་ར་རྒྱས་པས་སྨད་མཛེས་མཛེས།།༡༡ རྐང་པ་བཞིའི་ཀའི་གནས་གསུམ་ལ་ཡོད་པའི་བར་དུ་ཆོད་པའི་ཟུང་ལྡན།མཛེས་པ་ཕུལ་བྱུང་མཛེས་ལྡན་ལྷ་མོ་མཛེས།།མཛེས་སྡུག་ཟླ་བྲལ་མཛེས་མའི་ཁྲོད་ན་མཛེས།།མཛེས་མའི་འགྲན་བསྡུར་མཛེས་མའི་འཚང་ཀ་མཛེས།།མཛེས་པའི་དཔལ་ལྡན་མཛེས་མའི་རྣམ་འགྱུར་མཛེས།།ཡང་ན།གསལ་བྱེད་འོད་སྣང་གསལ་བས་གནམ་མཐོངས་གསལ།།གསལ་ལྡན་གློག་ཞུར་གསལ་བས་ས་གཞི་གསལ།།གསལ་སྟོང་རིག་པ་གསལ་བས་གནས་ལུགས་གསལ།།གསལ་རིག་བློ་གྲོས་གསལ་བས་ཆོས་ཀུན་གསལ།།༡༢ གནས་གསུམ་ཀར་ཡོད་པའི་བར་དུ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན།མཛེས་མཛེས་གསེར་གྱི་རི་བོ་ཇི་བཞིན་མཛེས་མཛེས་མཚན་དཔེའི་སྐུ་མཛེས་མཛེས།།མཛེས་མཛེས་ལྷ་ཡི་རྔ་ཆེན་ཇི་བཞིན་མཛེས་མཛེས་སྙན་པའི་གསུང་མཛེས་མཛེས།།མཛེས་མཛེས་མ་དྲོས་རོལ་མཚོ་ཇི་བཞིན་མཛེས་མཛེས་ཟབ་རྒྱས་ཐུགས་མཛེས་མཛེས།།མཛེས་མཛེས་མཁས་གྲུབ་བྱེ་བའི་དབུས་ན་མཛེས་མཛེས་དམ་པ་ཁྱོད་མཛེས་མཛེས།།ཡང་ན།སྙན་སྙན་ཀ་ལ་པིང་ཀའི་དབྱངས་བཞིན་སྙན་སྙན་འཆད་པའི་གདངས་སྙན་སྙན།།སྙན་སྙན་རྣམ་པར་རྒྱལ་བའི་རྔ་བཞིན་སྙན་སྙན་རྩོད་པའི་སྒྲ་སྙན་སྙན།།སྙན་སྙན་དབྱངས་ཅན་པི་ཝང་རྗེས་འབྲངས་སྙན་སྙན་རྩོམ་པའི་དབྱངས་སྙན་སྙན།།སྙན་སྙན་ཁྱོད་ཀྱི་གྲགས་པའི་བ་དན་སྙན་སྙན་ཕྱོགས་ཀུན་གྲགས་སྙན་སྙན།།(༣) མཐའ་ཐོག་སྦྱར་བའི་ཟུང་ལྡན།(ཚིག་རྐང་སྔ་མའི་ཐ་མ་དང་།། ཕྱི་མའི་ཐོག་མ་སྒྲ་མཚུངས་སྦྱོར།། མཐའ་ཐོག་སྦྱར་བའི་ཟུང་ལྡན་ཡིན།)མཚོ་དང་མཚེའུ་དུ་མ་འཁྱིལ་བའི་ཁ༵།།ཁ༵་ན་ཊ་ཞེས་གྲགས་པའི་རྒྱལ་ཁམས་ན༵།།ན༵་ཆུང་བུ་མོའི་ཕེབས་གསུ་མེད་ན་ཡང༵་།།ཡང༵་ཡང་འགྲོ་འདོད་སེམས་ཀྱི་ངོས་ན་འཆར།།ཡང་ན།སྨིན་མ་འཐུག་ཅིང་མིག་འབྲས་གཞན་ལས་བཀྲ༵།བཀྲ༵་ཤིས་སྙན་ངག་སྨྲ་བའི་རྒྱལ་པོ་ལ༵།།ལ༵་ལས་བསྟོད་ཅིང་འགའ་རེས་སྨོད་ན་ཡང༵་།།ཡང༵་དག་སྙན་ངག་སྨྲ་བའི་བུ་རྒོད་ཅིག།(༤) ཀུན་ཏུ་ཟུང་ལྡན།(༈ དོན་གྱི་གོ་བ་ཐ་དད་ཀྱི། །རྐང་པ་འགའ་འམ་མཐའ་དག་ནི། །རྗོད་བྱེད་གཟུགས་མཚུངས་ཉིད་སྦྱོར་བ། །དེ་ནི་ཀུན་ཏུ་ཟུང་ལྡན་ཟེར། །རྐང་པ་བཟླས་དང་ཚིགས་བཅད་བཟླས། །ཟུང་ལྡན་ཆེན་པོའི་རྒྱན་དང་གསུམ། །ཕྱེད་བཟློས་ཡང་དག་སྦྱར་བ་ཡི།། རྐང་གཉིས་བཟློས་པའི་དབྱེ་བ་གསུམ།།རྐང་པ་ལན་གཅིག་བཟླས་པ་དྲུག ། །ལན་གཉིས་བཟླས་པའི་དབྱེ་བ་གསུམ། །ལན་གསུམ་བཟླས་པ་གཅིག་གི་ཐོག །ཚིག་བཅད་བཟླས་དང་ཟུང་ལྡན་ཆེ། །རེ་རེ་བསྣན་པས་བཅོ་ལྔའོ། །)རྐང་པ་བཟློས་པ།(རྐང་གཉིས་བཟློས་པའི་དབྱེ་བ་གསུམ།)༡ དང་པོ་དང་གསུམ་པ་བཟློས་གཉིས་པ་དང་བཞི་པ་བཟློས་པ།བློ་བཟང་གྲགས་པའི་དཔལ་གྱི་མཁྱེན་རབ་ཀྱིས།།ཆོས་མངོན་རྒྱ་མཚོར་འཇུག་པའི་གྲུ་ཆེན་བསྐྲུན།།(འཆིམས་འཇམ་དབྱངས)བློ་བཟང་གྲགས་པའི་དཔལ་གྱི་མཁྱེན་རབ་ཀྱིས།།ཟབ་རྒྱས་གསུང་རབ་རྒྱ་མཚོའི་དགོངས་དོན་འབྱེད།།(རྗེ་ཙོང་ཁ་པ)༢ དང་པོ་དང་གཉིས་པ་བཟློས་གསུམ་པ་དང་བཞི་པ་བཟློས་པ།འཕྲོག་བྱེད་རལ་བའི་གདན་དུ་མངོན་འགྱིངས་པ།། འཕྲོག་བྱེད་རལ་བའི་གདན་དུ་མངོན་འགྱིངས་པ།། མུ་སྲུན་ཚར་གཅོད་དམ་པའི་མགོན་དེར་འདུད།།མུ་སྲུན་ཚར་གཅོད་དམ་པའི་མགོན་དེར་འདུད།།༣ དང་པོ་དང་བཞི་པ་བཟློས་གཉིས་པ་དང་གསུམ་པ་བཟློས་པ།མ་རིག་རྨོངས་པའི་སྨག་ཆེན་འཇོམ་བྱེད་པ།།ཀུན་དགའི་སྣང་བའི་དཔལ་སྟེར་འཇིག་རྟེན་མིག། ཀུན་དགའི་སྣང་བའི་དཔལ་སྟེར་འཇིག་རྟེན་མིག། མ་རིག་རྨོངས་པའི་སྨག་ཆེན་འཇོམ་བྱེད་པ།།ཡང་ན།རབ་མཛེས་ལྟ་ན་སྡུག་པའི་པདྨ་ཅན།།སྦྲང་རྩིའི་བུ་ཡི་འདོད་པའི་དཔལ་སྟེར་མཆོག། སྦྲང་རྩིའི་བུ་ཡི་འདོད་པའི་དཔལ་སྟེར་མཆོག། རབ་མཛེས་ལྟ་ན་སྡུག་པའི་པདྨ་ཅན།།གཞན་རྐང་བཟློས་པ། (རྐང་པ་ལན་གཅིག་བཟློས་པ་དྲུག)༡ དང་པོ་གཉིས་བཟློས་པ།རབ་མཛེས་ལྟ་ན་སྡུག་པའི་ལང་ཚོ་ཅན།།རབ་མཛེས་ལྟ་ན་སྡུག་པའི་ལང་ཚོ་ཅན།།སྒྲ་དབྱངས་ལྷ་མོས་རྒྱལ་རྣམས་དབྱིངས་ནས་བསླངས།།སྙིང་སྡུག་དགའ་མས་བདག་ཡིད་ཡོངས་སུ་འཆིང་།།༢ དང་པོ་དང་གསུམ་པ་བཟློས་པ།རབ་མཛེས་ཟླ་བ་དཀར་པོའི་ཅོད་པན་གྱིས།།ངག་དབང་དབྱངས་ཅན་དགྱེས་པའི་ལང་ཚོ་སྐྲུན།།རབ་མཛེས་ཟླ་བ་དཀར་པོའི་ཅོད་པན་གྱིས།།མགྲིན་སྔོན་རལ་བ་མཛེས་པའི་རྒྱན་དུ་འཆང་།།༣ དང་པོ་དང་བཞི་པ་བཟློས་པ།བཅུ་ཕྲག་ཤེས་བྱའི་ཁྱོན་ཀུན་གསར་ལེར་བཞལ།།འཇམ་དཔལ་རྡོ་རྗེ་རྣོན་པོའི་མཁྱེན་རབ་ཟབ།།གངས་ཅན་ལྔ་རིག་སྲོལ་འབྱེད་ས་པཎ་ཡང་།།བཅུ་ཕྲག་ཤེས་བྱའི་ཁྱོན་ཀུན་གསར་ལེར་བཞལ།།༤ གཉིས་པ་དང་གསུམ་པ་བཟློས་པ།སྔོན་བྱོན་གྲུབ་པའི་གཙུག་རྒྱན་མི་ལ་ཡིས།།དཀའ་སྤྱད་འབད་པས་ཟུང་འཇུག་མངོན་འགྱུར་མཛད།།དཀའ་སྤྱད་འབད་པས་ཟུང་འཇུག་མངོན་འགྱུར་མཛད།།དེང་གི་ཨ ཁྱུང་མཁྱེན་རབ་སྣང་བས་ཀྱང་།།༥ གཉིས་པ་དང་བཞི་པ་བཟློས་པ།ཕྱག་ན་པདྨོའི་རྨད་བྱུང་སྤྱོད་པ་ཡིས།།ཤར་ནུབ་འཛམ་གླིང་ཆེ་རྒུའི་ཡིད་དབང་འཕྲོག།གང་གི་ཞི་བདེ་གསུང་གི་སྣང་བས་ཀྱང་།།ཤར་ནུབ་འཛམ་གླིང་ཆེ་རྒུའི་ཡིད་དབང་འཕྲོག།༦ གསུམ་པ་དང་བཞི་པ་བཟློས་པ།གང་ཞིག་མཐོང་ཐོས་དྲན་པའི་མོད་ལ་ཡང་།།བརྡ་སྤྲོད་ཀུན་བཤད་སྨྲ་བའི་བྱིན་འབེབས་པ།།ཟླ་བའི་ཅོད་པན་འཆང་བའི་ལྷ་དེར་འདུད།། ཟླ་བའི་ཅོད་པན་འཆང་བའི་ལྷ་དེར་འདུད།། ཡང་ན། གནའ་དེང་ཤེས་བྱ་ཀུན་ལ་མཁྱེན་པ་རྒྱས།།སྡེ་འདི་སྐྱོང་བའི་ཐབས་ཇུས་གཞན་ལས་ཟབ།།ངེས་སྟོན་མཆོག་གི་བཀའ་དྲིན་མི་དྲན་སུ།། ངེས་སྟོན་མཆོག་གི་བཀའ་དྲིན་མི་དྲན་སུ།། རྐང་པ་ལན་གཉིས་བཟློས་པ། (རྐང་པ་ལན་གཉིས་བཟློས་པ་བཞི།)༡ རྐང་པ་དང་པོ་གསུམ་བཟློས་པ།རབ་དང་ཕུལ་བྱུང་སྐྱབས་ཀྱི་དམ་པ་མཆོག།རབ་དང་ཕུལ་བྱུང་སྐྱབས་ཀྱི་དམ་པ་མཆོག།རབ་དང་ཕུལ་བྱུང་སྐྱབས་ཀྱི་དམ་པ་མཆོག།སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་དྲན།།༢ དང་པོ་དང་གསུམ་བཞི་བཟློས་པ།ཐར་པར་བགྲོད་པའི་ལམ་གྱི་གཙོ་བོ་མཆོག།ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་ཡང་།།ཐར་པར་བགྲོད་པའི་ལམ་གྱི་གཙོ་བོ་མཆོག། ཐར་པར་བགྲོད་པའི་ལམ་གྱི་གཙོ་བོ་མཆོག།༣ ཕྱི་མ་གསུམ་བཟློས་པ།ལྷ་ཡི་རྔ་དང་ཁྱོད་གསུང་ཁུ་བྱུག་གླུ།།སྙན་འཇེབས་རྣ་བའི་དགའ་སྟོན་མཆོག་ཏུ་གྱུར།སྙན་འཇེབས་རྣ་བའི་དགའ་སྟོན་མཆོག་ཏུ་གྱུར།སྙན་འཇེབས་རྣ་བའི་དགའ་སྟོན་མཆོག་ཏུ་གྱུར།རྐང་པ་ལན་གསུམ་བཟློས་པ(རྐང་པ་ལན་གསུམ་བཟློས་པ་གཅིག།)སྣོད་འདི་གང་ལ་བརྟེན་པའི་འབྱུང་བ་ཆེ།།སྣོད་འདི་གང་ལ་བརྟེན་པའི་འབྱུང་བ་ཆེ།།སྣོད་འདི་གང་ལ་བརྟེན་པའི་འབྱུང་བ་ཆེ།།སྣོད་འདི་གང་ལ་བརྟེན་པའི་འབྱུང་བ་ཆེ།། ཚིགས་བཅད་བཟློས་པ།དཔག་མེད་བསྐལ་བའི་སྔོན་ནས་ཐུགས་བསྐྱེད་མཐུས།།ཐུགས་རྗེ་སྤྱན་གྱིས་འགྲོ་བ་ཀུན་ལ་གཟིགས།།རྨད་བྱུང་རྣམ་ཐར་ཕལ་བའི་བློ་ལས་འགངས།།ཕྱག་ན་པདྨོས་འགྲོ་འདི་ནམ་ཡང་སྐྱོངས།། དཔག་མེད་བསྐལ་བའི་སྔོན་ནས་ཐུགས་བསྐྱེད་མཐུས།།ཐུགས་རྗེ་སྤྱན་གྱིས་འགྲོ་བ་ཀུན་ལ་གཟིགས།།རྨད་བྱུང་རྣམ་ཐར་ཕལ་བའི་བློ་ལས་འགངས།།ཕྱག་ན་པདྨོས་འགྲོ་འདི་ནམ་ཡང་སྐྱོངས།། ཟུང་ལྡན་ཆེན་པོ།རྒྱལ་བའི་སྲས་མཆོག་རྒྱལ་བའི་སྲས་ཀྱི་མཆོག།རྒྱལ་བའི་སྲས་མཆོག་རྒྱལ་བའི་སྲས་ཀྱི་མཆོག།རྒྱལ་བའི་སྲས་མཆོག་རྒྱལ་བའི་སྲས་ཀྱི་མཆོག།རྒྱལ་བའི་སྲས་མཆོག་རྒྱལ་བའི་སྲས་ཀྱི་མཆོག། ཡང་ན།བཀྲ་ཤིས་མཚོན་རྟགས་བཀྲ་ཤིས་མཚོན་པའི་རྟགས།བཀྲ་ཤིས་མཚོན་རྟགས་བཀྲ་ཤིས་མཚོན་པའི་རྟགས།བཀྲ་ཤིས་མཚོན་རྟགས་བཀྲ་ཤིས་མཚོན་པའི་རྟགས།བཀྲ་ཤིས་མཚོན་རྟགས་བཀྲ་ཤིས་མཚོན་པའི་རྟགས། (༥) བསྲེས་པའི་ཟུང་ལྡན།(༈ ཚིགས་བཅད་གཅིག་གི་ནང་ཚན་དུ། །ཟུང་ལྡན་སྣ་ཚོགས་ཕན་ཚུན་དུ། །བསྲེས་པའི་སྒྲ་ཡི་རྒྱན་ཞིག་ལ། །བསྲེས་པའི་ཟུང་ལྡན་རྒྱན་ཞེས་ཟེར། །)རབ་མཛེས་མཛེས་སྐུ་སྐུ་མཆོག་མཆོག་གསུམ་གསུམ་རྩེན་མགོན། །ལེགས་གསུང་གསུང་འཇམ་འཇམ་དབྱངས་དབྱངས་སྙན་སྙན་འགྱུར་འབུམ།།རྣམ་ཀུན་ཀུན་མཁྱེན་མཁྱེན་རབ་རབ་འབྱམས་འབྱམས་ཀླས་པ། །དགེ་ལེགས་ལེགས་ཚོགས་ཚོགས་ཞིང་ཞིང་མཆོག་མཆོག་དེ་བསྔགས།།ཡང་ན།རྣམ་དཀར་དཀར་མཛེས་མཛེས་ལྗོངས་ཞིང་འཁྲུངས་འཁྲུངས་གསར་གསར་ཚེས་ཟླ་བའི་འཛུམ།།བདུད་ཀྱིས་མི་ཐུབ་ཐུབ་བསྟན་བསྟན་འཛིན་འཛིན་མ་བྱེ་བའི་རལ་པའི་རྒྱན།།དཔལྡན་ལེགས་གསུང་གསུང་འཇམ་འཇམ་དབྱངས་དབྱངས་ལྡན་ངག་གི་དབང་ཕྱུག་དཔལ།།དགྱེས་པར་སྐྱེད་མཁས་མཁས་གྲུབ་གྲུབ་དབང་དབང་པོའི་ཞིང་གི་མགོན་དེ་རྒྱལ།། (༦) བཟློག་པའི་ཟུང་ལྡན།(ཚིགས་བཅད་ལུགས་འབྱུང་ལས་བཟློག་ནས།། ཀློག་རུང་བཟློག་པའི་ཟུང་ལྡན་ཡིན།།རྐང་བཟློག་ཚིགས་བཅད་ཕྱེད་བཟློག་དང་།།རངས་པོ་བཟློག་པའི་ཟུང་ལྡན་གསུམ།)༡ རྐང་པ་བཟློག་པ།སྣང་ཞིང་སྟོང་པ་རྫུན་དང་བདེན་པས་སྟོང་།།སྟོང་པས་བདེན་དང་རྫུན་པ་སྟོང་ཞིང་སྣང་།།དཔྱོད་ཅིང་མཁྱེན་པར་འདོད་ན་བརྩོན་པས་བསླབ།།བསླབ་པས་བརྩོན་ན་འདོད་པར་མཁྱེན་ཅིང་དཔྱོད།།ཡང་ན།བདེན་པས་སྟོང་ཡང་སྣང་ལ་སྣང་ཡང་སྟོང་།།སྟོང་ཡང་སྣང་ལ་སྣང་ཡང་སྟོང་པས་བདེན།།ལྐུགས་ཤིང་རྨོངས་རྣམས་མཐོང་བ་ལོག་པས་འཁྲུལ།།འཁྲུལ་པས་ལོག་པར་མཐོང་རྣམས་རྨོངས་ཤིང་ལྐུགས།།༢ ཚིགས་བཅད་ཕྱེད་བཟློག་པ།རྨོངས་རྟུལ་བློ་ལྡན་ཁེངས་པ་གོམས་ལ་དམན།།ལྐུགས་གླེན་བློ་བླུན་འཁྲུལ་རྟོག་ལོག་དག་གང་།།(ལུགས་ལྡོག་ཏུ་ཀློག་ན།)གང་དག་ལོག་རྟོག་འཁྲུལ་བླུན་བློ་གླེན་ལྐུགས།།དམན་ལ་གོམས་པ་ཁེངས་ལྡན་བློ་རྟུལ་རྨོངས།།༣ ཚིགས་བཅད་རངས་པོ་བཟློག་པ།རྨོངས་པ་ལྡན་བློ་འཁྲུལ་སྣང་དག་པར་རྟོག།།ལུས་ཕྲ་རབ་ལྡེམ་སྒེག་མའི་མཛེས་སྡུག་མཚར།།འཁོར་བར་འཁོར་དག་འགྲོ་ཀུན་རྨོངས་ཏེ་ཆགས།།མཁས་རྣམས་ཤེས་རབ་འོད་གསལ་སྣང་མཆོག་མཁྱེན།།(དེ་ལུགས་ལྡོག་ཏུ་ཀློག་ན།)མཁྱེན་མཆོག་སྣང་གསལ་འོད་རབ་ཤེས་རྣམས་མཁས།།ཆགས་ཏེ་རྨོངས་ཀུན་འགྲོ་དག་འཁོར་བར་འཁོར།།མཚར་སྡུག་མཛེས་མའི་སྒེག་ལྡེམ་རབ་ཕྲ་ལུས།།རྟོག་པ་དག་སྣང་འཁྲུལ་བློ་ལྡན་པ་རྨོངས།།ཡང་ན། ཆོས་ཉིད་སྟོང་པ་རྫུན་པས་དཔྱད་དོན་གྲུབ།།ལེགས་པར་དཔྱད་དག་དེ་ཉིད་མཐོང་པར་ངེས།།རྨོངས་ཤིང་ལྐུགས་པར་དག་སྣང་བདེན་པའི་ཆོས།།སྣང་ཡང་རྫུན་པར་ཆོས་ཀྱི་གནས་ལུགས་རང་།།(དེ་ལུགས་ལྡོག་ཏུ་ཀློག་ན།)རང་ལུགས་གནས་ཀྱི་ཆོས་པར་རྫུན་ཡང་སྣང་།།ཆོས་པའི་བདེན་སྣང་དག་པར་ལྐུགས་ཤིང་རྨོངས།།ངེས་པར་མཐོང་ཉིད་དེ་དག་དཔྱད་པར་ལེགས།།གྲུབ་དོན་དཔྱད་པས་རྫུན་པ་སྟོང་ཉིད་ཆོས།།གཉིས། བྱ་དཀའ་བའི་ཁྱད་པར་གཞན་སྟོན་པ།(བྱ་དཀའི་ཁྱད་པར་གཞན་གནས་པར། །བ་ལང་གཅིན་གྱི་བྱ་དཀའ་དང༌། །འཁོར་པའི་བྱ་དཀའ་རྣམ་པ་གཉིས། །)༡ བ་ལང་གཅིན་གྱི་བྱ་དཀའ་བ།(༈ ཚིགས་བཅད་གོང་འོག་ཕྱེད་སྔ་ཕྱིར། །བ་ལང་གཅིན་ལྟར་འཁྱོག་པོ་རུ། །ཀློག་ཏུ་རུང་བའི་ཚིག་སྦྱོར་དེ། །བ་ལང་གཅིན་གྱི་བྱ་དཀའ་ཡིན། །) འཇིགས་ བྲལ་ ས་ གསུམ དབང་ ཕྱུག འགྲོ་ བའི་ མགོན འཇིགས་ མེད་ ས་ སྐྱོང་ དབང་ པོ་ འགྲོ་ འདིའི་ མགོན རྒྱལ་ མཆོག་ ཁྱོད་ ཀྱིས་ སྐྱབས་ མགོན་ མི་ བྱེད་ སུ རྒྱལ་ བ་ ཁྱོད་ ལ་ སྐྱབས་ སུ་ མི་ འགྲོ་ སུ ༢ ཕྱེད་འཁོར་བྱ་དཀའ།(༈ ཚིགས་བཅད་གོང་འོག་ཕྱེད་འཁོར་ན། །ཕྱེད་དུ་འཁོར་བའི་བྱ་དཀའི་རྒྱན། །) མཛེས་ ཀུན་ རབ་ མཆོག

ཀུན་	མཛེས་	མཆོག་	རབ་

རབ་ མཆོག་ མཛེས་ ཀུན མཆོག་ རབ་ ཀུན་ མཛེས་ ཡང་ན། གསུང་ དབྱངས་ རབ་ སྙན་ དབྱངས་ རབ་ སྙན་ གསུང་ རབ་ སྙན་ གསུང་ དབྱངས་ སྙན་ གསུང་ དབྱངས་ རབ་ ༣ ཀུན་ཏུ་འཁོར་བའི་བྱ་དཀའ། ལྟ སྤྱོད སྒོམ པའི ཡང དག ལམ བཟང མཁྱེན བཙུན ལྡན དཀའ ཐུབ འཕགས པའི རིགས བཞིར སྤྱོད འགྲོ བ རྒྱུད ལྔས བསྡུས པར རྣམ ཀུན ཏུ ཕན པའི བརྩེ བ འབུམ གྱིས ཁྱུད པ ལས རྣམ དག སྤྲོས དང བྲལ བའི་ ཆོས ཚུལ སྙིང ལོངས སུ སྤྱོད པའི བགོ སྐལ རྣམ ཀུན འབྱེད ཟབ གསང རྣམ བཞིའི འབྱམས ཀླས རྒྱུད སྡེ ཀུན གང གི མཁྱེན པ རྣམ གསུམ མེ ཡོང གསལ བཅུ ཕྲག གིས བསྡུས མཐའ དག ཤེས བྱའི ཁྱོན སྐྱེས སྦྱངས གོམས པའི ཁྲིམས ཀྱི ཞགས པས འཆིངས ཕུལ བྱུང ཡོན ཏན ཅན དང གྲུབ པའི གཙོ ཀུན་ ཀྱང གང ལ གུས ལྡན ཕྱག གིས འཆད ཟང ཟིང ཡོན ལ ཆགས དང བྲལ བ ཡི ཚངས སྤྱོད གནས བརྟན བྱེ བ་ འདུས པའི སྡེར འཆད པའི ཆོས ཚུལ ལེགས བཤད གསལ བས ན རྨོངས བས གདུང རྣམས བློ མིག འབྱེད པའི འཕྲུལ མཁས རློམ ཕས རྒོལ འཇོམས པའི རིགས ཚུལ ཟབ མཛེས ལྡན ཚིག སྦྱོར མཁས པ བྱེ བའི གཙོ མགོན ཁྱོད མང ཐོས ནོར གྱིས བྱང ཕྱོགས རྒྱལ སྒོམ སྟོབས ཉོན མོངས འཇོམས པའི རྟོགས པ བཟང གང གི རྣམ གསུམ ངུར སྨྲིག རྒྱན དེ ནི དྭངས བའི ཀུན གསལ འཇའ ཚོན ཕོན པོའི ཟླ ལེགས གསུང བདག མེད སྨྲ བའི དཔལ གྱི དབྱངས དབ དུབ བྲལ བས ལེགས བཤད མཛད པ སྙན ངེས པར རྙེད དེ ཆོས ཀྱི རྗེས འབྲངས ཐུགས བརྩེ ཆེན ནུས དང མཁྱེན པ རྒྱ མཚོས ཕྱུག ཀུན བཟང འཇམ པའི དབྱངས དང ཨོྂ མཛད བཞིན རླབས ཆེན མཛད འཕྲིན བློ ཡིས དཔོག པར དཀའ མདོ སྔགས ཀུན སྤེལ མཁྱེན དཔལ དང མཉམ པའི གསུང སྐྱེས སློབ བཟང འཁྲུལ རྟོག གྲལ བ་ མང སྲིད ཞིའི ལེགས ཚོགས གཅིག བསྡུས འཇམ མགོན སྲོལ རབ དཀར གྲགས པའི བ དན རྣམ ཀུན སྒྲེངས རྒྱལ བསྟན བཤད སྒྲུབ ནོར བུའི གླིང བཟང པོར ལུང དང རྟོགས པའི འོད སྣང སྤྲོས པའི རླབས ཐུབ པ གཞན གྱིས མི མཚོན སྙིང སྟོབས བློ མཉམ མེད མཆོག དེ སྤྱི བོའི རྒྱན དུ འཛིན

(༈ ཚིགས་སུ་བཅད་པའི་སྟེང་འོག་དང༌། །གྲ་བཞི་མཐའ་དབུས་ཕྱོགས་ཀུན་ནས། །ལུགས་འབྱུང་ལུགས་ལྡོག་ཅི་རིགས་སུ། །སྒྲ་མཚུངས་པ་འམ་ཀློག་རུང་བ། །དེ་ནི་ཀུན་བཟང་འཁོར་ལོའི་རྒྱན། །ཟླུམ་པོ་དང་ནི་གྲུ་བཞི་གཉིས། །གཞན་ཡང་རིན་སྤུངས་དཔལ་སྒང་དང༌། །རྒྱལ་དབང་གཉིས་པ་ལྔ་པ་དང༌། །བོད་མཁས་པཎ་ཆེན་བདུན་པ་དང༌། །དེང་གི་ཚེ་ཏན་ཞབས་དྲུང་སོགས། །མཁས་པ་སོ་སོའི་རྣམ་དཔྱོད་ལས། །བཟོ་དབྱིབས་སྡེབ་སྒྲིགས་སྣ་ཚོགས་ཡོད། །དེ་དག་སོ་སོའི་གསུང་ལ་གཟིགས། །)མཚུངས་མེད་རྗེ་བཙུན་བླ་མ་བློ་བཟང་འཇམ་དབྱངས་ལ་བསྔགས་པ་དད་པའི་ཆུ་གཏེར་འཁྲུགས་པའི་རྦ་རླབས།ཀུན་བཟང་འཁོར་ལོ། ཚེ་ཏན་ཞབས་དྲུང་ལུགས་ཀྱི་ཀུན་བཟང་འཁོར་ལོ།གསུམ། དབྱངས་སོགས་ངེས་པའི་བྱ་དཀའ།(༈ དབྱངས་དང་གནས་དང་ཡི་གེ་རྣམས། །ངེས་པར་གང་དུ་བྱ་དཀའ་བ། །བཞི་ལ་སོགས་ལ་རབ་བསྟན་འདི། །དབྱངས་སོགས་ངེས་པའི་བྱ་དཀའི་རྒྱན། ། དེ་ལ་དབྱངས་དང་གནས་དང་ནི། །གསལ་བྱེད་ངེས་པ་རྣམ་གསུམ་སྟེ། །དེ་དག་ནང་གསེས་རེ་རེ་ལའང༌། །རྐང་པ་བཞི་ལ་བཞི་དང་གསུམ། །གཉིས་དང་གཅིག་ཏུ་ངེས་པ་སྟེ། །བསྡོམས་པས་རྣམ་གྲངས་བཅུ་གཉིས་སོ། །) དབྱངས་ངེས་པའི་བྱ་དཀའ་བ། ༡ དབྱངས་བཞིར་ངེས་པ་ནི། ཞི་བསིལ་དབྱིངས་རིག་ཏིང་འཛིན་པིར་རིས་ཀྱིས།།ཟབ་གསལ་ཡང་དག་ལམ་བཟང་གཞལ་མཁས་པ།།བརྩེ་ཆེན་ཡེ་ཤེས་མཁྱེན་གཏེར་དགེ་བཤེས་ཆེས།།ཡུལ་གྲུ་ཀུན་ཏུ་ཚུལ་མཐུན་ལུགས་ཟུང་བསྐྲུན།།༢ དབྱངས་གསུམ་དུ་ངེས་པ། ཁེངས་དྲེགས་སེམས་དབེན་ཐེག་ཆེན་སེམས་བསྐྱེད་དེ།།ཡང་ཡང་ཡང་དག་དང་བས་ཕྱག་བྱས་པས།།འགྲིགས་འགྲིགས་ཚིག་རིས་ཇི་བཞིན་སྒྲིག་མིན་པའི།།ཆགས་སྡང་སྤངས་ནས་ས་ལམ་ཉམས་བཟང་བརྟས།།༣ དབྱངས་གཉིས་སུ་ངེས་པ།སྒྲོ་འདོགས་ལོག་རྟོག་བློ་གྲོས་རྣོན་པོས་བཅོམ།།ལོག་སྨོན་ཉོན་མོངས་སྐྱོན་ཚོགས་གནོད་འཇོམས་སྒོ།།ལེགས་ཕྱེ་བརྩེ་ཆེན་དགེ་ལེགས་བཤེས་གཉེན་དེར།།ཀུན་ཏུ་རབ་ཏུ་གུས་འདུད་དུས་ཀུན་ཞུ།།ཡང་ན། རྣམ་དག་བསམ་པས་ཡང་དག་ལྟ་བ་ལ།།འབད་པ་བྱས་ནས་བདག་ལྟ་སྤངས་བྱས་པས།།ཚོགས་སྦྱོར་མཐོང་སྒོམ་སློབ་མགོན་དཀོན་མཆོག་དོན།བློ་རྨོངས་སྒྲོགས་གཅོད་བློ་གྲོས་མཚོ་མོ་བརྡོལ།།༤ དབྱངས་གཅིག་ཏུ་ངེས་པ།དགེ་ལེགས་བརྩེ་ཆེན་མཁྱེན་གཏེར་ཡེ་ཤེས་ཆེ།།བདེ་གཤེགས་ཐེག་ཆེན་སེམས་བསྐྱེད་འདྲེན་བྱེད་རྗེ།།ཁེངས་དྲེགས་སྲེད་ལེན་གཤེད་འདྲེ་མེས་བསྲེགས་ཏེ།།ངེས་ལེགས་བདེ་ཆེར་གེགས་མེད་འཛེགས་དེ་ལེགས།། (2) གནས་ངེས་པ། ༡ སྐྱེ་གནས་བཞིར་ངེས་པ། ཨ་ཁུ་གུར་མགོན་མགོ་དཀར་གངྒའི་ཁར།།ལུག་འཐུག་དེད་ནས་ལ་ལུང་ལྷོད་ལྷོད་བདས།།ཅ་ཅོ་ཆུ་རླབས་ཆེས་ཆེར་རབ་བརྩེགས་འཇིངས།།པདྨ་སྤུངས་པའི་ཕུང་པོ་ཕུ་བོར་ཕུལ།།༢ སྐྱེས་གནས་གསུམ་དུ་ངེས་པ།སྤོ་བོ་སྨོ་མོ་ཕ་མ་བུ་མོ་བུ།།བྱེ་མ་སྤུར་པའི་བྱང་ཕྱོགས་བྲག་འཕྲང་བྲལ།།ངུ་གིན་ངུ་གིན་ཁ་ཁར་ཀི་སྒྲ་སྒྲོགས།།ད་དུང་ཐུག་འདོད་དུང་དུང་དྲན་ནས་བལྟས།།༣ སྐྱེས་གནས་གཉིས་སུ་ངེས་པ།སོ་སོ་སོ་སོའི་ས་ནས་འདོད་དོན་འཚོལ།།(སོ)ལ་ལ་རྟག་ཏུ་རྟ་ཐོག་བསྡད་ལ་བརྟག།(སོ)ལ་ལ་ལྷ་ལ་ལྷག་ཏུ་དད་སྟོབས་ལྡན།།(སོ)གང་གང་གང་གིས་གང་བཀོད་ཁ་ཁར་འཁོད།།(མགྲིན་པ)༤ གནས་གཅིག་ཏུ་ངེས་པ།བདེ་ཆེན་དོན་དུ་སྡེ་སྣོད་བདེ་བླག་ཏུ།།ཀློག་དུས་ལྕེ་རྩེ་ཅ་ཅོ་དང་བྲལ་ཏེ།།དལ་དལ་ལྷོད་ལྷོད་དོ་ནན་ཆེ་ལྡན་ལ།།ལ་ལ་ཡིད་སྤྲོ་བརྟས་ནས་ཆེད་བསྟོད་སྒྲོགས།།(3) གསུམ་པ་གསལ་བྱེད་ངེས་པ།༡ གསལ་བྱེད་བཞིར་ངེས་པ།ལ་ལ་ལེ་ལོས་ལུགས་ལེགས་ལམ་ལམ་ལུག།རེ་རེ་རོང་རོང་རེ་རེ་རོ་རེ་རེ།།ཁ་ཁར་ཁ་བའི་ཁང་ཁྱིམ་ཁུག་ཁུག་འཁོར།།ད་དུང་དལ་དལ་དུང་དུང་དེད་དེ་བསྡད།།༢ གསལ་བྱེད་གསུམ་དུ་ངེས་པ།ཀ་ཀ་ ཀ་ཀཱ་ ཀི་ཀོང་ ཀིང་ཀོང་ ཀེར །།ཁ་ཁར་ཁ་ཁུག་ཁ་ཁུ་ཁ་ཁྱུད་ ཁེབས།།གྱ་གྱུ་འགྲོས་རྒྱུ་འགྲམ་གྱི་གྲི་མགོར་གྲིམ།།དགྲར་འགྲན་གྲོས་བགྲོས་གྲ་སྒྲིག་གྲ་རྒྱས་གྲུབ།།༣ གསལ་བྱེད་གཉིས་སུ་ངེས་པ།ལོ་ལོ་ལོ་ལོར་ལམ་ལུགས་ལང་ལོང་ལུད།།ལ་ལོ་ ལ་ལ་ལོག་ལམ་ལིང་ལིང་ལོག།གཅིག་ཅིག་ གཅིག་ལྕོགས་བཅོས་བཅས་བཅིལ་བཅིལ་ བཅལ། །ཅ་ཅ་ཅོ་ཅོའི་ཅལ་ཅོལ་ཅས་ཅུས་ ཅི།།༤ གསལ་བྱེད་གཅིག་ཏུ་ངེས་པ།ལ་ལ་ལ་ལ་ལ་ལ་ལོག་ལམ་ལ།།ལ་ལ་ལོ་ལོན་ལ་ལ་ལེ་ལོས་ལོན།།ལོ་ལོར་ལག་ལེན་ལམ་ལམ་ལ་ལོ་ལོན།།ལམ་ལམ་ལམ་ལུགས་ལམ་ལུམ་ ལམ་ལོག་ལུད།།ཡང་ན། ཀོ་ཀོའི ་ཀོ་ཀྲད་ཀོ་སྐྱིས་ཀོ་སྐུད་ཀྱིས།།ཀོང་ཀོང་བསྐུམས་བཀུག་ཀོར་ཀོར་ཀྱར་ཀྱོར་བརྐྱངས།།རྐང་ཀོར་རྐང་བསྐྱུར་རྐང་སྐྱོབ་རྐང་དཀྲི་དཀྲིས།།རྐྱང་རྐྱང་རྐྱང་དཀར་ལྐ་ལྐོག་ཀྱག་ཀྱོག་བསྐང་།།གབ་ཚིག་གི་གོ་དོན་དང་དཔེར་བརྗོད།(གབ་ཚིག་གི་གོ་དོན། གབ་བྱའི་བརྗོད་དོན་གང་ཡིན་དེ། །གབ་བྱེད་ཚིག་གི་སྦྱོར་བ་ཡིས། །མངོན་པར་སྒྲིབ་ཏེ་སྐབས་མིན་གྱིས། །གོ་མི་ནུས་པ་གབ་ཚིག་རྒྱན། །དེ་ལ་དབྱེ་ན། ཀུན་ཚོགས་སླུ་བྱེད་རིམ་པ་བྲལ། །རབ་བཅོམ་མཐུན་གཟུགས་རྩུབ་མོ་གྲངས།།རབ་བཏགས་མིང་འདུས་བསྒྲིབས་མཐུན་སྒྲ། །རྨོངས་དང་ཡོངས་འཕྲོག་གཅིག་གཉིས་སྒྲིབ། །ཡོངས་འདྲེས་རྒྱན་ཏེ་བཅུ་དྲུག་ཡོད། །གབ་ཚིག་གི་རྒྱན་ལ་དབྱེ་ན། ཀུན་ཚོགས་གབ་ཚིག་དང༌། སླུ་བྱེད་གབ་ཚིག རིམ་པ་བྲལ་བའི་གབ་ཚིག རབ་བཅོམ་གབ་ཚིག མཐུན་གཟུགས་གབ་ཚིག རྩུབ་མོ་གབ་ཚིག གྲངས་ཀྱི་གབ་ཚིག རབ་བཏགས་གབ་ཚིག མིང་འདུས་གབ་ཚིག བསྒྲིབས་པའི་གབ་ཚིག མཐུན་སྒྲའི་གབ་ཚིག རྨོངས་པའི་གབ་ཚིག ཡོངས་འཕྲོག་གི་གབ་ཚིག གཅིག་སྒྲིབ་གབ་ཚིག གཉིས་སྒྲིབ་གབ་ཚིག ཡོངས་འདྲེས་གབ་ཚིག་གི་རྒྱན་ཏེ་བཅུ་དྲུག་ཡོད།) ༡ ཀུན་ཚོགས་གབ་ཚིག་ནི།ཚིག་མཚམས་སྦྱར་བས་དོན་སྦས་པ། །ཀུན་ཏུ་ཚོགས་པའི་གབ་ཚིག་ཡིན། །དཔལ་གྱིས་མཛེས་མ་ལགས་པའི་ལོ་ན་ཅན།།ལང་ཚོ་རྒུད་མིན་རྒུད་པའི་གནས་གྱུར་པ།།བཞིན་བཟང་མ་འདི་བདག་གི་མ་མ་ལགས།།ཅི་ཕྱིར་བརྩེ་བའི་དྭངས་མ་སྦྱིན་མི་བྱེད།། གབ་བྱ་དགའ་མ་དང༌། གབ་བྱེད་ཨ་མ།༢ བསླུ་བྱེད་གབ་ཚིག གབ་བྱེད་ཡོངས་གྲགས་སྒྲས་ཕྱེར་ནས། །གབ་བྱ་སླུ་བ་སླུ་བྱེད་རྒྱན། །ཟླ་འོད་མུན་པས་ཟས་པའི་མཚན་མོ་ན།།སྲ་མཁྲེགས་རྒྱུག་པ་སྦོམ་པོས་ཁྱི་རྡུང་པ།།མུན་པ་གོས་སུ་གྱོན་པའི་རྐུན་པོ་དག།བྱ་བ་འདི་ལ་འཇུག་པ་ཅིས་ཀྱང་རུང༌།།འདིའི་གབ་བྱ་འབྲོག་ཁུལ་དུ་མཚན་མོར་བུ་མོ་བསྟེན་པ་དང་གབ་བྱེད་ཁྱི་རྡུང་པ་ཙམ་ཡིན། ༣ རིམ་པ་བྲལ་བའི་གབ་ཚིག( ཚིག་སྦྱོར་ཤིན་ཏུ་འཁྲུགས་པ་ཡིས། །དོན་ལ་རྨོངས་བྱེད་རིམ་པ་བྲལ། །) མི་བསྟེན་རྨོངས་པའི་རྒོལ་བ་དག་གི་ཁྱུ།།ཆོས་མཁས་བརྒྱད་ལྡན་འཇིག་རྟེན་ལ་རྩེན་ནས།།འཕགས་ནོར་འཁྲུལ་བ་ཀློང་འདས་ཡང་དག་ལམ།།ལྟ་བའི་སྤྱོད་ལྡན་དམ་པ་མིན་ནམ་ཅི།། གབ་བྱ་མཁས་པ་དང་གབ་བྱེད་ཟོག་པོ། ༤ རབ་བཅོམ་གྱི་གབ་ཚིགསྒྲ་དོན་གང་རུང་སྦྱོར་བས་དོན། །རྟོགས་དཀའི་ཚིག་ཕྲེང་རབ་བཅོམ་རྒྱན། །ཕུག་གི་ཁེ་ཕན་མི་ཡི་ལག་ཏུ་བཏོད།།རིགས་མཐུན་གྱོང་དང་མགོ་རྡུང་གཏོང་ལ་མཁས།།རྒྱང་རིང་ལེ་དབར་སྟོང་གི་བས་མཐའ་ནས།།ཡོངས་རྫོགས་མི་ལ་བཙོང་པའི་ཚོང་དཔོན་གང༌།།གབ་བྱ་ང་ཕོད་དང་གབ་བྱེད་ཚོང་དཔོན། ༥ མཐུན་གཟུགས་གབ་ཚིག་ནི། (བཏགས་པའི་དོན་བཀོད་ཚིག་སྡེབ་ཀྱིས།།བརྗོད་དོན་སྒྲིབ་པ་མཐུན་པའི་གཟུགས། ) སྟོང་གསལ་དབྱིངས་སུ་ཅི་དགའ་རྩེན་བྱེད་ཅིང༌།།ལི་ཁྲིའི་མདངས་ཀྱིས་མུན་པ་གསལ་དང་ལྷན།།འགྲོ་བློའི་གདུང་བ་བཅིལ་བའི་དཔལ་ལྡན་པ།།འཆར་ཀའི་ཟླ་བ་འདི་ནི་ཡིད་དུ་འོངས།།  གབ་བྱའི་དོན་དངོས་ནི་བླ་མ་དང་གབ་བྱེད་ཟླ་བ། ༦ རྩུབ་མོའི་གབ་ཚིག མཚན་ཉིད་ཡོད་ཙམ་ངེས་ཚིག་དང༌། །ལྡན་པའི་ཚིག་རྒྱན་རྩུབ་མོ་འོ། །ས་བརྟོལ་ས་གཞི་དག་ལ་བརྟེན་ཅིང་སྐྱེས།།སྔོ་ལྗང་ཡལ་འདབ་ལོ་མའི་ཁུར་རབ་འཆང༌།།ཀུན་གྱི་དཔྱིད་གྱུར་དྲི་བསུང་མངར་ན་ཡང༌།།ནམ་ཞིག་མེ་དང་འཕྲད་ན་སོལ་བར་འགྱུར།།  འདིའི་གབ་བྱ་ཙན་དན་དང་གབ་བྱེད་དཔག་བསམ་གྱི་ཤིང་ཡིན།༧ གྲངས་ཀྱི་གབ་ཚིག   (གྲངས་ཀྱི་མིང་གིས་གབ་བྱ་དེ། །རྨོངས་བྱེད་གྲངས་ཀྱི་གབ་ཚིག་ཡིན། །) དྲུག་པའི་བཞི་པར་དཀོན་མཆོག་གྲངས་ལྡན་དབྱངས།།སྲིན་པོའི་ཟས་ལ་མེ་ཞུགས་བཅུ་པའི་མཐའ།།ཨ་བྷྱའི་སྐད་ཀྱི་དོད་ལྡན་གང་དེ་ཉིད།།གནས་མཆོག་ཡི་གེ་བཞི་པའི་གནས་ནས་མཇལ།།གབ་བྱ་ཡེ་ཤེས་འཇིགས་མེད་དང་གབ་བྱེད་གྲངས་སོགས་མངོན་བརྗོད་ཀྱི་ཚིག་སྦྱོར་ཙམ་ཡིན།༨ རབ་གཏགས་ཀྱི་གབ་ཚིག (བརྗོད་དོན་གཞན་དུ་སྒྲོ་བཏགས་ཏེ། །སྒྲིབ་པ་རབ་བཏགས་གབ་ཚིག་ཡིན། །)གངས་རའི་ཕང་པ་འཚོ་བའི་འབབ་སྟེགས་བྱས།།དཀའ་ཐུབ་སྤྱད་པས་ལུས་ངག་དུལ་པ་ལ།།མི་སྲུན་གནོད་པའི་མདའ་ཡིས་བཙེས་གྱུར་ན།།འཇིག་རྟེན་དབང་ཕྱུག་ལས་གཞན་སུ་ཡིས་སྐྱབས།།གབ་བྱ་སྤྱན་རས་གཟིགས་དང་གབ་བྱེད་དབང་ཕྱུག་ཡིན།༩ འདུས་པའི་གབ་ཚིག  (དོན་མང་ལ་འཇུག་མིང་གཅིག་ཉིད། །གབ་བྱར་བཏགས་པ་འདུས་པའི་རྒྱན།)རྟག་ཏུ་ཞི་བ་གཉིས་སྐྱེས་དབང་ཕྱུག་མཆོག།།བདུད་རྩིའི་དཔལ་གྱུར་འགྲོ་བའི་བླ་ན་འཕགས།།མི་མཐུན་ཀུན་ལས་རྣམ་པར་རྒྱལ་བའི་མགོན།།དྲག་པོ་མ་ལགས་འཇུག་པ་བཅུ་པ་མིན།། གབ་བྱ་སངས་རྒྱས་དང་གབ་བྱེད་དབང་ཕྱུག་དང་ཁྱབ་འཇུག་༡༠ བསྒྲིབས་པའི་གབ་ཚིག ( ཚིག་གི་ཆོས་མཚུངས་ལ་རིག་པས། །དོན་གཞན་སྒྲིབ་པ་བསྒྲིབས་པས་སོ། །)འདི་སྣང་འཚོ་བའི་བདེ་བ་སྒྲུབ་པའི་སླད།།ཚེ་སྲོག་གནས་པའི་གད་ཆགས་ལྡན་པ་ཡི།།གཞན་ལུས་དུམ་བུར་གཏུབ་པའི་ཆོ་ག་མཁན།།ཉམ་ཐག་འགྲོ་བའི་སྲོག་གི་གཤེད་མ་ལགས།། འདིའི་གབ་བྱ་སྨན་པ་དང་གབ་བྱེད་བཤན་པ།།༡༡ མཐུན་པའི་སྒྲའི་གབ་ཚིག (དངོས་མིང་མི་གསལ་རྣམ་གྲངས་སྒྲ། །བཀོད་པ་དོན་སྒྲིབ་མཐུན་པའི་སྒྲ། །)རབ་རྒྱས་རྣམ་བཀྲ་ཀུན་གྱི་ཡིད་འོངས་པ།།སྦྲང་རྩིའི་བུ་ལ་རྩེད་དགའི་དཔལ་སྟེར་མཆོག།མཚོ་སྐྱེས་དཔལ་གྱིས་མངོན་པར་མཛེས་པ་ཡི།།པད་མ་ཅན་འདིས་མཐོ་རིས་ཤིས་པ་སྒྲུབ།།གབ་བྱ་དཔལ་མོ་དང་གབ་བྱེད་པདྨའི་ཡུ་བ་ཡིན།༡༢ རྨོངས་པའི་གབ་ཚིག (བརྗོད་དོན་དངོས་སུ་བསྟན་ན་ཡང༌།།ཚིག་གིས་རྨོངས་བྱེད་རྨོངས་པ་ཡིན། །)སྟོབས་ལྡན་དཔའ་བོ་རང་སའི་བཙན་འགག་ན།།ཁྲོ་བོས་རྒྱབ་ཀྱིས་ཕྱོགས་ཏེ་བསྒྱིངས་པ་དང༌།།ཆགས་པའི་མིག་དག་དམར་བས་གཞན་སྡེ་ལ།།སྲིད་སྒྲུབ་དགའ་བའི་ཕྱག་མཚན་སྦྱིན་པར་བྱེད།།གབ་བྱ་དཔའ་བོ་གཡུལ་སར་མཆོང་བ་དང༌། གབ་བྱེད་དགྲ་ལ་མགོ་འདོགས་བྱས་པ་དེ་ཡིན།༡༣ ཡོངས་འཕྲོག་ཀྱི་གབ་ཚིག(ཚིག་སྦྱོར་སྔ་མའི་བརྗོད་དོན་རྣམས།།ཕྱི་མས་འཕྲོག་པ་ཡོངས་འཕྲོག་ཡིན། །)ཤིང་རྟ་བཅུ་པའི་བུ་དགྲའི་ལྷ་ཡི་གཙོ།།བཀའ་ཐུབ་བཟློག་མའི་ཡབ་ཀྱིས་བསྐྲུན་པའི་ལུས།།དྲག་པོས་མེ་ལ་བསྲེགས་པའི་དཔུང་ཚོགས་ཁྱུ།།འབུམ་ཕྲག་གཡུལ་ངོར་འཇོམས་པའི་དཔའ་བོ་ཁྱོད།།གབ་བྱ་སངས་རྒྱས་དང་གབ་བྱེད་སྔ་ཕྱི་ཡོངས་འཕྲོག་གི་ཚིག་སྦྱོར་ཙམ་ཡིན།༡༤ གཅིག་གིས་སྒྲིབ་པའི་གབ་ཚིག (རྟེན་སྦས་བརྟེན་པ་གཅིག་པུ་གསལ། །ཚིག་སྦྱོར་དེ་ནི་གཅིག་བསྒྲིབས་སོ། །)ནོར་བུའི་ཕྲ་ལྡན་མུ་ཏིག་འཕྱངས་འཕྲུལ་དང༌།།སིལ་སིལ་གཡེར་ཁ་མཚོན་པའི་གདུ་བུ་ཡིས།།འགུགས་ཤིང་འཁྱོག་པའི་གནམ་རུའི་ལུས་ཉིད་ལ།།རྒྱན་དུ་སྤྲས་པ་བཞད་གད་ལས་གཞན་ཅི།།འདིའི་གབ་བྱའི་རྟེན་རྒན་མོ་རྒྱན་ཆ་བཏགས་པ་དང་གབ་བྱེད་གཞི་ཤིང་ལ་སྐེ་རྒྱན་དང་གདུབ་བུ་སོགས་བཏགས་ན་བཞད་གད་ཀྱི་གནས་ཡིན་པ་དེ་ཡིན།༡༥ གཉིས་ཀ་སྒྲིབ་པའི་གབ་ཚིག( རྟེན་དང་བརྟེན་པ་གཉིས་ཀ་སྦས། །ཚིག་སྦྱོར་དེ་ནི་གཉིས་ཀ་བསྒྲིབས། །)གང་ཞིག་སྲིད་འདིར་བླ་ན་འཕགས་པ་དེས།།རྨད་བྱུང་ལེགས་པའི་ཆ་ཤས་གང་སྟེར་པ།།སུ་དང་གང་གིས་བགོ་སྐལ་ཐོབ་གྱུར་ན།།དེ་དང་དེ་དག་ལེགས་པའི་སྒོ་བརྒྱར་འཇུག།གབ་བྱེད་ཟླ་བ་དང་གབ་བྱ་སངས་རྒྱས་ཡིན།༡༦ ཡོངས་འདྲེས་གབ་ཚིག( གབ་ཚིག་མཚན་ཉིད་སྣ་ཚོགས་པ། །འདྲེས་པ་དེ་ནི་ཡོངས་འདྲེས་རྒྱན། །)མེ་ཡི་གྲངས་ཞུགས་ནག་པོ་བརྩེགས་པའི་གཟིས།།མངོན་པར་བཙེས་པས་ལོ་མའི་མཛེས་སྡུག་ཉམས།།རྒས་ཤིང་འཁྱོགས་པའི་ཡལ་འདབས་ལྔ་པོ་ལ།།རྣམ་བཀྲའི་འབྲས་བུས་དུབ་པ་ལྟས་ངན་ཡིན།།གབ་བྱ་རྒན་ཁོག་དང་གབ་བྱེད་ཤིང་སྡོང་ཡིན།སྙན་ངག་གི་སྐྱོན་སེལ།( ༈ སྙན་ངག་ཕུན་སུམ་ཚོགས་པའི་གཞི། །ལུས་སྲོག་རྒྱན་གྱི་ཉམས་འགྱུར་ལས། །ལྡོག་པའི་སྒྲ་དོན་སྐྱོན་ཅན་ནི། །སྙན་ངག་མཁན་པོས་སྐྱོན་དུ་བགྲངས། །དོན་ཉམས་དོན་འགལ་དོན་གཅིག་པ། །ཐེ་ཚོམ་ཅན་དང་རིམ་པ་ཉམས། །སྒྲ་ཉམས་གཅོད་མཚམས་ཉམས་པ་དང༌། །སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་བྲལ། །ཡུན་དུས་སྒྱུ་རྩལ་འཇིག་རྟེན་དང༌། །ལུང་རིགས་དག་དང་འགལ་བ་སྟེ། །བཅུ་པོ་འདི་དག་སྙན་ངག་སྐྱོན། །༈ སྦྱོར་ཚུལ་མཁས་པའི་ཁྱད་པ་ལས། །དེ་དག་ལས་ལྡོག་དམིགས་བསལ་ཉིད། །)༡ དོན་ཉམས་པའི་སྐྱོན།(ཚིག་ཕྲེང་མང་པོ་ཚོགས་ན་ཡང༌། །དོན་གྱིས་སྟོང་པ་དོན་ཉམས་སྐྱོན། །)ཉི་མའི་དཀྱིལ་ནས་བླངས་པའི་འཁྱགས་པ་དང་།།ཟླ་བ་ཆུ་ལ་སྦངས་པའི་མེ་ལྕེ་གཉིས།།ཟུང་དུ་འབྲེལ་བའི་བཟང་དྲུག་སྨན་སྦྱོར་འདིས།།བཞི་བརྒྱ་རྩ་བཞིའི་ནད་རིགས་ཀུན་ལ་ཕན།།༢ དོན་འགལ་བའི་སྐྱོན། (༈ བརྗོད་དོན་སྔ་མས་ཕྱི་མ་འཇོམས། །འགལ་བའི་དོན་ཅན་ཉིད་ཀྱི་སྐྱོན། །)རྣམ་དག་འདུལ་འཛིན་ཆེན་མོའི་གསང་ཡུམ་གྱི།།འདོད་པའི་སྒྱུ་རྩལ་གཞན་གྱིས་འགྲན་ནུས་མིན།།བཙུན་མོ་བརྒྱ་ལྡན་གོང་མའི་སྐུ་ལུས་ལ།།རྣམ་གསུམ་ངུར་སྨྲིགས་ཀླུབས་པ་ཤིན་ཏུ་མཛེས།།དམིགས་བསལ།ཟླ་འོད་སྙིང་ལ་ཟུག་པས་ཚ་གདུང་འཕེལ།།དྲན་པས་གདུང་བས་ཉི་མ་ལོ་ལས་རིང་།།༣ དོན་བཟློས་པའི་སྐྱོན།༈ དགོས་མེད་དོན་གཅིག་ཡང་ཡང་བཟླས། །དོན་གཅིག་པ་ཡི་སྐྱོན་ཉིད་དོ། །གལ་ཏེ་ཁྱོད་ཉིད་ཁྲོམ་ལ་ཕེབས་མཛད་ན།།ཁྲོམ་ནས་ཅ་ལག་ཁ་ཤས་ཉོ་རོགས་གྱིས།།ཅ་ལག་ཁ་ཤས་ཁྲོམ་ནས་ཉོ་རོགས་གྱིས།།དགོས་པའི་ཅ་ལག་ཁ་ཤས་ཉོ་རོགས་གྱིས།།དམིགས་བསལ།ཉིན་མཚན་དུས་དྲུག་ཁྱོད་ཉིད་ཤིན་ཏུ་དྲན།།ཉིན་མོ་ལས་ཁུངས་ནང་དུ་ཁྱོད་རང་དྲན།།མཚན་མོ་ཟླ་འོད་འོག་ཏུ་ཁྱོད་རང་དྲན།།ཆང་དང་ཨ་རག་འཐུང་དུས་ཁྱོད་རང་དྲན།།༤ ཐེ་ཚོམ་གྱི་སྐྱོན། ༈ བརྗོད་དོན་ངེས་བཟུང་མི་གསལ་བས། །སོམ་ཉི་སྐྱེད་བྱེད་ཐེ་ཚོམ་སྐྱོན། །ཉི་མའི་དཀྱིལ་འཁོར་གནམ་གྱི་མཐོངས་ན་རྩེན།།སྔོན་བྱོན་ལོ་ཙཱ་མཁས་རྣམས་ཞི་བར་གཤེགས།།འཇིག་རྟེན་མིག་གིས་པད་མའི་མེ་ཏོག་ཚལ།།བཞད་པ་ནུས་སམ་ང་ཡི་གྲོགས་པོ་ལགས།།ཡང་ན།བསྟན་བཅོས་ལམ་རིམ་གསུམ་པའི་ནང་ཡོད་པའི།།སློབ་ཕྲུག་ཉི་མ་རྒྱལ་སའི་ཁྲོམ་གཞུང་ལ།།ཅ་ལག་ཉོ་བར་སོང་ཞེས་ལས་ཁུངས་ནས།།ཕེབས་པའི་བཀའ་ཡིག་ཇི་བཞིན་སྒྲུབས་ཤིག་ཀྱེ།།(འཛིན་གྲྭ་འདིར་སློབ་ཕྲུག་ཉི་མ་གསུམ་ཡོད།)དམིགས་བསལ། གལ་ཏེ་ཡུལ་གྱར་གནས་པའི་བོད་རིགས་དག།།ཆོས་རིགས་རང་དབང་ལྡན་པས་རང་ཡུལ་དུ།།ལོག་པར་ནུས་ན་རང་བཙན་གཙང་མ་དང་།།དབུ་མའི་ལམ་ལ་ཁྱད་པ་ཅི་ཡང་མེད།།༥ རིམ་པ་ཉམས་པའི་སྐྱོན། མདོར་བསྟན་རྗེས་བཤད་གོ་རིམ་དག །འཁྱམས་ན་རིམ་པ་ཉམས་པའི་སྐྱོན། །དབུས་གཙང་མདོ་སྟོད་མདོ་སྨད་གསུམ་པོ་ལ།།རིམ་གྱིས་མི་རྟ་ཆོས་ཀྱི་ཆོལ་ཁར་འབོད།།དམིགས་བསལ།དཔལ་དབྱངས་ཐུབ་བསྟན་བདེ་སྐྱིད་རྣམ་པ་གསུམ།།བར་པ་འབྲུག་དང་ཐོག་མཐའ་གཉིས་པོ་བོད།།(འཛིན་གྲྭའི་སློབ་ཕྲུག་གསུམ)༦ སྒྲ་ཉམས་པའི་སྐྱོན ༈ སྒྲ་དོན་ཚིག་ཕྲད་གོ་ནོར་བ།། སྒྲ་ཉམས་པ་ཡི་སྐྱོན་ཡིན་ནོ། །འདུད་དང་མུ་སྟེགས་མང་པོ་དེས༵་མི་ཐུབ།།དེ་ཕྱིར་ལྷར་བཅས་འགྲོ་ལ༵་ཕྱག་གིས་འདུད།།(དོན་དངོས་ནི། འདུད་དང་མུ་སྟེགས་མང་པོས༵་དེ་མི་ཐུབ།།དེ་ཕྱིར་ལྷར་བཅས་འགྲོ་བས༵་ཕྱག་གིས་འདུད།།)༧ གཅོད་མཚམས་ཉམས་པའི་སྐྱོན། ༈ ཚིག་རྐང་གཅོད་མཚམས་ངལ་གསོ་བྲལ། །གཅོད་མཚམས་ཉམས་པའི་སྐྱོན་དུ་བགྲང༌། །རྒྱལ་དཔལ་ལྡན་སངས་རྒྱས་ཀྱི་བསྟན་པ་ལ།།ཞུགས་ནས་ལམ་ཡང་དག་ལ་འབད་པར་མཛད།།༨ སྡེབ་སྦྱོར་ཉམས་པའི་སྐྱོན། ༈ ཡི་གེ་ལྷག་ཆད་ལྕི་ཡང་དག །ཇི་བཞིན་མི་གནས་སྡེབ་སྦྱོར་ཉམས། །ཁྱོད་ཀྱིས་ཟུར་མིག་མདའ་མོ་འཕེན་ཙམ་གྱིས།།ང་ཡི་སྙིང་ལ་རྨ་ཁ་བཟོས།།དེ་ཕྱིར་སེམས་ཀྱི་རྨས་སྐྱོན་དེ་དག།དྲག་པོའི་རེ་བ་མི་འདུག།༩ མཚམས་སྦྱོར་བྲལ་བའི་སྐྱོན།  ༈ ཚིག་དོན་སྔ་ཕྱི་མཚམས་སྦྱོར་བྲལ། །དེ་ནི་མཚམས་སྦྱོར་བྲལ་བའི་སྐྱོན། །ཟླ་བའི་དཀྱིལ་འཁོར་ཇི་བཞིན་དུ།།རབ་གསལ་མ་ཏི་ཨཱ་ཀ་ཤ།།ཇི་བཞིན་ཕ་མཐའ་ཡས་པ་དེ།།བླ་མ་ལྷ་ཡི་དྲིན་ལས་སོ།། ༡༠ ཡུལ་སོགས་འགལ་བའི་སྐྱོན།  1.ཡུལ་དང་འགལ་བ། ཡུལ་ནི་རི་ནགས་ཡུལ་འཁོར་དང༌། །བྱང་ཐང་བྱེ་བ་སྤུངས་པའི་རི་བོ་ན།།སྔོ་སངས་ཙན་དན་ལྗོན་པའི་ལོ་འདབ་རྒྱས།།དམིགས་བསལ།དུས་དེང་ཚན་རིག་མཁས་པའི་ལག་རྩལ་གྱིས།།ས་བོན་བསྡུས་སྦྱོར་བྱས་པའི་ཐབས་འཕྲུལ་ལས།།ནུབ་ཕྱོགས་ཡུ་རོབ་ཁུལ་གྱི་བ་ལང་ཡང་།།མཐོ་སྒང་གངས་ཅན་བོད་དུ་ཧ་ཅང་མང་།།2.དུས་དང་འགལ་བ། དུས་ནི་ཉིན་མཚན་དབྱར་དགུན་སོགས། །ཁ་བའི་འདབ་མ་འཕུར་བའི་དབྱར་གཞུང་ན།།མེ་ཏོག་སྣ་མང་གཞད་པའི་དགུན་དུས་ན།།ཞིང་སར་རྨོ་འདེབས་བྱེད་པའི་སྟོན་ཁ་ན།།འབྲུ་རིགས་སྣ་ལྔ་བསྡུ་བའི་དཔྱིད་དུས་ན།།དམིགས་བསལ།འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ཀྱིས།།ར་ལུང་དགོན་གྱི་རྩིག་རྨང་གདིང་པའི་ཉིན།།དགུན་གྱི་དུས་སུའང་འབྲུག་སྐད་ལྡིར་བ་ལས།།གདན་ས་ཆོས་བརྒྱུད་བཅས་པར་འབྲུག་ཅེས་གྲགས།།3.སྒྱུ་རྩལ་དང་འགལ་བ། སྒྱུ་རྩལ་གླུ་དང་གར་སོགས་མཚོན། །དྲག་པོའི་དམག་སར་ཤོར་བའི་དཔའ་བོ་དེས།།ཡིད་འོངས་མཛེས་མའི་ལང་ཚོའི་ཉམས་འགྱུར་གྱི།།འཇིགས་རུང་རྔམས་པའི་སྟངས་སྟབས་གཅིག་གིས་ཀྱང་།།ཕས་ཀྱི་རྒོལ་བའི་སྙིང་གི་ལྐོག་མར་འབྱིན།།དམིགས་བསལ། འཇིགས་རུང་དམག་དཔུང་འཁྲིགས་པའི་གཡུལ་ས་ན།།དགྲ་འདུལ་དཔའ་བོའི་དབང་ཕྱུག་དམག་དཔོན་དེས།།བླ་སྲོག་སྔར་ནས་འཆོར་བའི་ཕས་རྒོལ་ཚོའི།།སྣང་བརྙན་མཐོང་བས་གློ་བུར་མིག་ཆུ་ཤོར།།4.འཇིག་རྟེན་དང་འགལ་བ། འཇིག་རྟེན་ཞེས་པ་སྣོད་དང་བཅུད། །གསེར་མིག་ཉ་མོ་གཤོག་པ་རྐྱོང་ནས་འཕུར།།གཡག་རྒོད་དར་མ་ལྗོན་ཤིང་རྩེ་ལ་མཛེགས།།རྟ་མཆོག་ཁྲོས་པའི་རྭ་ཡིས་ལུག་མཐུག་རྡུང་།།འཇིག་རྟེན་སྲིད་པའི་ལྟད་མོ་འདི་དག་མཚར།།དམིགས་བསལ།མི་ལ་མ་ཆུང་རྭ་གོག་མ་ཆེ་བར།།འབྲོང་རྭའི་ནང་དུ་འཛུལ་བའི་ལོ་རྒྱུས་འདི།།འཇིག་རྟེན་ཕལ་བའི་བློ་ལ་མི་ཤོངས་ཀྱང་།།རྣམ་རྟོག་རང་ངོ་འཕྲོད་པའི་བདེན་དཔང་ཡིན།།5.རིགས་པ་དང་འགལ་བ། རིགས་པ་གཏན་ཚིགས་ཉིད་ལ་སྟེ། །སྲ་བ་ས་དང་རློན་པ་ཆུ་ཡི་ཁམས།།ཚ་བ་མེ་དང་གཡོ་བ་རླུང་གི་ཁམས།།ལྟ་ན་མཐོང་ཞིང་རེག་ན་ཚོར་བཞིན་དུ།།འདི་དག་རང་བཞིན་མེད་ཅེས་ཅི་ཕྱིར་སྨྲ།།དམིགས་བསལ།དངོས་ཀུན་བདེན་པའི་ངོ་བོར་གྲུབ་བོ་ཞེས།།གསུངས་པ་རིགས་པའི་ལམ་དང་མི་མཐུན་མོད།།རང་སྡེ་ཉན་ཐོས་ཐེག་པའི་རྗེས་བཟུང་ཕྱིར།།དྲང་སྲོང་ཆེན་པོས་ལྡེམ་པོ་དགོངས་ནས་གསུངས།།ཡང་ན། ལེ་དབར་སྟོང་གིས་ཆོད་པའི་ཡུལ་གྲུ་དབར།།སྔོན་དུས་ལོ་ཟླ་དུ་མར་འགོར་ན་ཡང་།།དེང་སང་འགའ་ཞིག་ཉལ་ནས་འགྲོ་བ་དང་།།ལ་ལ་བསྡད་ནས་སླེབས་པའི་ལྟད་མོ་མཐོང་།།6.ལུང་དང་འགལ་བ། ལུང་ནི་ཕྱི་ནང་གཞུང་ལུགས་སོགས། །རྣམ་དག་སྡོམ་གསུམ་སྒྲུབ་མྱོང་མེད་ན་ཡང་།།རྣམ་གསུམ་ངུར་སྨྲིག་སྐུ་ལ་མཛེས་བྱས་ཏེ།།དགེ་འདུན་འདུས་པའི་གྲལ་མགོར་བཞུགས་པ་འདི།།སངས་རྒྱས་བསྟན་པ་རྒྱས་པའི་སྲོག་ཤིང་ཡིན།།དམིགས་བསལ། བསྐྱེད་རིམ་མཐའ་སོན་རྭ་ལོ་ཆེན་པོ་ཡིས།།མཛེས་ལྡན་གསང་ཡུམ་ལྔ་ཡིས་བསྐོར་བའི་དབུས།།ཐར་འདོད་སྐྱེས་བོ་བརྒྱ་ཕྲག་དུ་མ་ལ།།བསྙེན་རྫོགས་སྡོམ་པ་གནང་བའི་རྣམ་ཐར་སྙན།།དེ་ལྟར་སྐྱོན་ཡོན་ཁྱད་པར་དག །ཤེས་ནས་སྐྱོན་བྲལ་ཚངས་པའི་དབྱངས། །དཔལ་ལྡན་དྲན་དབང་མགུ་བའི་སྐྱེས། །བློ་གསལ་མགྲིན་པའི་རྒྱན་དུ་སྟོན། །ལེའུ་གསུམ་པ་སྒྲ་རྒྱན་དང་། གབ་ཚིག སྐྱོན་སེལ་བཅས་ཀྱི་གོ་དོན་དང་དཔེ་བརྗོད་བཅས་པ་རྫོགས་སོ།། དེ་ལྟར་སྙན་ངག་གི་སྐྱོན་ཡོན་རྣམས་མ་འདྲེས་པར་ཤེས་ནས། སྐྱོན་དང་བྲལ་ཞིང་སྙན་པའི་རོ་དང་ལྡན་པའི་སྒྱུ་རྩལ་གྱི་རྩོམ་རིག་སྣ་ཚོགས་པས་དཔལ་ལྡན་མཁས་རྒུའི་དབུ་ཡི་རྐང་སྟེགས་ལ་འཛེགས་ནས་མཁས་པའི་དབུས་ན་རྩོམ་རིག་མཁས་པའི་རྣམ་པར་རྒྱལ་བའི་རྒྱལ་མཚན་མི་མངོན་པའི་དབྱིངས་སུ་སྒྲེངས་ཏེ། བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པའི་དོན་ལ་རྩོམ་པའི་ལག་རྗེས་རྒྱ་ཆེར་འཇོག་པར་བྱ་དགོས་སོ།། སྙན་ངག་མེ་ལོང་ཞེས་བྱ་བ་སློབ་དཔོན་དབྱུག་ཅན་གྱིས་མཛད་པ། རྗེ་ས་པཎ་དང་འགྲོ་མགོན་འཕགས་པའི་བཞེད་དགོངས་ལྟར། དཔོན་ཆེན་ཤཱཀྱ་བཟང་པོའི་བཀའ་ལུང་གིས་རྒྱ་གར་གྱི་སྙན་ངག་མཁན་པོ་ཤྲཱི་ལཀྵྨཱི་ཀར་དང་། བོད་ཀྱི་ལོ་ཙཱ་བ་ཤོངས་སྟོན་རྡོ་རྗེ་རྒྱལ་མཚན་གཉིས་ཀྱིས་དཔལ་ས་སྐྱའི་གཙུག་ལག་ཁག་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། དེ་རྗེས་དཔང་ལོས་འགྱུར་བཅོས་དང་ཊིཀྐ་མཛད་དེ་འཆད་ཉན་གྱི་སྲོལ་གཏོད། དུས་ཕྱིས་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་དང་སྙེ་ཐང་ལོ་ཙཱ་བ་བློ་གྲོས་བརྟན་པ་ཟུང་གིས་ཀྱང་འགྱུར་བཅོས་དང་འཆད་ཉན་གྱིས་རྒྱ་ཆེར་སྤེལ། ལྷག་པར་དུས་ཕྱིས་སི་ཏུ་ཡབ་སྲས་ཀྱིས་རྒྱ་དཔེ་གཉིས་དང་བསྡུར་ཏེ་དཔང་ལོའི་འགྱུར་བཅོས་ལ་ཞིབ་ཏུ་དཔྱད་དེ་གཏན་ལ་ཕབ་པ་འདི་བཞིན་སྐྱོན་དང་བྲལ་ཞིང་ཁྱད་ཆོས་མང་བའི་རྒྱུན་ད་ལྟར་མཐོང་ཆོས་སུ་ཡོད་པ་འདི་ཉིད་དོ།།བྱ༵་བཞག་སྨུག་ལོང་འཐིབས་པའི་འཛུམ་བྲིད་ཀྱིས།།བྱ༵་བཏང་དབེན་པའི་རི་ལམ་ཁད་ཀྱིས་བཀག།བྱ༵་སྤྱད་ཆོས་དང་བསྟུན་པའི་ལམ་སྣེ་ཡང་།།བྱ༵་ལམ་རྗེས་མེད་གྱུར་འདིས་ལྷག་པར་སྐྱོ༵།།སྐྱོ༵་གདུང་ནོངས་པའི་གདུང་དབྱངས་འཐེན་ན་ཡང༵་།།ཡང༵་ཡང་སྐྱོ་བའི་སྣོན་པ་འདེབས་ཙམ་ལས༵།།ལས༵་ཀྱིས་བཀོད་པའི་ཐོ་ཡིག་ཟུབ་མིན་ཏེ༵།།ཏེ༵་པོར་འགྱོད་པས་གདུང་ཡང་ཕན་པ་ཅི།།ད༵་ཀོ་བསྐོས་པའི་ལས་ཀྱི་ཤུལ་བཞག་ཏུ།།ད༵་ལྟར་སྤེལ་བའི་རྩོམ་རིག་དཔེར་བརྗོད་དང་།།ད༵་དུང་གཙུག་ལག་རྒྱ་མཚོའི་འཇུག་ངོགས་ལ།།ད༵་ནས་བརྩོན་པའི་གྲུ་ཆེན་སླར་ཡང་གཡོ།།འདི་དོན་སྨྲ་བའི་དགེ་ལེགས་ཐིགས་པའི་ཆུ།།ཤིན་ཏུ་ཕྲ་བ་ཀུ་ཤའི་རྩེར་ཆགས་པ།།བྱང་ཆེན་རྒྱ་མཚོའི་ཀླུང་དང་འདྲེས་པའི་རྒྱུན།།ནམ་ཡང་ཟད་མེད་ཤིས་པས་དགེ་གྱུར་ཅིག།། ཤཱསྟྲཱི་ལོ་རིམ་གསུམ་པའི་སློབ་མ་ཨ་ནེ་ཀུན་དགའི་འབྲི་དེབ་ལས་བཤུས་ཤིང་། དེར་མེད་པ་རྣམས་པདྨ་དཔལ་དབྱངས་ཀྱི་འབྲི་དེབ་ནས་གཙང་བཤུས་བྱས་པ་ཁག་གཅིག་བཅས་གློག་ཀླད་དུ་འཇུག་མཁན་ནི། སྐད་ཡིག་བཞི་ལྡན་གྱི་ལོ་ཙཱ་བ་ཨཅཱརྱ་ལྷ་ས་ཟླ་བ་ཡིན། དགེ་མིང་ཟུར་ཙམ་འདྲེན་པ་སྙན་ངག་པ་བེ་རི་འཇིགས་མེད་ཀྱིས་ལྕགས་སྟག (2010.11.8)ལོར་མགོན་མེད་ཟས་སྦྱིན་གྱི་མགྲོན་ཁང་དུ་མཇུག་སྨོན་བཅས་ཕྱོགས་གཅིག་ཏུ་སྡེབ་པ་དགེ་ལེགས་འཕེལ།།   །།