སྨོན་ལམ་རབ་འབྱམས་འཁོར་ལོ་མ

ཡོང་ཁུངས་Wikipedia

སྨོན་ལམ་རབ་འབྱམས་འཁོར་ལོ་མ།


རབ་འབྱམས་འཁོར་ལོའི་མགོན་པོ་བླ་མ་དང་། །སངས་རྒྱས་སྲས་བཅས་སྐྱབས་གནས་དཀོན་མཆོག་གསུམ། ། ལྷག་པའི་ལྷ་དང་དམ་ལྡན་སྲུང་མར་བཅས། །རྣམ་བྱང་ལེགས་སྨོན་འགྲུབ་པར་བྱིན་གྱིས་རློབས། །

དུས་གསུམ་རྒྱལ་བའི་སྤྱི་གཟུགས་རིགས་བརྒྱའི་གཙོ། །སྙིགས་མའི་འགྲོ་བ་སྐྱོབ་པའི་ཐུགས་རྗེ་ཅན། ། བྱམས་ཆེན་མཐུ་སྟོབས་དབང་ཕྱུག་པདྨ་འབྱུང་། །བརྩེ་བས་ཉེར་དགོངས་བདག་རྒྱུད་བྱིན་གྱིས་རློབས། །

བདག་གི་ལྷག་བསམ་དུས་གསུམ་དགེ་བའི་འབྲས། །གཅིག་ཏུ་དཀར་བའི་བསོད་ནམས་མཐུ་ཆེན་པོས། ། རྒྱལ་ཀུན་མཁྱེན་བརྩེ་ནུས་པས་རྒྱུད་སྨིན་ནས། །བསྟན་དང་འགྲོ་བའི་དོན་ཆེན་འགྲུབ་པར་ཤོག །

ཚུལ་ལྡན་ཚངས་སྤྱོད་རིག་འཛིན་འདུས་པའི་སྡེ། །མཁས་གྲུབ་རྒྱ་མཚོ་སྤྲིན་ལྟར་འདུ་བ་དང་། ། ཀུན་ཀྱང་རྒྱལ་བའི་བཀའ་བཞིན་ཆོས་སྤྱོད་ཅིང་། །འགྲོ་འདྲེན་དུ་མས་ལྗོངས་འདི་གང་གྱུར་ཅིག །

མང་དུ་ཐོས་བསམ་སྒོམ་པ་ལས་བྱུང་མཐུས། །རྒོལ་ངན་ཚར་གཅོད་དྲི་མེད་མདོ་རྒྱུད་ཀྱི། ། ཉན་བཤད་འཁོར་ལོའི་བདེ་བར་རྟག་སྤྱོད་ཅིང་། །བསྟན་པ་དྲི་མེད་འཕེལ་ཞིང་རྒྱས་པར་ཤོག །

ལུས་ཅན་ཚོགས་གཉིས་འཕེལ་བའི་རྟེན་འབྲེལ་སྒོ། །བརྒྱ་ཕྲག་དབྱེ་ཕྱིར་གཙུག་ལག་ཁང་ཆེན་པོ། ། སྐུ་གསུང་ཐུགས་རྟེན་རིང་བསྲེལ་སྙིང་པོ་ཅན། །འཛིན་མའི་རྒྱན་གྱུར་བགྲང་ཡས་འགྲུབ་བརྟན་ཤོག །

དཀོན་མཆོག་གསུམ་པོ་གུས་པས་མཆོད་པའི་རྫས། །ཆོས་མཐུན་འཚོ་བའི་ཡོ་བྱད་ལྷུན་གྲུབ་ཅིང་། ། ཀུན་ཀྱང་ལོག་འཚོས་དབེན་པས་བྱང་ཆུབ་རྒྱུར། །ལེགས་པར་འགྱུར་བའི་རྟེན་འབྲེལ་ཟབ་མོར་ཤོག །

དེ་ལྟའི་ཚུལ་ལ་རྣམ་པར་འཚེ་བ་ཡི། །ནག་ཕྱོགས་བདུད་རིགས་མི་དང་འདྲེ་སྲིན་ཚོགས། ། བསྟན་སྲུང་རྒྱ་མཚོས་གང་འཚམས་ཚར་བཅད་ནས། །བར་ཆད་མི་མཐུན་མ་ལུས་ཞི་བར་ཤོག །

སྒོ་གསུམ་མཐོང་ཐོས་དྲན་རེག་དངོས་བརྒྱུད་ཀྱིས། །རྒྱལ་བའི་བསྟན་ལ་བཀུར་སྟི་སྒྲུབ་པ་དང་། ། མཐའ་ཡས་འགྲོ་ལ་ཕན་བདེའི་ལམ་སྟོན་པར། །སྐྱེ་ཞིང་སྐྱེ་བར་བདག་སོགས་འགྱུར་བར་ཤོག །

མདོར་ན་བསྟན་པ་དེ་འཛིན་སྐྱེས་བུར་བཅས། །ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བ་དང་། ། ཐུགས་བསྐྱེད་བཟང་པོའི་སེམས་དཔའ་ཆེ་རྣམས་ཀྱི། །བཞེད་དོན་མ་ལུས་ཆོས་བཞིན་འགྲུབ་པར་ཤོག །<be/>

བདག་སོགས་འཁོར་བཅས་ཚེ་རིང་ནད་མེད་ཅིང་། །དམ་ཚིག་སྡོམ་ལ་ཉེས་ལྟུང་དྲི་མ་བྲལ། ། ཕྱི་མ་ཨོ་རྒྱན་མཁའ་སྤྱོད་ཞིང་དམ་པར། །ཚོམ་བུ་གཅིག་པར་མཆོག་གི་གྲུབ་བརྙེས་ཤོག །

མཆོག་གསུམ་ཐུགས་རྗེ་ཆེན་པོའི་བདེན་པ་དང་། །རྣམ་དག་ལྷག་བསམ་བཟང་པོའི་མཐུ་བྱིན་གྱིས། ། ཡིད་ལ་སྨོན་པའི་དོན་ཀུན་མྱུར་འགྲུབ་སྟེ། །སྲིད་ཞིའི་དཔལ་འབྱོར་རྒྱས་པའི་བཀྲ་ཤིས་ཤོག །

འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། ། དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །

ཞེས་པ་ཡང་བཀའ་གདམས་ཀྱི་དགེ་སློང་རྙིང་བན་པདྨ་ཕྲིན་ལས་ཀྱིས་རང་ལོ་ཉེར་གཅིག་པར་རང་གི་ལྷག་བསམ་གེགས་མེད་དུ་འགྲུབ་པའི་སྨོན་གསོལ་དུ། དཀོན་མཆོག་གསུམ་གྱི་དྲུང་དུ་གུས་པས་གསོལ་བ་བཏབ་སྟེ་སྦྱར་བའི་དགེ་བས་རེ་འབྲས་དོན་ཡོད་པར་གྱུར་ཅིག ། ༎


༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜
བླ་མེད་བླ་མའི་ཐུགས་རྗེ་དང་། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང་། ། དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་བཞིན་འགྲུབ་པར་ཤོག །

སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་མཐུན་པའི་བྱིན་རླབས་ཀྱིས། །བསྔོ་བ་སྨོན་ལམ་བཏབ་ཚད་འགྲུབ་པར་ཤོག ། ༎