སྨོན་ལམ་ཡིད་བཞིན་ནོར་བུ

ཡོང་ཁུངས་Wikipedia

སྨོན་ལམ་ཡིད་བཞིན་ནོར་བུ།


བྱང་ཆུབ་སེམས་དཔའི་སྤྱོད་དབང་གི༔ དཀྱིལ་འཁོར་བྱ་བ་རྫོགས་པ་དང་༔ བཤགས་པ་བྱ་ཞིང་སྨོན་ལམ་གདབ༔ ཐམས་ཅད་གུས་པས་ཐལ་མོ་སྦྱར༔


ན་མོ༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་དང་༔ བདེ་གཤེགས་རིགས་ལྔ་བྱང་ཆུབ་སེམས་དཔའ་དང་༔ གསང་སྔགས་རིག་སྔགས་ལྷ་ཚོགས་ཐམས་ཅད་རྣམས༔ བདག་དང་ཡོན་བདག་རྣམས་ལ་དགོངས་སུ་གསོལ༔


བདེ་བར་གཤེགས་པ་ཁྱེད་ཀྱི་སྤྱན་སྔ་རུ༔ བདག་གིས་མི་དགེའི་སྡིག་པ་བགྱིས་པ་རྣམས༔ ཐམས་ཅད་མ་ལུས་སོ་སོར་བཤགས་པར་བགྱི༔ ལེ་ལོ་བག་མེད་དབང་དུ་གྱུར་པ་ཡིས༔ ཚོར་དང་མ་ཚོར་མ་རིག་མུན་པས་བསྒྲིབས༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་རྣམས༔ ཐམས་ཅད་མ་ལུས་སོ་སོར་བཤགས་པར་བགྱི༔ ཡི་དམ་ལྷ་ཡི་ཏིང་འཛིན་སྒོམ་པའི་ཚེ༔ སྣང་སྟོང་འཇའ་ཚོན་ལྟ་བུར་མ་བསྒོམས་པར༔ རང་རྒྱུད་དངོས་པོར་བསྒོམས་པ་མཐོལ་ལོ་བཤགས༔ བྱང་ཆུབ་སེམས་དཔའི་སྡོམ་པ་སེམས་བསྐྱེད་དང་༔ ཉན་ཐོས་བསླབ་པ་ཉམས་པ་མཐོལ་ལོ་བཤགས༔ ཐེག་ཆེན་ཆོས་ལ་སྐུར་པ་བཏབ་པ་དང་༔ ཕ་དང་མ་ལ་ངན་ཚིག་སྨྲས་པ་དང་༔ ཆོས་ཀྱི་གྲོགས་ལ་འགྲན་ཞིང་བརྒལ་བ་དང་༔ ཚེ་རབས་ཐོག་མེད་དུས་ནས་བསགས་པ་ཡི༔ མི་དགེ་བཅུ་དང་མཚམས་མེད་ལྔ་ཡི་ལས༔ བགྱིས་དང་བགྱིད་དུ་སྩལ་དང་ཡི་རང་བགྱིས༔ དེ་དག་མ་ལུས་ཐམས་ཅད་སོ་སོར་བཤགས༔ བདག་གིས་དང་པོར་སེམས་བསྐྱེད་རྒྱ་ཆེན་བགྱིས༔ ལེ་ལོ་ཤེས་རབ་དམན་པས་དེ་ལས་ཉམས༔ སེམས་བསྐྱེད་དམ་བཅའ་ཉམས་པ་མཐོལ་ལོ་བཤགས༔ བདག་དང་སེམས་ཅན་མ་ལུས་ཐམས་ཅད་ཀྱིས༔ བསྐལ་པ་ཆེན་པོའི་གོང་ནས་ད་ལྟའི་བར༔ དངོས་པོར་འཛིན་པའི་ལས་ལ་ཞེན་པ་ཡིས༔ དུག་ལྔའི་དབང་གྱུར་སྡོམ་པ་ཉམས་པ་དང༔ དམ་པའི་ཆོས་ལ་སྐུར་བ་བཏབ་པ་རྣམས༔ ཐར་པའི་གེགས་སུ་གྱུར་པ་མཐོལ་ལོ་བཤགས༔ ཕྱོགས་བཅུ་དུས་གསུམ་བདེ་བར་གཤེགས་པ་རྣམས༔ འཇིག་རྟེན་ཁམས་འདིར་རྟག་པར་བཞུགས་ནས་ཀྱང་༔ མྱ་ངན་མི་འདའ་འགྲོ་དྲུག་ཐུགས་རྗེས་གཟིགས༔ ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔


བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ བདེ་བར་གཤེགས་པ་ཁྱེད་ཀྱི་གདུང་གསོབ་ཅིང་༔ སེམས་ཅན་བདེ་བའི་དོན་ཆེན་བསྒྲུབ་པའི་ཕྱིར༔ བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ བདག་གིས་སེམས་བསྐྱེད་རྒྱ་ཆེན་བགྱིས་པ་ཡིས༔ ཁམས་གསུམ་སེམས་ཅན་མ་ལུས་ཐམས་ཅད་ཀུན༔ མི་ཁོམ་སྡུག་བསྔལ་བརྒྱད་དང་ངན་སོང་གསུམ༔ དེ་ལས་ཐར་ནས་བྱང་ཆུབ་ཐོབ་པར་ཤོག༔ དཀོན་མཆོག་གསུམ་དང་ནམ་ཡང་མི་འབྲལ་ཞིང་༔ ཚེ་རབས་ཀུན་ཏུ་དགེ་བཅུ་སྤྱོད་པ་དང་༔ འགྲོ་བ་དྲུག་ལ་རྒྱུན་དུ་སྙིང་རྗེས་བལྟ༔ གཞན་དོན་ཕུན་སུམ་ཚོགས་པ་སྤྱོད་པར་ཤོག༔


བདག་དང་དད་ལྡན་གནས་འདིར་ཚོགས་པ་རྣམས༔ ཚེ་རིང་ནད་མེད་ལོངས་སྤྱོད་རྒྱས་པ་དང་༔ མི་མཐུན་གནོད་པའི་རྐྱེན་རྣམས་ཞི་བ་དང་༔ བདག་གཞན་ཕུན་སུམ་ཚོགས་པ་སྤྱོད་པར་ཤོག༔ ཤེས་རབ་སྤོབས་པ་དྲན་པ་ཏིང་འཛིན་ནི༔ བྱང་ཆུབ་སེམས་ལ་མི་བརྗེད་གཟུངས་ཐོབ་ནས༔ ས་དང་ཕ་རོལ་ཕྱིན་པའི་ལམ་བགྲོད་དེ༔ བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག༔


བདག་འདྲ་ཆེ་གེ་མོ་ཞེས་བགྱི་བ་ཡིས༔ དུས་འདི་ནས་བཟུང་བསྐལ་པ་དཔག་མེད་དུ༔ སེམས་བསྐྱེད་རྒྱ་ཆེན་བགྱིད་པར་དམ་བཅའོ༔ དཀོན་མཆོག་གསུམ་གྱིས་བདག་གི་གྲོགས་མཛོད་ཅིག༔


ཚེ་རབས་འདི་དང་བསྐལ་པ་དཔག་མེད་ཀྱི༔ བདག་གི་ཕ་དང་མ་དང་བྲན་ཁོལ་དང༔ བུ་དང་བུ་མོ་མཛའ་བའི་གྲོགས་ལ་སོགས༔ ཐམས་ཅད་ངན་སོང་གསུམ་གྱི་གནས་ན་འཁོར༔ དེ་ཕྱིར་བདག་གིས་འགྲོ་དྲུག་སེམས་ཅན་རྣམས༔ ཉེ་རིང་བྱས་ན་སྤང་བླང་ཇི་ལྟར་བྱེད༔ འགྲོ་བ་དྲུག་གི་གནས་འདི་མ་སྟོངས་པར༔ བདག་གི་སེམས་བསྐྱེད་ཉམས་པར་མ་གྱུར་ཅིག༔

བདག་ནི་དུས་འདིར་ནུས་པ་མཆོག་ཐོབ་ནས༔ རིགས་དྲུག་སེམས་ཅན་མ་ལུས་ཐམས་ཅད་ཀྱི༔ ལས་དང་ལས་ཀྱི་རྣམ་སྨིན་འཇོམས་པར་ཤོག༔ བདག་ནི་ཡིད་བཞིན་ནོར་བུ་ལྟར་གྱུར་ཏེ༔ ཡིད་ལ་ཅི་བསམ་མ་ལུས་འགྲུབ་པར་ཤོག༔ དམྱལ་བ་ཡི་དྭགས་བྱོལ་སོང་ངན་སོང་གསུམ༔ བདག་གིས་སྙིང་རྗེའི་ཡུལ་དུ་དྲན་པ་ཡིས༔ ཚ་གྲང་བཀྲེས་སྐོམ་གཏི་མུག་ལས་ངན་བྱང་༔ བདག་གི་འཁོར་དང་གདུལ་བྱར་སྐྱེ་བར་ཤོག༔ ལྷ་དང་ལྷ་མིན་མི་ཡི་རིགས་རྣམས་ཀུན༔ བདག་གིས་ཡིད་ཀྱི་ཡུལ་དུ་དྲན་པ་ཡིས༔ ཆགས་སྡང་འཐབ་རྩོད་ལེ་ལོའི་སྡུག་བསྔལ་བྱང་༔ ཐམས་ཅད་བྱང་ཆུབ་སེམས་དང་ལྡན་པར་ཤོག༔ བདག་གི་དགྲ་བགེགས་རྣམས་ཀྱིས་བདག་མཐོང་ན༔ ཞེ་སྡང་གནོད་སེམས་སྙིང་རྗེའི་སེམས་སུ་བསྒྱུར༔ བདག་གི་གཉེན་དང་འཁོར་གྱིས་བདག་མཐོང་ན༔ འཁོར་བ་སྤོང་བའི་བློ་དང་ལྡན་པར་ཤོག༔ ཆེ་བཙན་རྒྱལ་པོ་རྣམས་ཀྱིས་བདག་མཐོང་ན༔ ཁེངས་དྲེགས་རྔམ་སེམས་ཐུལ་ནས་ཆོས་སྤྱོད་ཤོག༔ གཞན་ཡང་ནད་དང་སྡུག་བསྔལ་དྲག་པོས་གཟིར༔ འཆི་ཁ་དང་ནི་བར་དོའི་སེམས་ཅན་གྱིས༔ བདག་ཉིད་མཐོང་བ་དང་ནི་དྲན་པ་ཡིས༔ རང་རང་ལས་ཀྱི་སྡུག་བསྔལ་ཞི་བར་ཤོག༔ སེམས་ཅན་དབུལ་ཕོངས་བཀྲེས་སྐོམ་ཉེན་པ་རྣམས༔ བདག་ཉིད་མཐོང་ངམ་དྲན་པས་འབྱོར་པ་རྒྱས༔ ལོངས་སྤྱོད་ཕུན་སུན་ཚོགས་པ་ཐོབ་པར་ཤོག༔ སེམས་ཅན་གཤེད་མའི་ལག་ཏུ་བཟུང་བ་ཡི༔ མི་དང་དུད་འགྲོ་སེམས་ཅན་ཐམས་ཅད་ཀྱི༔ ཚེ་སྲོག་བདག་གིས་བསླུ་ཞིང་སྐྱོབ་པར་ཤོག༔ སྐྱེ་བོ་སྡིག་ཅན་རྣམས་ཀྱིས་བདག་མཐོང་ན༔ ཞེ་སྡང་རྔམ་སེམས་ལོག་པའི་སེམས་ཞི་ནས༔ ཞི་དུལ་སྙིང་རྗེའི་སེམས་དང་ལྡན་པར་ཤོག༔ བུད་མེད་སྐྱེ་དམན་རྣམས་ཀྱིས་བདག་མཐོང་ན༔ འདོད་ཆགས་ཞེན་པའི་བསམ་པ་དག་གྱུར་ནས༔ དྲན་རིག་བདེ་བ་ཆེན་པོ་རྟོགས་པར་ཤོག༔ རབ་བྱུང་བཙུན་པ་རྣམས་ཀྱིས་བདག་མཐོང་ན༔ ཚུལ་ཁྲིམས་སྡོམ་པ་གཙང་ཞིང་ལྡན་པ་དང་༔ ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པར་ཤོག༔ གསང་སྔགས་རྣལ་འབྱོར་རྣམས་ཀྱིས་བདག་མཐོང་ན༔ དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་གྱུར་ནས༔ བདག་གཞན་གཉིས་སུ་མེད་པའི་དོན་རྟོགས་ཤོག༔ བླ་མེད་རྣལ་འབྱོར་སྒྲུབ་པས་བདག་མཐོང་ན༔ སྣང་སྲིད་འཁོར་འདས་སེམས་སུ་ཐག་ཆོད་ནས༔ མ་བཅོས་རང་བྱུང་ཡེ་ཤེས་དོན་རྟོགས་ཤོག༔


སྲིད་པའི་རྩེ་ནས་དམྱལ་བའི་གནས་ཡན་ཆད༔ ཚངས་པའི་ལྷ་དང་འཇག་མའི་སྲིན་བུའི་བར༔ རིགས་དྲུག་སེམས་ཅན་གཟུགས་ལྡན་གཟུགས་མེད་ཀུན༔ བདག་ཉིད་མཐོང་དང་ཐོས་དང་རེག་པ་དང་༔ བདག་གིས་བསམ་པ་ཙམ་གྱིས་སྒྲིབ་པ་སྦྱངས༔ ཐམས་ཅད་བདག་གི་ཆོས་ལ་སྤྱོད་པར་ཤོག༔ བདག་ནི་རང་བྱུང་ཡེ་ཤེས་ཆེན་པོ་སྟེ༔ ཉོན་མོངས་དུག་ལྔ་ཡེ་ཤེས་ལྔ་རུ་ཤེས༔ འདོད་ཆགས་བདེ་བ་ཆེན་པོའི་ངོ་བོར་ཤར༔ གཉིས་སུ་མེད་པར་ཚིམ་པར་སྦྱར་བ་ཡིས༔ སོ་སོར་རྟོག་པའི་ཡེ་ཤེས་ཐོབ་པར་ཤོག༔ ཞེ་སྡང་བྱམས་པ་ཆེན་པོའི་ངོ་བོར་ཤར༔ བསད་བཅད་ཚར་གཅོད་དྲག་པོས་བསྒྲལ་བ་ཡིས༔ སྟོང་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་ཤོག༔ ང་རྒྱལ་འགྲོ་བ་དབང་བསྡུས་དངོས་སུ་ཤར༔ དྲག་པོ་ཟིལ་གནོན་འགག་མེད་སྒྲ་བསྒྲགས་པས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་ཤོག༔ གཏི་མུག་ཞི་བ་ཆེན་པོའི་ངོ་བོར་ཤར༔ མ་བཅོས་རང་གསལ་ཆེན་པོའི་མདངས་ཤར་ནས༔ མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་པར་ཤོག༔ ཕྲག་དོག་ཕྲིན་ལས་ལམ་གྱི་གྲོགས་སུ་ཤར༔ དམིགས་བྱ་ཡུལ་གྱི་བསམ་པའི་དོན་གྲུབ་ནས༔ བྱ་བ་གྲུབ་པའི་ཡེ་ཤེས་ཐོབ་པར་ཤོག༔


ཨེ་མ་ཧོ་ལྔ་བརྒྱ་སྙིགས་མའི་དུས༔ ལས་ཅན་སྦས་པའི་རྣལ་འབྱོར་པ༔ ང་ཡི་གཏེར་དང་འཕྲད་པར་འགྱུར༔ དུས་གསུམ་བདེ་གཤེགས་དཔང་དུ་བཙུག༔ གུ་རུ་སེམས་དཔའི་ཆ་ལུགས་ཅན༔ གིང་དང་མཁའ་འགྲོ་མང་པོས་བསྐོར༔ ལས་རྣམས་གང་བྱེད་གྲོགས་སུ་བསམ༔ སྨོན་ལམ་རྣམ་དག་འདི་བཏབ་ན༔ འགྲོ་དོན་རྒྱ་ཆེན་འགྲུབ་པར་འགྱུར༔ ཞེས་གསུངས་སོ༔ ཆོས་ཀྱི་འཁོར་ལོ་གསུམ་པའོ༔

དེའི་དུས་སུ་བོད་ཀྱི་རྗེ་འབངས་བསམ་པའི་དོན་གྲུབ་ནས༔ ལྷ་སྲས་མུ་ཁྲི་བཙན་པོས་དཀར་ཆག་ཡི་གེར་བཀོད་ནས་བསེ་སྒྲོམ་སྨུག་པོར་སྦས་སོ༔ རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་ལྷོ་གསེར་མཛོད་སེར་པོ་ནས་སྤྱན་དྲངས་པའོ༔ ས་མ་ཡཱ་རྒྱ་རྒྱ་རྒྱ༔