སྨོན་གྲུབ་སྦུག་ཐུབ་བསྟན་རྒྱལ་པོ།
སྨོན་གྲུབ་སྦུག་ཐུབ་བསྟན་རྒྱལ་པོ།
[རྩོམ་སྒྲིག]རབ་བྱུང་བཅོ་ལྔ་པའི་ཆུ་སྟག་(༡༩༠༢)ལོ་ལྷ་སར་འཁྲུངས་ཤིང་། དགུང་ལོ་བརྒྱད་དུ་སོན་སྐབས་རྩེ་རིག་གནས་སློབ་གྲྭར་(དེ་སྔའི་ས་གནས་སྲིད་གཞུང་གི་དཔོན་རིགས་སེར་མོ་བ་གསོ་སྐྱོང་བྱེད་པ་)སློབ་སྦྱོང་གནང་བ་དང་། ཞབས་སྡོད་ཞུས་(རྩེ་དྲུང་བྱས་པ་)རྗེས་མདོ་སྤྱིའི་(མདོ་སྨད་སྤྱི་ཁྱབ་)ལས་བྱ་དང་། ཡིག་ཚང་ལས་བྱེད། ཡིག་ཚང་གཉེར་པ། རྩེ་ཕྱག་ངོ་མ་(རིམ་པ་བཞི་པ་)མཁན་ཆེ་སོགས་ཀྱི་འགན་བཞེས། དགུང་ལོ་གཞོན་སྐབས་སྙན་རྩོམ་དང་། སྒྱུ་རྩལ་ལ་ཤིན་ཏུ་མཉེས་པོ་ཡོད་སྟབས་ལྷ་མོའི་སྒྱུ་རྩལ་ལ་བརྩོན་ཞིབ་གནང་བ་མ་ཟད། ལྷ་མོའི་འཁྲབ་རྩལ་ངེས་ཅན་ཁོང་དུ་ཆུད་ནས་རྣམ་ཐར་གཏོང་མཁས་ལ་སྙན་འཇེབས་ལྡན་པས་ཁོང་གིས་བཏང་གནང་བའི་རྣམ་ཐར་སྐད་པར་འཁོར་ལོར་སྒྲ་འཇུག་བྱེད་མྱོང་ཡོད། ཁོང་གིས་རྩེ་ཕྱག་ངོ་མའི་འགན་བཞེས་རྗེས་ཞོ་སྟོན་གོང་ལྷ་མོ་ཚོགས་པ་ཁག་གི་ལྷ་མོའི་ཚོད་འཁྲབ་ཆེན་པོར་ཞིབ་བཤེར་རྒྱུག་ལེན་གནང་ཐོག ལྷ་མོའི་སྒྱུ་རྩལ་ཡར་རྒྱས་གོང་འཕེལ་གཏོང་ཐབས་གནང་ནས་ལྷ་མོའི་འཁྲབ་འཁྱེར་དང་། རྣམ་ཐར་གཏོང་ཐབས་སོགས་ཁོང་ངོ་མས་སློབ་ཁྲིད་གནང་གི་ཡོད། དམངས་གཙོའི་བཅོས་སྒྱུར་རྗེས་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ལྗོངས་ནང་བསྟན་འཐུས་ཚོགས་ཀྱི་ལས་འཛིན་གནང་། རབ་བྱུང་བཅུ་དྲུག་པའི་ཆུ་གླང་ (༡༩༧༣) ལོར་དགུང་ལོ་དོན་གསུམ་ཐོག་སྐུ་གཤེགས། །