Jump to content

སྨོད་པ་

ཡོང་ཁུངས་Wikipedia

སྨོད་པ་ཞེས་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་ལྟར་ན་ཉེས་པ་ཆེས་ལྕི་བའི་ངག་གི་མི་དགེ་བ་ཞིག་ལ་གོ་ཞིང་། དེ་ཡང་གཞན་ལ་སྐྱོན་བརྗོད་པའམ་ཉེས་པ་གསལ་བར་བྱེད་པ། ཚར་གཅོད་པ། ངན་སྨྲ་བ་བྱ་བ་སོགས་ཀྱི་ནང་དོན་ཀྱང་ཡོད་དོ། །

མཚན་ཉིད།

[རྩོམ་སྒྲིག]

"སྐྱོན་བརྗོད་དེ་སྨོད་པ་"[]ཞེས་གསུངས་པས་སེམས་ཅན་གཞན་ལ་དམིགས་ནས་དེའི་སྐྱོན་ངན་དང་ཉེས་པ། དམའ་འབེབས་བྱེད་འོས་ཀྱི་ངན་པ་རྣམས་ཅི་རིགས་ངག་གིས་བརྗོད་དེ་དེའི་ཞེ་ཁྲེལ་དང་འཇིགས་སྣང་། སེམས་སྡུག་སྐྱེད་པར་བྱེད་པའི་ངག་གི་ལས་ཞིག་གོ །

དབྱེ་བ།

[རྩོམ་སྒྲིག]

མང་ཚོགས་ནང་གི་སྨོད་པ། "འདི་ལ་འགྲོ་བ་ཀུན་གྱིས་ཁྲེལ་ཏེ་བཞད་གད་དང་ཕན་ཚུན་སྨོད་པ་དག་ཏུ་བྱའོ། །"[]ཞེས་གསུངས་པས་མང་ཚོགས་ནང་དུ་གཞན་ལ་སྨོད་པ་དང་བཞད་གད་བྱེད་པའི་རིགས་ཞིག་བསྟན་ཏོ། །ཚིག་རྩུབ་ཀྱི་སྨོད་པ། "ཚིག་རྩུབ་པོ་བརྗོད་པ་དང་འགྱེད་དང་བཅས་པ་སྟེ་འཐབ་རྩོད་ཀྱི་རྒྱུ་མཚན་སེམས་པ་དང་བཅས་པར་གྱུར་པ་"[]ཞེས་ཚིག་རྩུབ་པོ་དང་འཐབ་རྩོད་ཀྱི་སྨོད་པའི་རིགས་ཞིག་གོ །ཚར་གཅོད་ཀྱི་སྨོད་པ། "ཚར་གཅོད་ཅིང་ཉེས་པ་གསལ་བར་བྱས་ཏེ་སྨོད་པར་བྱེད་པ་"[]ཞེས་པའི་དོན་ནི་གཞན་གྱི་ཡོན་ཏན་དང་གོ་གནས། མཚན་སྙན། ཞེ་ཁྲེལ་ལ་སོགས་པ་རང་དབང་དུ་འདུ་ཞིང་འཁྲུགས་འགྱེད་སྐྱེད་པའི་ཚུལ་གྱིས་དེའི་མཐུ་ནུས་ཀྱི་ལམ་ལ་གནོད་པ་བྱེད་པ་ཞིག་ལ་གོ

ནང་དོན།

[རྩོམ་སྒྲིག]

ངག་གི་མི་དགེ་བའི་རིགས། "མི་བསྔགས་པ་བརྗོད་པས་སྨོད་པའམ་"[]ཞེས་པས་ཀྱང་མི་བསྔགས་པ་ཞེས་བསྔགས་འོས་མིན་པའི་དམའ་བ་དང་ངན་པའི་ཚིག་ཅི་རིགས་སེམས་ཅན་ལ་སྨྲ་བའི་ངན་ངག་ཞིག་དང་། བསམ་པ་ངན་པའི་ཀུན་སློང་གིས་སེམས་ཅན་གཞན་ལ་ངག་གིས་གནོད་པ་སྒྲུབ་པའི་ཐབས་ཀྱི་གཙོ་བོ་ཞིག་ཡིན། རང་གི་སེམས་ལ་ཞེ་སྡང་སྐྱེད་པ་དང་གཞན་གྱི་སེམས་ལ་སྡུག་བསྔལ་འབེབས་པའི་ངག་གི་མི་དགེ་བ་ཡིན། གཞན་སྨོད་རང་བསྟོད། "དུས་གང་ཚེ་བདག་དང་རང་ཕྱོགས་ལ་ཡོན་ཏན་བརྗོད་པས་བསྟོད་པ་ལྷུར་ལེན་པའམ་རང་མི་དགའ་བ་ལ་སོགས་པའི་གཞན་གྱི་ཕྱོགས་ལ་ཉེས་པ་བརྗོད་པས་སྨོད་པ་ཉིད་"[]ཞེས་པའི་དོན་ནི་རང་ཉིད་དང་རང་གི་ཕྱོགས་གི་མཁན་པོ་དང་གྲོགས་པོ། ཚོགས་པ། སྡེ་ཚན་སོགས་ཀྱི་ཡོན་ཏན། མཁས་པ། ཆོས་ཤེས། བཟོད་པ་ལ་སོགས་པ་མང་དུ་བསྔགས་ཏེ་བསྟོད་པ་དང་སྦྲགས་ནས། རང་གིས་མི་དགའ་བ་དམ་ཁ་འགྲས་པ་སོགས་ཀྱི་གཞན་གྱི་ཕྱོགས་དེ་རྣམས་ལ་སྐྱོན་ངན་དང་ཉེས་པ། བླུན་པོ། ཆོས་མི་ཤེས་པ་སོགས་ཀྱི་ཚིག་ངན་གྱིས་བརྗོད་པའི་ཚུལ་གྱིས། གཞན་གྱི་སེམས་ལ་ཁོང་ཁྲོ་དང་རྣམ་གཡེང་། མི་རུང་བ་སོགས་ཀྱི་གནོད་པ་བྱེད་པ་ཞིག་ལ་གོ གཤེ་བ་དང་བཅས་པ། "ངག་གིས་གཞན་ལ་གནོད་པའི་གཏམ་གྱིས་གཤེ་བ་དང་བཅས་པ་"[]ཞེས་པའི་དོན་ནི་གང་ཟག་གཞན་ཞིག་གིས་རང་ལ་ངན་སྨྲ་དམ་སྐྱོན་གླེང་། མཚང་འབྲུ། ཚིག་རྩུབ་སོགས་བརྗོད་པའི་སྐབས། ཞེ་སྡང་གི་འདུ་ཤེས་དང་གཤེ་བའི་བསམ་པས་སེམས་ཁྲོ་གཏུབས་ཏེ་དབང་འདུས་མེད་པར་གྱུར་ནས། དེ་ལ་ལན་དུ་ཚིག་རྩུབ་པོ་དམ་སྐུར་བ་ཚ་པོ། མཚང་འབྲུ་སོགས་སེམས་ཁམས་ལ་གནོད་པའི་ཚིག་ངན་དེ་རྣམས་སེམས་ཅན་གཞན་ལ་གཉེན་པོར་སྨྲ་བ་ཞིག་ལ་གོ འདི་ནི་རང་གཞན་གཉིས་ཀའི་སེམས་ཁམས་ལ་གནོད་པ་ཆེ་བར་བྱེད་ཅིང་། དེ་དག་གི་ཕན་ཚུན་གྱི་འབྲེལ་བ་ལ་ཡང་ཉམས་ཆག་ཆེན་པོ་འབེབས་པ་ཡིན། སྔོན་གྱི་ངན་སྨྲའི་ལན་དུ་ངན་སྨྲས་ཚེ་མཐའ་མ་ཕན་ཚུན་གཉིས་ཀས་མི་དགེ་བ་ཆེར་སྤེལ་བའི་རྒྱུ་བྱེད། བྱིས་པ་ལས་བྱུང་བའི་སྨོད་པ། "བྱིས་པ་དང་འགྲོགས་ན་བྱིས་པ་ལས་བདག་བསྟོད་གཞན་ལ་སྨོད་པ་དང་འཁོར་བར་དགའ་བ་སྟེ་དེ་ལ་ཆགས་པའི་གཏམ་ལ་སོགས་པ་མི་དགེ་ཅིས་ཀྱང་ངེས་པར་འབྱུང་"[]ཞེས་པའི་བྱིས་པ་ཞེས་པ་ནི་ཤེས་རབ་ཆུང་ཞིང་ཕྱིན་ཅི་ལོག་གི་དབང་གིས་འཁྲུགས་པའི་གང་ཟག་རྣམས་ལ་ཟེར། དེ་འདྲའི་མི་དང་འགྲོགས་ཏེ་གྲོགས་པོ་བྱས་ན། ཁོ་ཚོས་སྔོན་ནས་ལམ་སྲོལ་ལྟར་བདག་རང་དང་བདག་གི་ཚོགས་པ། ཕྱོགས་རིས་ཀྱིས་ཡོན་ཏན་གང་ཡང་མེད་ཀྱང་བསྔགས་བརྗོད་བྱེད་ཅིང་། གཞན་ལ་ཉེས་པ་གང་ཡང་མེད་ཀྱང་སྐྱོན་བལྟས་ནས་སྨོད་པའི་ཚིག་སྨྲ་བར་བྱེད། དེ་བཞིན་འཁོར་བའི་བྱ་བ་ལ་དགའ་ཞིང་ཆགས་པའི་གཏམ་སྣ་ཚོགས། དགྲ་འདུལ་དང་ཚོང་ལས། ཟས་གོས། འདུ་འཛི། ལོ་རྒྱུས་རྙིང་པ་སོགས་ལ་བསམ་སྦྱོར་བ་དང་། དེ་དག་ལས་བརྒྱུད་ནས་བརྫུན་སྨྲ་བ་དང་ཕྲ་མ། མི་དགའ་བ་སྤེལ་བ་སོགས་ཀྱི་མི་དགེ་བ་ཡང་ཅིས་ཀྱང་ངེས་པར་འབྱུང་བར་འགྱུར། དེ་ལྟར་བྱིས་པ་དང་འགྲོགས་ན་སྨོད་བསྟོད་ཀྱི་མི་དགེ་བ་མང་པོ་སྐྱེད་པར་བྱེད་དོ། །བརྫུན་གྱི་སྨོད་པ། "རྙེད་བཀུར་གྱི་ཕྱིར་བདག་བསྟོད་གཞན་སྨོད་དང་བདག་ནི་ཆོས་ཟབ་མོ་ལ་བཟོད་པ་ཐོབ་པའོ་ཞེས་མི་ཆོས་བླ་མའི་རྫུན་སྨྲ་བ་"[]ཞེས་པའི་དོན་ནི་རང་ལ་མཆོད་སྦྱིན་དང་རྙེད་བཀུར། གཟེངས་བསྟོད། ཞབས་འདེགས་ལ་སོགས་པ་ཐོབ་པའི་ཆེད་དུ་རང་ཉིད་ལ་ཆོས་ཀྱི་ཤེས་པ་དང་བཟོད་པ། སྙིང་རྗེ། ཞི་གནས་ལྷག་མཐོང་ལ་སོགས་པའི་ཡོན་ཏན་མེད་ཀྱང་ཡོད་པ་ལྟར་བརྫུན་དུ་སྨྲ་ཞིང་བསྔགས་བརྗོད་བྱེད། ཡང་ན་འགྲན་སེམས་དང་ཕྲག་དོག་གི་དབང་གིས་གཞན་ལ་དེ་འདྲའི་ཡོན་ཏན་ཡོད་ཀྱང་མེད་པར་སྒྲོ་སྐུར་བྱེད་དམ། མེད་པའི་སྐྱོན་མང་པོ་ཡོད་པར་སྒྲོ་འདོགས་ཀྱིས་སྨོད་པ་བྱེད་པ་ཞིག་ལ་གོ འདི་ནི་བརྫུན་སྨྲ་བ་དང་སྨོད་པ་གཉིས་ཀ་སྦྲགས་པའི་མི་དགེ་བ་ཆེན་པོ་ཞིག་ཡིན་ལ། རྙེད་བཀུར་གྱི་ཆེད་དུ་བྱེད་པས་ཆེད་དུ་བཟང་པོ་མིན་པའི་ལས་ཀྱི་རིགས་སུ་གཏོགས། དེ་ལྟར་ཆོས་ཤེས་པ་མེད་བཞིན་དུ་ཡོད་ཅེས་བརྫུན་སྨྲ་བ་ལྟ་བུ་ཡིན། འགྲན་སེམས་ཀྱི་སྨོད་པ། "བྱང་སེམས་ལྷས་བྱིན་འདི་ནི་རྙེད་བཀུར་སོགས་ཉམས་ཤིང་བརླག་པས་ཉམ་ཐག་ཅིང་སྡུག་བསྔལ་བས་མ་རུངས་པར་བྱས་པ་ལ་ཡུན་རིང་པོའི་བར་དུ་སེམས་ཅན་བདག་ཅག་རྣམས་ནི་ཡིད་དགའ་བས་བལྟ་བར་བྱ་"[༡༠]ཞེས་པས་ལྷས་བྱིན་ཞེས་པའི་མིང་དཔེ་དང་དུ་བླངས་ནས་བྱང་སེམས་ཀྱི་སྤྱོད་པ་སྟོན་པ་ཞིག་ཡིན། ལུང་འདིའི་ཀློག་ཐབས་ནི་རང་ཉིད་ཀྱིས་འགྲན་སེམས་དང་ཕྲག་དོག་བྱེད་པའི་གང་ཟག་ལྷས་བྱིན་དེའི་རྙེད་བཀུར་དང་མཆོད་སྦྱིན། གཟེངས་བསྟོད། ཡོན་ཏན་གྲགས་པ་ལ་སོགས་པ་ཉམས་ཤིང་བརླག་ནས་ཞུམ་པ་དང་། ཚུལ་ཁྲིམས་དང་སྙོམས་འཇུག སྒོམ་པ་སོགས་ཉམས་ནས་སྡུག་བསྔལ་ཞིང་མ་རུངས་པར་གྱུར་པ་མཐོང་བའི་སྐབས་སུ། རང་གི་ཡིད་ལ་ཟག་ནས་དགའ་བ་དང་སྤྲོ་བ། བདེ་བ་སྐྱེས་ཏེ་ཁོང་ཙམ་ཞུས་པར་བལྟ་དགོས་ཞེས་པའི་དོན་ཡིན། འདི་ནི་གཞན་གྱི་ཞུམ་པ་དང་སྡུག་བསྔལ་ལ་དགའ་སྤྲོ་བའི་ཚ་གྱུར་གྱི་སེམས་ཀྱི་སྤྱོད་པ་དམ་འགྲན་སེམས་འཕེལ་བའི་རྒྱུར་གྱུར་པའི་སྨོད་པ་ཞིག་ཡིན།

བསྟོད་སྨད་ལ་རྙིང་པོ་མེད་པ།

[རྩོམ་སྒྲིག]

སྒྲ་ཙམ་དང་མིང་ཚིག "ཁྱད་པར་བསྟོད་སྨད་ནི། སྒྲ་ཙམ་དང་། མིང་ཚིག་དང་། ཡི་གེའི་ཚོགས་པ་ཙམ་ཡིན་ལ་། དེ་དག་གི་འབྲེལ་བ་དང་། བརྗོད་བྱ་རྗོད་བྱེད་ཀྱང་རང་བློས་སྒྲོ་བཏགས་པ་ཁོ་ནར་ཟད་"[༡༡]ཞེས་པ་ནི་སྨོད་པ་དང་བསྟོད་པ་གཉིས་ཀའི་ངོ་བོ། དབུ་མ་པའི་ལུགས་ལྟར་ན་ཐ་སྙད་ཙམ་དུ་གཞག་པའི་སྒྲ་ཚིག་དང་མིང་། ཡི་གེ་སོགས་ཀྱི་སྤྲོས་པ་ཁོ་ན་ལས་མ་འདས་པ་ཞིག་ཡིན། ཆོས་ཉིད་ཀྱི་ཆ་ནས་བལྟས་ན་དེ་ནི་སྟོང་པ་ཉིད་དམ་མཚན་མ་མེད་པའི་ངོ་བོ། རང་གི་བློས་བརྗོད་བྱ་དང་རྗོད་བྱེད་ཀྱི་འབྲེལ་བ་སྒྲོ་བཏགས་པ་ཁོ་ན་ཡིན་གྱི། དངོས་པོ་ཁ་དོག་ལྟ་བུའི་ངོ་བོ་ཡོད་པ་ནི་མ་ཡིན་པར་བསྟན་ཏོ། ། "ཡང་དག་པར་ཆུ་སྒྲ་དང་། རླུང་གི་སྒྲ་སོགས་ལ་བསྟོད་སྨད་དུ་བཟུང་བ་ལྟ་བུ་ཁོ་ནའི་ཕྱིར་"[༡༢]ཞེས་པ་འདིས་རང་བཞིན་གྱིས་སེམས་ཅན་མི་དམིགས་པའི་ཆུ་ཤུར་དང་རླུང་གི་སྒྲ་ལ་བསྟོད་སྨད་ཅི་ཞིག་བྱས་ཀྱང་དོན་མེད་པ་ལྟར། སེམས་ཅན་ལ་བྱས་པའི་སྨོད་པ་ཡང་དེ་དང་མཚུངས་པར་ངོ་བོ་ཉིད་ནས་སྟོང་པ་ཞིག་ཡིན་པར་བསྟན། སེམས་མེད་པ། "གལ་ཏེ་ལུས་དེ་ཉིད་ཀྱིས་ཤེས་པ་མེད་ན་ཡིད་བདག་གིས་ལུས་གང་གི་དོན་དུ་བསྟོད་སྨད་སོགས་ཀྱི་བླང་དོར་གྱིས་ངལ་བ་བྱས་ཏེ་དེ་ལྟར་བྱས་པ་དོན་མེད་"[༡༣]ཅེས་པའི་དོན་ནི་སེམས་ཅན་རྣམས་ཀྱིས་ལུས་ལ་དམིགས་ནས་སྨོད་པ་འམ་བསྟོད་པ་དུ་མ་བྱེད་ཀྱང་། ལུས་རང་ཉིད་ལ་ཤེས་པའམ་རིག་པའི་རང་བཞིན་མེད་པས། སྨོད་པ་དང་བསྟོད་པ། བསྔགས་པ་དང་སྐྱོན་བརྗོད་པ་སོགས་དེ་དག་གི་དོན་གང་ཡང་རྟོགས་ཐུབ་ཀྱི་མེད། དེ་བཞིན་དུ་སེམས་ཅན་གང་ཞིག་གིས་ལུས་ལ་སླར་ཡང་སྨོད་པ་བྱས་ཀྱང་ལུས་རང་ཉིད་ཀྱིས་སྨོད་པ་དེ་རྟོགས་ཀྱི་མེད་ལ། བསྟོད་པ་བྱས་ཀྱང་བསྟོད་པ་དེ་ཤེས་ཀྱི་མེད་པས། དེའི་དོན་དུ་རང་གི་སེམས་ལ་སེམས་སྡུག་དང་ཞེ་སྡང་། དགའ་སྤྲོ་དང་ང་རྒྱལ་སོགས་བླང་དོར་གྱི་སེམས་པ་སྐྱེད་ནས་ངལ་དུབ་བྱེད་པ་ཡོངས་སུ་དོན་མེད་པ་ཞིག་ཡིན་ནོ། །

དོན་མེད་པའི་རིགས་པ།

[རྩོམ་སྒྲིག]

མཛའ་མི་མཛའ་བར་མ། "སྤྱིར་འཇིག་རྟེན་ནི་མཛའ་བ་དང་། མི་མཛའ་བ་དང་། བར་མར་གནས་ལ། སྐྱེ་བོ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གཅིག་ཆར་བསྟོད་པའམ་སྨད་པ་ནི་མི་སྲིད་"[༡༤]ཅེས་པས་འཇིག་རྟེན་པ་རྣམས་མཛའ་པོ་དང་དགྲ་བོ། བར་མ་གསུམ་དུ་ཆ་འབྱེད་ཡོད་པས་ཐམས་ཅད་ཀྱིས་གཅིག་མཚུངས་སུ་བསྟོད་དམ་སྨོད་པ་གང་ཡང་མི་སྲིད་ཅེས་པའོ། །ཕན་གནོད་མེད་པ། "བསྟོད་སྨད་བྱས་པས་མཐོ་དམན་དང་བཟང་ངན་དུ་ཅུང་པ་ཟད་ཀྱང་མི་འགྱུར་ལ་ཕན་གནོད་ཀྱང་ཅི་ཡང་མེད་"[༡༥]ཅེས་པ་ནི་གང་ཟག་ཞིག་ལ་སྨོད་པ་འམ་བསྟོད་པ་བྱས་པ་ཙམ་གྱིས་དེའི་གདོད་མའི་ངོ་བོ་ཉིད་དང་ཆོས་ཀྱི་དབྱིངས། ནང་གི་ཡོན་ཏན་དང་སྐྱོན་རྣམས་ལ་འགྱུར་བའམ་མཐོ་དམན་གྱི་ཁྱད་པར་གང་ཡང་བྱེད་ཀྱི་མེད་དེ། དཔེར་ན་རིན་པོ་ཆེ་དངུལ་ཆུ་འདྲ་བ་ཞིག་ལ་གང་ཟག་གཅིག་གིས་རྡོ་ཞེས་བརྗོད་ཀྱང་དངུལ་དུ་འགྱུར་གྱི་མེད་ལ། རྡོ་སྤུར་རམ་ཞིག་ལ་གཞན་ཞིག་གིས་ནོར་བུ་ཞེས་བརྗོད་ཀྱང་གཏེར་དུ་འགྱུར་གྱི་མེད་པ་ལྟར། བསྟོད་སྨད་ཀྱིས་གང་ཟག་གི་ངོ་བོ་ལ་འགྱུར་བ་གང་ཡང་བྱེད་ཀྱི་མེད། ཡང་ན་གང་ཟག་ཞིག་ལ་བསྟོད་སྨད་གང་བྱས་ཀྱང་དེའི་སྐུ་ཚེ་མི་རིང་ཞིང་འཆི་རྩིས་མི་འགུལ་བ་དང་། རིགས་རུས་དང་ཞིང་ཁམས་ལ་འགྱུར་བ་མེད་པ། ལུས་སེམས་ཀྱི་ནུས་པ་ལ་འགྱུར་བ་མེད་པ་སོགས་འགྱུར་བ་གང་ཡང་མེད་པའི་ཕྱིར། མདོར་ན་བསྟོད་སྨད་ཀྱིས་ཐམས་ཅད་ངོ་བོ་ཉིད་ནས་ཕན་གནོད་གང་ཡང་མེད་པ་ཡིན་ནོ། །བསྟོད་སྨད་གང་བྱས་ཀྱང་དོན་ལ་ཕན་གནོད་མི་འགྱུར་བའི་དཔེ། "སྐྱེས་བུ་ཞིག་ན་བ་ན་ཁྱོད་ཀྱི་ནད་མེད་དོ་ཞེས་བསྟོད་པ་དང་ཁྱོད་ཀྱི་ནད་ལྕིའོ་ཞེས་སྨོད་པ་གཉིས་ཀས་ཀྱང་ནད་འཕེལ་འགྲིབ་གང་ཡང་མེད་པ་ལྟར་བསྟོད་སྨད་ཀྱིས་བདག་ལ་ཕན་གནོད་ཅི་ཡང་མེད་"[༡༦]ཅེས་པ་འདིས་ནད་པ་ཞིག་ལ་ནད་མེད་ཅེས་བསྟོད་ཀྱང་ནད་མི་འགྲིབ་ལ། ནད་ལྕི་ཞེས་སྨོད་ཀྱང་ནད་མི་འཕེལ་བ་ལྟར་བསྟོད་སྨད་ཀྱི་ཕན་གནོད་མེད་པ་སྟོན།

རྩོད་སྤོང་།

[རྩོམ་སྒྲིག]

བཤེས་གྲོགས་ཀྱི་རྩོད་པ། "གལ་ཏེ་ལུས་རང་གིས་ཕན་གནོད་དང་བསྟོད་སྨད་སོགས་མི་ཤེས་མོད་ཀྱང་གང་ཟག་གང་ཞིག་བདག་གི་ལུས་འདི་འདོད་ཅིང་ཡིད་དུ་འོང་བར་གྱུར་པའམ་དེ་ལ་ཕན་བདེ་སྒྲུབ་པར་འདོད་པ་དེ་དང་བདག་བཤེས་གྲོགས་ཡིན་པས་དེ་ལ་བདག་དགའ་བ་ཡིན་ནོ་"[༡༧]ཞེས་པ་འདིའི་དོན་ནི་ལུས་རང་གིས་སྨོད་བསྟོད་ཤེས་ཀྱི་མེད་མོད། འོན་ཀྱང་རང་གི་ལུས་འདི་ལ་དགའ་པོ་སེམས་པ་དང་དེ་ལ་ཕན་པ་སྒྲུབ་འདོད་ཀྱི་གང་ཟག་རྣམས་ནི་རང་གི་བཤེས་གྲོགས་ཡིན་པས་དེ་དག་ལ་རང་དགའ་དགོས་ཞེས་པའི་རྩོད་པ་ཞིག་ཡིན། མཚུངས་པའི་རིགས་པ། "འོ་ན་སེམས་ཅན་ཐམས་ཅད་ཀྱང་བདག་རང་རང་གི་ལུས་དེ་ཉིད་འདོད་ཅིང་དགའ་བ་ཡིན་པས་གང་ཟག་གཞན་དེ་ལའང་བདག་ཀོའམ་བདག་ནི་ཅིའི་མི་དགའ་སྟེ་རིགས་པ་མཚུངས་པས་དགའ་བས་ཕན་གདགས་རིགས་སོ། །[༡༨]ཞེས་ལན་འདེབས། འདིའི་དོན་ནི་ཁྱོད་ཀྱི་རིགས་པ་དེ་ལྟར་ཡིན་ན། སེམས་ཅན་ཐམས་ཅད་ཀྱིས་རང་རང་གི་ལུས་ལ་དགའ་ཞིང་དེ་ལ་ཕན་པ་འདོད་ཀྱི་ཡོད་པས། རང་ཉིད་ཀྱིས་གཞན་གྱི་ལུས་ལ་ཡང་དེ་དང་མཚུངས་པར་དགའ་ཞིང་ཕན་པ་བྱ་དགོས་པ་ཡིན་ཞེས་པའི་ལན་ཡིན།

སྤང་ཐབས།

[རྩོམ་སྒྲིག]

ཤིང་བཞིན་གནས་པ། "གང་གི་ཚེ་ཡོན་ཏན་བརྗོད་པའི་སྒོ་ནས་བདག་བསྟོད་ལྷུར་ལེན་པའམ་སྐྱོན་བརྗོད་པས་གཞན་ལ་སྨོད་པ་ཉིད་དང་ནི་སྐུར་བ་འདེབས་པའི་གཤེ་བ་དང་བཅས་པ་དང་རྩོད་ཅིང་འགྱེད་པ་དང་བཅས་པར་གྱུར་པ་དེའི་ཚེའང་གཉེན་པོ་རང་རྐྱ་ཐུབ་པ་མི་གཡོ་བར་ཤིང་བཞིན་དུ་གནས་པར་བྱའོ། །"[༡༩]ཞེས་པ་འདིའི་དོན་ནི་གཞན་དག་གིས་རང་ལ་བསྟོད་པ་བྱས་ཚེ་ང་རྒྱལ་དང་ཆགས་པ་སྐྱེ་བ་དང་། སྨོད་པ་བྱས་ཚེ་ཞེ་སྡང་དང་མི་དགའ་བ་སྐྱེ་བ། རྩོད་པ་དང་འགྱེད་པ་བྱུང་ཚེ་གཤེ་བ་དང་འཁྲུགས་པ་སྐྱེ་བ་སོགས་ཀྱི་སྐབས་སུ་ཉོན་མོངས་པ་རྣམས་ཀྱིས་སེམས་མི་འཁྲུགས་པར། གཉེན་པོ་དྲན་ཤེས་ཀྱིས་རང་གི་སེམས་ལ་རང་དབང་བཀག་ནས་ཤིང་ལྟར་སེམས་མེད་པར་གནས་པར་བྱ་དགོས་སོ། ། བྱིས་པ་དང་མི་འགྲོགས། "བྱིས་པ་རྣམས་དང་འགྲོགས་ན་གྲོགས་བྱིས་པ་གཞན་འགའ་ཞིག་ལ་དམིགས་ནས་བདག་རང་དང་རང་གི་ཕྱོགས་ཀྱི་ཡོན་ཏན་བརྗོད་ནས་བསྟོད་ཅིང་གྲོགས་གཞན་དེ་དང་དེའི་ཕྱོགས་ལ་ཉེས་སྐྱོན་བསྒྲགས་ཏེ་སྨོད་པ་ལྟ་བུའི་ཉེས་པ་འབྱུང་བ་"[༢༠]ཞེས་གསུངས་པ་འདིའི་དོན་ནི་བྱིས་པ་མཁས་པ་མེད་ཅིང་ཞེས་རབ་ཆུང་བའི་གང་ཟག་རྣམས་དང་གྲོགས་པོ་བྱས་ན། དེ་དག་གིས་རང་དང་རང་གི་ཕྱོགས་ཀྱི་ཡོན་ཏན་བསྔགས་ཤིང་གཞན་གྱི་ཕྱོགས་ཀྱི་སྐྱོན་སྨོད་པ་ལྟ་བུའི་མི་དགེ་བ་མང་པོ་ཞིག་སྐྱེད་པར་བྱེད་ཅིང་། འཁོར་བར་ཆགས་པའི་གཏམ་དང་བརྫུན་ལ་སོགས་པའི་མི་དགེ་བ་སྣ་ཚོགས་རང་གི་རྒྱུད་ལ་སྐྱེད་པར་བྱེད་པས་དེ་འདྲའི་གྲོགས་པོ་མི་བྱ་དགོས་ཞེས་པའི་གདམས་པ་ཡིན།

བསྡུས་དོན།

[རྩོམ་སྒྲིག]

སྨོད་པ་ཞེས་པ་ནི་སྤྱོད་འཇུག་གི་གཞུང་ནང་གཞན་ལ་སྐྱོན་བརྗོད་པའམ་ངན་སྨྲ་བ། ཚར་གཅོད་པ། རང་བསྟོད་གཞན་སྨོད་སོགས་ཀྱི་ངག་གི་མི་དགེ་བ་ཞིག་ལ་ཟེར། དེ་ནི་རང་བཞིན་གྱིས་སྒྲ་ཙམ་ཞིག་ཡིན་པས་ཕན་གནོད་གང་ཡང་མེད། འདི་ལ་འཇིག་རྟེན་པ་རྣམས་ཀྱིས་མཛའ་བ་དང་མི་མཛའ་བ། བར་མ་གསུམ་དུ་ཆ་འབྱེད་ཡོད་པས་ཐམས་ཅད་ཀྱིས་གཅིག་མཚུངས་སུ་བསྟོད་སམ་སྨོད་པ་མི་སྲིད། སྨོད་པ་དང་བསྟོད་པ་ལ་ཆགས་སྡང་བྱེད་པ་ནི་བྱིས་པའི་སྤྱོད་པ་ཡིན། སྨོད་པ་སྤང་ཐབས་ལ་ཤིང་བཞིན་གནས་པ་དང་བྱིས་པ་དང་འགྲོགས་མི་བྱེད་པ། ལུས་ལྟོས་མེད་དུ་སྦྱིན་པ་སོགས་ཀྱི་ཐབས་ཡོད། འགྲན་སེམས་ཀྱི་གཉེན་པོ་བསྒོམ་པ་དང་ཚ་གྱུར་གཉེན་པོར་དགའ་བར་བལྟ་བའི་ཐབས་ཀྱང་བསྟན་ཡོད། ཚར་གཅོད་དང་ཚིག་རྩུབ། མང་ཚོགས་ནང་གི་སྨོད་པ། བརྫུན་གྱི་སྨོད་པ། འགྲན་སེམས་ཀྱི་སྨོད་པ་སོགས་དབྱེ་བ་མང་པོ་ཡོད་པ་བཅས་སོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  2. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  3. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  4. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  5. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  6. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  7. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  8. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  9. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  10. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  11. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  12. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  13. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  14. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  15. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  16. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  17. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  18. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  19. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  20. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།