སྨན་ལུང་ཚོ་བ་

ཡོང་ཁུངས་Wikipedia

སྨན་ལུང་ཚོ་བ་ནི་གཞི་བདག་ཆེན་པོ་ཨ་མྱེས་གཉན་ཆེན་དང་། གནས་རི་ཁྱད་པར་ཅན་སྨན་རི་གཉིས་ཀྱི་ཉེ་འདབས་ལུང་ཁོག་ཏུ་གནས་ཤིང་། ཤར་ལྷོར་ཁ་གྱ། ལྷོ་ནུབ་ཏུ་ཐང་དཀར། ནུབ་བྱང་དུ་གནམ་ལྷ་ཞོལ་མ་བཅས་དང་འབྲེལ། ཡུལ་དེར་རིམས་ནད་བྱུང་ཚེ་གནས་བསྐོར་བྱས་ན་ནད་ཡམས་སངས་ཐུབ་པའི་ལོ་གྱོན་མའི་བླ་རི་ཡིན་ཟེར་བའི་རི་ཞིག་ཡོད་པ་དང་། རྡོ་སྨན་དང་རྩྭ་སྨན་ཤིང་སྨན་སོགས་ཀྱི་རིགས་ཤིན་ཏུ་མང་ཞིང་ལུང་ཁོག་ཏུ་འཐུང་ན་ནད་ཡམས་སེལ་བའི་སྨན་ཆུ་འབབ་པ་སོགས་ཀྱིས་སྨན་ལུང་དུ་བཏགས་ཟེར། ཚོ་བ་འདིའི་མི་རྒྱུད་རྣམས་ནི་ཡུལ་གསུམ་ནས་སྔ་ཕྱིར་འདིར་སླེབས་ཏེ་གཞིས་ཆགས་ཤིང་། གཅིག་ནི་མགོ་ལོག་དཀར་མོ་རྫོང་ནས་འོང་བ་དང་། གཅིག་ནི་མཛོད་དགེ་རྐང་ཚ་ནས་འོང་། ཡང་གཞན་གཅིག་ནི་མཚོ་སྔོན་ཨ་རིག་ནས་འོངས་པར་བཞེད། སྨན་ལུང་ཚོ་བ་ནི་ཡུལ་ཕྱོགས་འདིའི་རང་མགོ་རང་འཛིན་གྱི་ཤོག་ཁག་གཅིག་ཡིན། དེར་ཐང་འདབས་དང་། མཚེར་འགག བྲག་དམར། ཞོ་གཙང་ནང་། སྟོང་མགོ་ནང་། གཙང་ར་ནང་བཅས་སྡེ་ཚོ་དྲུག་མངའ། ཡུལ་ཁོངས་སུ་རབ་འབྱམས་པ་སྨོན་ལམ་མཆོག་གྲུབ་ཀྱིས་བཏབ་པའི་སྨན་ལུང་དགོན་བཀྲ་ཤིས་ཆོས་འཕེལ་གླིང་མཆིས།