སྨན་པའི་ངག་
སྨན་པའི་ངག་ཅེས་པ་ནི་སྤྱིར་ནད་པ་སོས་པའི་ཆེད་དུ་སྨན་པས་ནད་པ་ལ་གནང་བའི་མན་ངག་དང་བཀའ་ཁྲིམས་ལ་ཟེར་ལ། ཁྱད་པར་དུ་འདོད་ཆགས་སོགས་ཉོན་མོངས་པའི་ནད་སེལ་བའི་ཆེད་དུ་སྨན་པ་མཆོག་སངས་རྒྱས་ཀྱི་བཀའ་ལུང་དང་གདམས་ངག་ལ་ཟེར། དཔེར་ན། ཐ་མལ་གྱི་ནད་ཀྱིས་འཇིགས་ན་ཡང་སྨན་པའི་ངག་བཞིན་དུ་གཉེན་པོ་བསྟེན་དགོས་པ་ལྟར། འདོད་ཆགས་སོགས་ཉོན་མོངས་པའི་ནད་ཀྱིས་བཏབ་པའི་སེམས་ཅན་རྣམས་ཀྱིས་སྨན་པ་མཆོག་སངས་རྒྱས་ཀྱི་བཀའ་ལུང་ལྟར་གཉེན་པོ་བསྟེན་དགོས།
སྤྱི་དོན།
[རྩོམ་སྒྲིག]སྨན་པའི་ངག་ཅེས་པའི་ཐ་སྙད་འདིས་ཁྱད་པར་དུ་ཚེ་ཐུང་བའི་ཐ་མལ་པའི་ནད་ལ་འཇིགས་ཤིང་སྨན་པའི་ཞལ་ཏ་ལྟར་གཉེན་པོ་བསྟེན་པར་འབད་དགོས་པའི་ཚུལ་གྱིས་བརྗོད་ནས། ཐོག་མ་མེད་པ་ནས་སེམས་རྒྱུད་ཀྱི་རྒྱུན་ལ་ཞུགས་པའི་ཉོན་མོངས་པའི་ནད་དྲག་པོ་དེར་སམ་པ་དང་བརྟུལ་ཞུགས་ཀྱི་གཉེན་པོ་བསྟེན་པར་དགོས་པ་གཅེས་སྤྲས་བྱས་ཏེ་བསྟན་པ་ལ་གོ་དགོས་པ་ཡིན། "སྨན་པའི་ངག་བཞིན་དུ་བྱེད་དགོས་"[༡]ཞེས་ལེགས་པར་བསྟན་ནོ། །
དཔེའི་ནང་གསེས་ཀྱི་གསལ་བཤད།
[རྩོམ་སྒྲིག]"རླུང་དང་མཁྲིས་པ་སོགས་ཆ་མ་སྙོམས་པར་འབྱུང་ཁམས་འཁྲུགས་པ་རིང་དུ་མི་གནས་པའི་ཐ་མལ་པའི་ནད་ཀྱིས་ཐེབས་པ་ཙམ་ལ་འཇིགས་ཤིང་སྐྲག་པར་གྱུར་ན་ཡང་དེ་བཅོས་པའི་ཐབས་སུ་སྨན་པས་ཇི་ལྟར་བསྒོས་པའི་ངག་བཞིན་དུ་སྨན་དང་ཟས་དང་སྤྱོད་ལམ་སོགས་ཀྱི་གཉེན་པོ་ཚུལ་བཞིན་དུ་བསྟེན་པར་བྱས་ནས་དེ་ལས་མི་འདའ་བར་བྱ་དགོས་"[༢]ཞེས་ཟུར་ཟ་བའི་ནད་ཆུང་ངུ་ཞིག་ལ་ཡང་སྨན་པའི་གདམས་ངག་ལྟར་སྤྱོད་དགོས་པའི་ཚུལ་གྱིས་གསལ་བར་བསྟན།
ཉོན་མོངས་ནད་དང་སྦྱར་ཏེ་བསྟན་པའི་ཚུལ།
[རྩོམ་སྒྲིག]"ཐོག་མ་མེད་པ་ནས་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་གཅོང་ནད་ཆེན་པོ་ཉེས་པ་བརྒྱ་ཕྲག་མང་པོའི་འབྱུང་གནས་སུ་གྱུར་པ་ཡི་ནད་དྲག་པོ་སུས་ཀྱང་གསོ་དཀའ་བ་ཉིད་ཀྱིས་དུས་རྟག་ཏུ་སེམས་རྒྱུད་ལ་བཏབ་པ་ནད་དེ་སེལ་བའི་སྨན་པ་མཆོག་སངས་རྒྱས་ཀྱི་བཀའ་ལས་མི་འདའ་བར་ཚུལ་བཞིན་དུ་གཉེན་པོ་བསྟེན་རིགས་པ་སྨོས་ཀྱང་ཅི་དགོས་"[༣]ཞེས་ཉོན་མོངས་པའི་ནད་སེལ་བའི་སྨན་པ་མཆོག་ནི་སངས་རྒྱས་ཡིན་པ་དང་། དེ་ཡི་བཀའ་དགོངས་ལྟར་བསྒྲུབ་དགོས་པ་གསལ་པོར་བྱས་ཡོད།
གཉེན་པོ་བསྟེན་པའི་གལ་ཆེ།
[རྩོམ་སྒྲིག]"རླུང་མཁྲིས་སོགས་འཁྲུགས་པའི་ཐ་མལ་པའི་ནད་ཀྱིས་འཇིགས་ན་ཡང་ཤིར་དོགས་ནས་དེ་བཅོས་པའི་ཐབས་སྨན་པའི་ངག་བཞིན་དུ་བྱེད་དགོས་ན། ཐོག་མ་མེད་པ་ནས་འདོད་ཆགས་ལ་སོགས་པ་དུག་གསུམ་གྱི་གཅོང་ནད་ཆེན་པོ་ཉེས་པ་བརྒྱ་སྟོང་ཕྲག་དུ་མའི་འབྱུང་ཁུངས་སུ་གྱུར་པའི་ནད་ཀྱིས་རྟག་ཏུ་བཏབ་པས་རང་ཅག་དེ་སེལ་བའི་སྨན་པ་མཆོག་རྒྱལ་བའི་བཀའ་བཞིན་དུ་གཉེན་པོ་བསྟེན་པར་རིགས་པ་སྨོས་ཅི་དགོས་"[༤]ཞེས་ཉོན་མོངས་པའི་ནད་ནི་ཐ་མལ་པའི་ལུས་ཀྱི་ནད་ལས་ཆེས་དྲག་ཅིང་ཉེས་པ་ཆེ་བའི་ཚུལ་གསལ་བར་བསྟན།
མ་ཉན་པའི་ཉེས་དམིགས།
[རྩོམ་སྒྲིག]"སྨན་པའི་ངག་དག་ལ་མ་མཉན་ན་སྨན་དག་གིས་བཅོས་དགོས་ནད་པ་སོས་པ་ག་ལ་ཡོད་དེ་མེད་པ་ལྟར་ཉོན་མོངས་དང་སྡུག་བསྔལ་གྱི་ནད་ལས་ཐར་བར་མི་འགྱུར་རོ། །"[༥]ཞེས་སྨན་པའི་ཞལ་ཏ་མ་ཉན་ན་ནད་སེལ་མི་ཐུབ་པ་བཞིན། སངས་རྒྱས་ཀྱི་བཀའ་གདམས་མ་ཉན་ན་ཉོན་མོངས་ཀྱི་ནད་ལས་གྲོལ་མི་ཐུབ་པ་གཅེས་སྤྲས་བྱས་ཏེ་བཤད།
ཚུལ་བཞིན་སྒྲུབ་པའི་གལ་ཆེ།
[རྩོམ་སྒྲིག]"སྨན་པ་མཁས་པའི་ངག་བཞིན་མ་མཉན་པར་སྤང་བླང་མ་བྱས་ན་ཚ་གྲང་ལ་སོགས་པའི་གཉེན་པོ་སྨན་བཟང་པོ་ཟོས་ཤིང་འཐུང་བ་དག་གིས་ཀྱང་བཅོམ་དགོས་པའི་ནད་པ་རྣམས་ཚ་གྲང་སོགས་ཀྱི་ནད་ལས་གྲོལ་བའམ་སོས་པར་ག་ལ་ཡོད་དེ་མེད་པ་ལྟར་ཆོས་ཀྱིས་ཕན་མི་ཐོགས་"[༦]ཞེས་སྨན་ཟོས་ཀྱང་སྨན་པའི་གདམས་ངག་ལྟར་ཟས་སྤྱོད་མ་བྱས་ན་ནད་སེལ་མི་ཐུབ་པ་བཞིན། དམ་པའི་ཆོས་ཐོས་ཀྱང་ཚུལ་བཞིན་མ་སྒྲུབ་ན་ཕན་ཐོགས་མེད་པའི་ཚུལ་གསལ་བར་བསྟན།
དཔེའི་རིམ་པ།
[རྩོམ་སྒྲིག]གླེང་གཞི་རྣམས་ལས་མཐོང་ཐུབ་པ་ལྟར། སྨན་པ་ལྟ་བུ་སངས་རྒྱས། སྨན་ལྟ་བུ་དམ་པའི་ཆོས། ནད་པ་ལྟ་བུ་སེམས་ཅན་རྣམས། ནད་ལྟ་བུ་ཉོན་མོངས་པ་ཞེས་པའི་དཔེ་མཚོན་གྱི་རིམ་པ་གསལ་པོར་བཤད་ཡོད། "སྨན་པའི་ངག་ལྟར་མི་བྱེད་ན་གང་ལ་སྨན་བསྒྲུབ་པར་བྱ་བའི་སྨན་གྱིས་བསྒྲུབ་པར་བྱ་བའི་ནད་པ་སྐྱོན་མེད་ཅིང་ནད་མེད་པར་འགྱུར་བ་ག་ལ་ཡོད་"[༧]ཅེས་པས་ཀྱང་འདིའི་ཚུལ་གསལ་བར་མཐོང་ཐུབ།
བསྡུས་དོན།
[རྩོམ་སྒྲིག]སྨན་པའི་ངག་ཅེས་པ་ནི་སྤྱིར་ནད་གསོ་བའི་ཆེད་དུ་སྨན་པས་ནད་པ་ལ་གནང་བའི་བཀའ་གདམས་ངག་ལ་ཟེར། ཁྱད་པར་དུ་སྤྱོད་འཇུག་གི་རྣམ་འགྲེལ་ཁག་ནང་འདོད་ཆགས་སོགས་ཉོན་མོངས་པའི་ནད་སེལ་བའི་ཆེད་དུ་སྨན་པ་མཆོག་སངས་རྒྱས་ཀྱི་བཀའ་ལུང་དང་གདམས་ངག་གི་ཚིག་ཏུ་བེད། ཐ་མལ་གྱི་ནད་ལ་འཇིགས་ནས་སྨན་པའི་ངག་བཞིན་བསྒྲུབ་དགོས་པ་དེ་བཞིན། ཉོན་མོངས་པའི་ནད་ནི་དེ་ལས་ཀྱང་དྲག་པོ་ཡིན་པས། སྨན་པ་མཆོག་སངས་རྒྱས་ཀྱི་བཀའ་ལུང་ལས་མི་འདའ་བར་ཉོན་མོངས་པའི་གཉེན་པོ་བསྟེན་དགོས་པར་ལུངས་ནས་གསུངས།
ལུང་ཁུངས།
[རྩོམ་སྒྲིག]- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།