Jump to content

སྦྱོར་ལམ་

ཡོང་ཁུངས་Wikipedia

སྦྱོར་ལམ་ནི་ཤེར་ཕྱིན་གྱི་ལམ་ལྔའི་ནང་གསེས་གཉིས་པ་སྟེ། ཚོགས་ལམ་གྱི་རྗེས་སུ་འབྱུང་ཞིང་མཐོང་ལམ་གྱི་སྔོན་དུ་འགྲོ་བའི་ལམ་གྱི་རིམ་པ་ཞིག་ཡིན། ལམ་འདི་ལ་སྦྱོར་ལམ་ཞེས་བྱ་བའི་རྒྱུ་མཚན་ནི། བདེན་པ་མངོན་སུམ་དུ་རྟོགས་པའི་མཐོང་ལམ་དང་སྦྱོར་བར་བྱེད་པའི་ལམ་ཡིན་པས་དེ་ལྟར་བཏགས།

མཚན་ཉིད།

[རྩོམ་སྒྲིག]

བདེན་པ་བཞི་དང་དེའི་རྣམ་པ་བཅུ་དྲུག་ལ་དམིགས་ནས་བདེན་སྟོང་གི་རྣམ་པ་ཅན་དུ་སྒོམ་པའི་ལམ་ཡིན། "ཕུང་པོ་ལྔའི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་སེམས་པ་རྣམས་དོན་དམ་པར་མེད་ཅིང་། དེ་ལ་རྣམ་པར་ཤེས་པའི་གནས་དམིགས་པ་ནི་དོན་དམ་པར་རྡུལ་ཙམ་ཡང་ཡོད་པ་མིན་"[]ཞེས་གསུངས་པ་ལྟར་རོ། །

སྒྲ་བཤད།

[རྩོམ་སྒྲིག]

"མི་སློབ་པ་སངས་རྒྱས་ཀྱི་ཡེ་ཤེས་དང་དེའི་ཚུལ་དང་མཐུན་པ་བསྒོམ་པའི་ལམ་དང་དེའི་སྒོ་ཉིད་དུ་གྱུར་པ་མཐོང་ལམ་དང་། དེ་སྐྱེ་བའི་ཐབས་སྦྱོར་ལམ་"[]ཞེས་གསུངས་པ་ལྟར་རོ། །

དབྱེ་བ།

[རྩོམ་སྒྲིག]

སྦྱོར་ལམ་ལ་དྲོད། རྩེ་མོ། བཟོད་པ། ཆོས་མཆོག་སྟེ་བཞིར་ཕྱེ་ལ། དེ་རེ་རེ་ལའང་ཆུང་འབྲིང་ཆེན་པོ་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་སུ་འགྱུར། "སྦྱོར་ལམ་དྲོད་སོགས་བཞི་པོ་རེ་རེ་ལའང་ཆུང་འབྲིང་ཆེན་པོ་གསུམ་གསུམ་དང་སྦྱར་བའི་མདོ་ཚན་སོ་སོར་ཡོད་"[]ཅེས་གསུངས་པ་ལྟར་རོ། །སྦྱོར་ལམ་དྲོད། "དྲོད་ལ་གནས་པ་དེ་དམིགས་པའི་ཆོས་ཀུན་ལ་བདེན་ཞེན་གྱིས་མི་གནས་ཏེ། དེ་ལྟར་གནས་པར་མེད་པར་སྤྱོད་ཅིང་བདེན་ཞེན་གྱིས་ཡོངས་སུ་གཟུང་བར་བྱེད་པ་མེད་ན་བདེ་བར་གཤེགས་པ་རྣམས་ཀྱི་བྱང་ཆུབ་སངས་རྒྱས་འཐོབ་པར་འགྱུར་རོ། །"[]ཞེས་གསུངས། སྦྱོར་ལམ་རྩེ་མོ། "སྦྱོར་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟར་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་གཟུགས་སོགས་ཀྱི་ཆོས་ཀུན་དོན་དམ་པར་མི་དམིགས་པར་ཤེས་པ་ན། ཞི་བ་མྱ་ངན་ལས་འདས་པའི་མཐའ་ལ་མི་རིག་པ་སྟེ་མི་གནས་པ་དེའི་ཚེ་བྱང་སེམས་དེ་ནི་ཤེར་ཕྱིན་ལ་གནས་པའོ། །"[]ཞེས་གསུངས། སྦྱོར་ལམ་བཟོད་པ། "གཟུགས་སོགས་ཕུང་པོ་ལྔ་ལ་བདེན་ཞེན་གྱིས་མི་རྟོག་མི་སྤྱོད་ཅིང་། དོན་དམ་པར་ནི་དམིགས་པ་ཅི་ལའང་གནས་པ་མེད་པར་སྤྱོད་པ་དེ་ནི་ཐ་སྙད་དུ་བདེན་སྟོང་ལ་སྤྱོད་ཅེས་བྱ་ཡང་། དེར་སྤྱོད་ཅེས་བྱ་བར་དོན་དམ་པར་མི་དམིགས་པར་སྤྱོད་ན་ཤེས་རབ་བརྟན་པ་ཡིན་ལ། དེ་ནི་དོན་དམ་པར་སྐྱེ་བ་མེད་པར་རྟོགས་པའི་བློ་དང་ལྡན་པའི་ཏིང་ངེ་འཛིན་ཞི་བ་མཆོག་ལ་རེག་པ་ཡིན་ནོ། །"[]ཞེས་གསུངས། སྦྱོར་ལམ་ཆོས་མཆོག "བྱང་ཆུབ་སེམས་དཔའ་གང་ཞིག་ཕུང་སོགས་དོན་དམ་པར་མེད་པའི་དོན་ལ་དེ་ལྟར་རྩེ་གཅིག་ཏུ་གནས་པ་དེའི་ཚེ། འདིར་བདག་ནི་ཏིང་ངེ་འཛིན་ཞི་བ་ཆོས་མཆོག་ལ་གནས་པ་སྟེ། དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ནོ། །"[]ཞེས་གསུངས། སྦྱོར་ལམ་གྱི་སྤང་བྱའི་གཙོ་བོ་ནི་ཤེས་སྒྲིབ་ཀུན་བཏགས་མངོན་འགྱུར་བ་སྟེ། གཟུང་འཛིན་གྱི་རྣམ་རྟོག་བཞི་ཡོད། དེ་ཡང་ཉོན་མོངས་གཟུང་རྟོག་དང་། རྣམ་བྱང་གཟུང་རྟོག གཉིས་དང་། འཛིན་རྟོག་གཉིས་ཏེ་བཞིའོ། །"སྦྱོར་ལམ་དྲོད་སོགས་བཞིའི་སྤང་བྱའི་གཙོ་བོ་ཤེས་སྒྲིབ་ཀུན་བཏགས་མངོན་འགྱུར་བ་བཞི་སྟོན་"[]ཞེས་གསུངས། "ཐ་དད་འདུ་ཤེས་བྲལ་ཞིང་ཞེས་སོགས་ཚིགས་བཅད་གསུམ་གྱིས་སྟོན་ཏེ། རང་གཞན་ཕྱོགས་རིས་སུ་ཐ་དད་པར་འཛིན་པའི་འདུ་ཤེས་དང་བྲལ་ཞིང་། འཐད་ཅིང་རིགས་པ་དང་ལྡན་པའི་ཚིག་སྨྲ་བ་དང་། ཕྱི་རོལ་པའི་དགེ་སྦྱོང་གཞན་དང་བྲམ་ཟེ་གཞན་ལ་རྟེན་པར་མི་བྱེད་"[]ཞེས་སོ། །"སྦྱོར་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་ཡོངས་སུ་ཞུས་པ༑ ཡོན་ཏན་རྒྱ་མཚོ་དང་འདྲ་སྟེ། ཟད་མི་ཤེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཉོན་མོངས་པ་མ་མཆིས་པའི་ཐེག་པ་དམན་པར་མི་ལྡོག་པའི་རྟགས་བསྟན་དུ་གསོལ།"[༡༠] ཞེས་གསུངས་པ་ལྟར་རོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག ༦a།
  2. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག ༩༥b
  3. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག ༥b
  4. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག ༦a
  5. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག ༦a-༦b།
  6. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག ༧a-༧b
  7. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག ༧a
  8. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག ༧-b༨a
  9. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག ༣༢a
  10. ཀརྨ་པ་རང་བྱུང་རྡོ་རྗེ། སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག ༧༩།