Jump to content

སྦེ་པ་གྲོང་བརྡལ།

ཡོང་ཁུངས་Wikipedia

སྤྱིའི་ཁྱད་ཆོས།

[རྩོམ་སྒྲིག]

སྦེ་པ་གྲོང་རྡལ་ནི་བྲག་ཡིབ་ཆུས་ཀྱི་ནུབ་ཕྱོགས་རྒྱལ་ལམ318ཀྱི་འགྲམ་དུ་ཡོད་པ་དང་། བྲག་ཡིབ་ཆུས་མི་དམངས་སྲིད་གཞུང་ནས་ལམ་ཐག་སྤྱི་ལེ60ཙམ་ཡོད། གྲོང་རྡལ་དེ་ཧ་ལམ་སའི་གོ་ལའི་བྱང་གི་འཕྲེད་ཐིག29°47′དང་། ཤར་གྱི་གཞུང་ཐིག93°50′ཐོག་ཏུ་གནས་ཡོད་ལ། དེའི་ཤར་ཕྱོགས་ནི་དགུང་ཚང་མོན་པ་མི་རིགས་ཤང་དང་། ལྷོ་ཕྱོགས་དང་ཤར་ལྷོའི་མཚམས་ནི་སྨན་གླིང་རྫོང་། ནུབ་ཕྱོགས་དང་ནུབ་བྱང་མཚམས་ནི་ཀོང་པོ་རྒྱ་མདའ་རྫོང་། བྱང་ཕྱོགས་དང་བྱང་ཤར་མཚམས་ནི་ཀོང་པོ་རྒྱ་མདའ་རྫོང་དང་བྲག་ཡིབ་ཆུས་དགུང་ཚང་མོན་པ་མི་རིགས་ཤང་བཅས་ཀྱི་ས་དང་འབྲེལ་ཡོད། དེའི་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་རྨིད3000ཡིན་པ་དང་།ལོ་རེའི་ཆ་སྙོམས་དྲོད་ཚད་ནི་8.6℃ཡིན།


གྲོང་བརྡལ་གྱི་འཕེལ་རྒྱས།

དེང་གི་སྦེ་པ་གྲོང་རྡལ་སྲིད་གཞུང་ཆགས་སའི་གནས་དེར་སྦེ་པ་སྐྱེལ་འདྲེན་ས་ཚིགས་ཞེས་པ་ཞིག་ཡོད་པ་དང་། སྤྱི་ལོ1964ལོའི་ཟླ7པར་ཞོལ་ཁ་རྫོང་མངའ་ཁོངས་ཀྱི་ལྷ་དཀར་དང་། ཁེ་ནང་། ཆོས་དཀར། བེར་ར་བཅས་ཤང་བཞི་ཉིང་ཁྲི་རྫོང་ལ་རྩིས་སྤྲོད་བྱས་རྗེས། ཉིང་ཁྲི་རྫོང་གིས་སྦེ་པ་སྐྱེལ་འདྲེན་ས་ཚིགས་ཡོད་སར་ཆུས་མི་དམངས་སྲིད་གཞུང་བཙུགས་ནས་སྦེ་པ་ཆུས་ཞེས་འབོད། རིག་གནས་གསར་བརྗེའི་སྐབས་སྐར་དམར་ཆུས་ཞེས་འབོད། སྐབས་དེ་དུས་ཆུས་སྲིད་གཞུང་གི་གནས་ས་ནི་ལྷ་དཀར་གྲོང་ཚོར་ཡིན། སྤྱི་ལོ1987ལོར་ཆུས་དོར་ཤང་འཛུགས་སྐབས་སྦེ་པ་ཤང་དབུ་བརྙེས། སྤྱི་ལོ2000ལོར་སྦེ་པ་གྲོང་རྡལ་ཞེས་མིང་བསྒྱུར། ད་ལྟ་གྲོང་རྡལ་དེའི་མངའ་ཁོངས་སུ་བླ་བཅད་དང་། ཁེ་ནང་། འབེལ་པོ། གསེར་ཀོང་། བཀྲ་བདེ། སྟག་ལྤགས། ལེན་འབད། ཆོས་དཀར། མཛེས་པ། སྦེ་པ། ཀྲང་པ་བཅས་སྲིད་འཛིན་གྲོང་ཚོ11དང་ཐེམ་དུད758ལ་མི་གྲངས3618ཡོད།


མིང་ཐོགས་ཚུལ།

སྦེ་པ་ཞེས་པའི་མིང་ནི་སྔོན་ཧོར་པའི་ཚོང་པས་ཀོང་ཉང་སྟོད་ཁུལ་དུ་ཚྭ་སོགས་བཙོང་བར་ཡོང་སྲོལ་ཡོད་ཅིང་། ཁོང་ཚོས་དེང་གི་སྦེ་པ་གྲོང་ཚོའི་ཉེ་འཁོར་གྱི་བེར་ལྗོངས་(བེར་དོ་ཤིང་གི་ལྗོངས་ལྟ་བུ་ཞིག་ཡོད། ད་ལྟ་སྦེ་པ་གྲོང་ཚོའི་ཁོངས་ཀྱི་ས་ཆ་ཞིག་གི་མིང་ཡིན། དེ་ཉང་ཆུ་གཙང་པོའི་འགྲམ་དུ་གནས་ཡོད)ཞེས་པའི་གནས་དེར་ཞག་སྡོད་བྱེད་སྲོལ་ཡོད། སྐབས་དེར་ཉང་ཆུའི་ཚུ་རོལ་གྱི་དཔོན་པོས་ཀྲང(ཉང་སྟོད་ཁུལ་དུ་འཇལ་བྱེད་སྲང་ལ་ཀྲང་ཞེས་འབོད་)མཁོ་འདོན་བྱེད་པ་དང་། ཉང་ཆུའི་ཕ་རོལ་གྱི་གནས་པོས་འཇལ་བྱེད་བྲེ་མཁོ་འདོན་བྱེད་ཀྱི་ཡོད་པར་བརྟེན། ཉང་ཆུའི་ཕ་རོལ་གྱི་གྲོང་ཚོའི་མིང་ལ་བྲེ་པ་ཞེས་འབོད། ཡིན་ནའང་ཀོང་པོའི་ཡུལ་སྐད་དུ་བྲེ་ལ་བེ་ཞེས་འབོད་པ་དང་། ཡིག་ཐོག་ཏུ་སྦེ་པ་ཞེས་འབྲི་བས། ཡུལ་མིང་སྦེ་པ་ཞེས་བྱུང་བ་ཡིན།


ཐོན་ཁུངས།

གྲོང་རྡལ་དེའི་ས་ཁོངས་སུ་གཅན་གཟན་རི་དྭགས་གླ་བ་དང་། དོམ། གཟིག སྤྲེའུ། དྲེད་མོང་། ཤྭ་བ། སྲམ་སོགས་གནས་པ་མ་ཟད། སྨན་རྩྭའི་རིགས་དབྱར་རྩྭ་དགུན་འབུ་དང་། གུར་ཀུམ། སྙི་བ། སྲོ་ལོ་དམར་པོ་སོགས་ཐོན་གྱི་ཡོད། གྲོང་རྡལ་དེའི་མངའ་ཁོངས་སུ་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་དེ། ཁེ་ནང་ལུང་ཆུ་དང་། སྦྱར་པ་ཉང་ཀླུ་ལུང་ཆུ། མཛེས་རོང་ལུང་ཆུ། སྦེ་རོང་ལུང་ཆུ། འབེལ་པ་ལུང་ཆུ། གཏེར་ལུང་ལུང་ཆུ། ཆོས་དཀར་ལུང་ཆུ། སྨན་ལྡེམས་ལུང་ཆུ་སོགས་ཡོད་ལ། མཚོ་དང་མཚེའུ་ཡང་མང་པོ་ཡོད། ས་ཁོངས་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ1473དང་། ས་ཞིང་མུའུ9749རྩྭ་ཐང་རྒྱ་ཁྱོན་སྤྱི་ཆིང་77000ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་105400ཡོད།


ཡུལ་སྐོར།

ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོ་ནི་ཨོ་རྒྱན་སྒྲུབ་ཕུག་དང་། བེར་ར་སྒྲུབ་ཕུག ལུང་བསྟན་སྤང་ཁ། མོན་བརྒྱ་སྐོར་དང་ཁེ་ནང་གི་མོན་གནས་རི། དེ་བཞིན་གཏེར་ལུང་རྙེད་མ་ལྷ་རི་སོགས་མི་ཉུང་བ་ཞིག་ཡོད།

《ཉིང་ཁྲིའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ་》ལས་བཏུས།