སྤྲེལ་ལོ་སྤྲེལ་ཟླ།
ལོ་འཁོར་རེའི་སྤྲེལ་ལོ་ནམ་ཤར་ལ་སྤྲེལ་ལོ་སྤྲེལ་ཟླ་ཞེས་དུས་ཆེན་ཞིག་ཡོད་པ་ནི་ལོ་དེའི་བོད་ཟླ་༥པའི་ཚེས་༡༥ཉིན་འབྲས་སྦུངས་དགོན་འདབས་ཀྱི་གནས་ཆུང་དགོན་པར་གནས་ཆུང་ཆོས་སྐྱོང་དང། དགའ་གདོང། བསྟན་མ། ཕུ་ཤར། དན་བག་ཞང་ཁོ། ཡལ་སྣའི་ཀླུ་བཙན། པ་རི་བཙན་ཁང། རྒྱང་མཁར། གདོང་དཀར་ཨ་རིལ་སོགས་ལྷ་ཁག་རྣམས་ཀྱི་སྐུ་རྟེན་ལ་ལྷ་ཁོག་ཞུགས་ཀྱིས་གནས་ཆུང་དགོན་པར་སྐོར་བ་འགྲོ་བ་དང། དེ་དུས་ཏྰ་ལའི་བླ་མ་ཡང་གནས་ཆུང་དགོན་པར་ཕེབས་ཀྱི་ཡོད་། དེ་ཉིན་སེ་ར་དགོན་པར་ཡང་ཀརྨ་ཤག་ཆོས་སྐྱོང་དང་ཉག་བྲན་རྒྱལ་ཆེན་གྱི་གཙོ་སྐྱོང་འོག་ལྕགས་རོང་དང། གཙང་རལ། ལྕགས་གྲོངས། ཉང་བྲན་གྲ་ཕྱི་ཤར། དོག་བདེའི་གཞི་བདག། སྐུ་འབུམ་ཐང་སོགས་ཀྱི་ལྷ་ཕེབས་མཁན་ཚོ་སེ་ར་ཚོགས་ཆེན་མདུན་ལ་ཕེབས་ཏེ་སེ་རའི་གླིང་སྐོར་དུ་འགྲོ་སྐབས་ལྷ་བདག་ཁང་ཚན་སོ་སོའི་ཁང་ཚན་ནས་ལྷ་དེར་ཞལ་ཇ་﹙ཇ་ཁུ་གྲང་མོ་﹚དང་སྙན་དར་འབུལ་སྲོལ་ཡོད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།