སྤྲེལ་ཟླ་ཚེས་བཅུའི་གར་འཚམ།
དེ་སྔ་བོད་ས་གནས་སྲིད་གཞུང་གི་སྐབས་ལོ་འཁོར་རེའི་སྤྲེལ་ལོ་ནམ་ཤར་གྱི་བོད་ཟླ་སྔ་པའི་ནང་སྐྱོར་མོ་ལུང་གྱི་གཞོང་པ་ལྷ་ཆུའི་ནང་ཚེས་བཅུ་པའི་སྐྱིད་སྡུག་ནས་གུ་རུ་མཚན་བརྒྱད་དང། ལོ་འཁོར་བཅུ་གཉིས་ཀྱི་གར་འཆམ་རྒྱག་གི་ཡོད། དེ་དུས་ལོ་ཆུང་ཞིག་གིས་སྤྲེའུ་ཡི་གདོང་འབག་དང་ཤུབས་གྱོན་ཏེ་ལུས་ཀྱི་རྩལ་རྩེད་སྣ་ཚོགས་བྱེད་ཅིང། རྔ་རོལ་དང་དུང་རྒྱ་འབུད་དཀྲོལ་མཁན་ཚོས་ཞྭ་མོ་འབོག་ཏོ་དང། ཕྲག་པ་གཡོན་པའི་སྟེང་སི་ཤན་ནམ་འབུ་རས་ཀྱི་ལེམ་ལྡེང་ཞིག་གྱོན་སྲོལ། རོལ་མོ་དཀྲོལ་མཁན། རྔ་རྡུང་མཁན་སོགས་ཚང་མ་ཁྱིམ་པ་ཤ་རྟག་ཡིན། གུ་རུ་མཚོ་སྐྱེས་རྡོ་རྗེའི་ཞལ་འབག་གྱོན་མཁན་འཆམ་དཔོན་ལྷ་ཆུ་བཙན་ཁང་གི་སྐུ་བརྟེན་ནས་བྱེད་ཅིང། གུ་རུ་རིན་པོ་ཆེ་དོན་སྐབས་ཚེས་བཅུ་བ་ཚོས།སྤོས་སྣེ་དང། སྤྱན་རྒྱ་གཏོང་བ། འཆམ་པ་བྱིང་རྣམས་མཚན་བརྒྱད་སོ་སོའི་ཞལ་འབག་གྱོན་ཞིང་ཕྱག་མཚན་ཐོགས་ཏེ་འཆམ་རར་གྲལ་བསྒྲིགས་ནས་དོན་གྱི་ཡོད། བུད་མེད་གཞོན་ནུ་མ་གཉིས་ཀྱིས་འཆམ་གོས་དང་འབག་མ་གྱོན་པར་ལྷ་ས་ཁུལ་གྱི་བུད་མེད་གྱི་གཟབ་མཆོར་སྤྲས་ཏེ་གཅིག་གི་ལག་ཏུ་མེ་ཏོག་གིས་རྒྱན་པའི་བུམ་པ་ཞིག་དང། གིཅག་གི་ལག་ཏུ་ཐོད་པ་ཞིག་ཐོག་ནས་གཙོ་བོའི་གཡས་གཡོན་དུ་ཡོང་དི་གཉིས་ལྷ་ལྕམ་མན་ད་ར་བ་དང། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཚུལ་བྱེད་པ། ཁོང་ཚོས་ལྷ་ས་གཙུག་ལག་ཁང་གྱི་ཁྱམས་ར་དང། ཕོ་བྲང་པོ་ཏ་ལ། ནོར་བུ་གླིང་ཁ། ཞོལ་པ་ལས་ཁུངས་ཀྱི་མདུན་བཅས་སུ་འཆམ་རྒྱག་པ་དང། བོད་ས་གནས་སྲིད་གཞུང་གི་བླ་བྲང་ཕྱག་མཛོད་དང། རྩེ་ཕྱག། ཞོལ་པ་ལས་ཁུངས་སོགས་ནས་ཁ་བཏགས་དང་གནང་སྦྱིན་སྤྲོད་སྲོལ་ཡོད། འཆམ་པ་བའི་འཁྲི་ཁུངས་ཐད་དེ་སྔ་གཞོང་པ་ལྷ་ཆུའི་ཚེས་བཅུ་ཚོགས་པ་ཞེས་གཞོང་པ་ལྷ་ཆུའི་ཉེ་སྐོར་དང། གནམ་སྟོད། ཞང་སྟོན། བྲག་སྨད་སོགས་ལུང་པ་ཕུ་མདའ་ཁག་གི་མི་ཚང་ཆེ་ཁག་གི་ཐེམ་དུད་ཉེ་ཤུ་སྐོར་ཡོད་སྐད་དང། སྤྱི་ཞིང་སོན་ཁལ་གསུམ་ཙམ་ཡོད་འདུག་ཀྱང་རྗེས་སུ་ཉུང་དུ་ཕྱིན་ནས་མཐར་ལྷ་ཆུ་བཙན་ཁང་དང། ཟམ་གདོང་ཆུ་འཁོར། སྒྲུབ་ཕུག། བདེ་སྐྱིད་གཞིས་ཀ་སོགས་མི་ཚང་དྲུག་པོ་དེས་གཞོང་པ་ལྷ་ཆུར་ཟླ་རེ་ཚེས་བཅུའི་ཆོ་ག་རེ་གཏོང་གི་ཡོད། སྤྲེལ་ལོ་ཤར་སྐབས་ཚེས་བཅུའི་སྐྱིད་སྡུག་ནས་སྡོང་དཀར་རྫོང་﹙གཞིས་﹚ལ་སྙན་ཞུ་ཕུལ་བ་བཞིན་ལུང་པ་ཕུ་མདར་བཀའ་བཏང་ནས་འཆམ་པ་བསྡུ་རུབ་ཀྱིས་རྒས་གྲས་ཚོས་བྱིས་པ་ཚོར་སློབ་པ་དང། འཆམ་འབག་ཕྱག་མཚན་སོགས་རྩིས་སྤྲོད་ཡོད་པ་ཕུད། དུང་རྒྱ་དང་འཆམ་གོས་རྣམས་སྐྱོར་མོ་ལུང་དགོན་པ་ནས་གཡར་ལམ་ཡོད། གུ་རུའི་ལྷ་ལྕམ་འཁྲབ་མཁན་གཉིས་གསར་བྱུང་གཞིས་དང། རྒྱང་མཁར་གཞིས་ལ་འཁྲི་བ་བཞིན་རྒྱན་གོས་ཀྱང་གཟབ་རྒྱས་གྲ་སྒྲིག་བྱེད་དགོས། འཆམ་པ་བ་ཚོའི་འཚོ་བ་དང། གར་འཆམ་རྒྱག་ཡུལ། སྤྱི་རྫས་དོ་དམ་སོགས་ཀྱི་འཁུར་མཁན་སྤྱི་ཁྱབ་པ་ཞེས་མི་གཉིས་ལ་རོགས་བྱེད་ཁ་ཤས་བྱེད་ཡོད་འདུག།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།
ÕâÊÇ´úÂë